ཁྲུང་ཁྲུང་འཕུར་བའི་ལོ།(ཞར་བཀོད་ལྔ།)

17994




                                    རྩོམ་པ་པོ།  ཙོང་ཁ་ཚེ་བརྟན་རྒྱལ།


            ཁྲུང་ཁྲུང་འཕུར་བའི་ལོ།


 
ནམ་ཟླའི་གོམ་ཁ།
མེ་ཏོག་གི་ཁ་དོག
རེ་རེ་བསམ་ན།
ཁྲུང་ཁྲུང་འཕུར་བའི་ལོ་དེ།
ངས་དྲན་དགོས་བསམ།
དྲན་པའི་ཁྲོད་ཀྱི་མགྲིན་གླུ།
རླུང་གིས་ཁུར་རམ།
བྲག་ཆ་མེད་པའམ་མེད་པ།
སྟོང་སྟོང་སྟོང་སྟོང་ཞིག
ཉི་འོད་ཀྱི་འཛུམ་དམུལ།
སྤྲིན་པའི་གར་སྟབས།
རེ་རེ་མཐོང་ན།
ངས་བརྗེད་དགོས་སྙམ།
བརྗེད་བྱང་ན་ཐོར་བའི་གཤོག་སྒྲོ་འཇམ་པོ།
ཆར་གྱིས་གཤེར་རམ།
འཕུར་རྩལ་ཉམས་པའམ་ཉམས་པ།
སྐྱོ་སྐྱོ་སྐྱོ་སྐྱོ་ཞིག
ན་བུན་གྱི་མཆེ་གཙིགས།
རྩྭི་ཤིང་གི་ཤུ་སྒྲ།
རེ་རེ་ཉན་ན།
ཁྲུང་ཁྲུང་འཕུར་བའི་ལོ་དེ།
ངས་དྲན་དགོས།
ངས་བརྗེད་དགོས།
ཡང་ཡང་མིག་ལ་ཐོགས་པའི་གྲིབ་མ།
གཡང་ལ་ལྷུང་ངམ།
མགྲིན་གླུ་རེ་རེ།
གཤོག་སྒྲོ་རེ་རེ།
འཇགས་པའམ་ཟད་པ།
མག་མོག་མག་མོག་ཅིག

        མདང་དགོང་།


ཡོད་ཡོད་འདྲ་བའི་འཇིག་རྟེན།
ཡང་མེད་མེད་འདྲ།
མུན་ནག་དང་མུན་ནག་གིས།
ཟླ་བ་གང་ལ་ཁྱེར་སོང་།
ཆར་བ་དང་ཆར་བས།
རྣམ་ཤེས་གང་ལ་ཁྲིད་སོང་།
མེད་མེད་འདྲ་བའི་འཇིག་རྟེན།
ཡང་ཡོད་ཡོད་འདྲ།
སྨུག་པ་དང་སྨུག་པས།
ལམ་གང་ལ་སྦས་སོང་།
ཆར་བ་དང་ཆར་བས།
རྨི་ལམ་གང་ལ་སྤྱུག་སོང་།

                        2017/07/21-22

       མིང་མེད།


           – ཁམས་རི་བོ་ཆེའི་བུ་མོ་ཞིག་ལ་བསྐུར་བའི་འཕྲིན་ཡིག




 
ངའི་མིག་ཆུ་ཁྱོད་མིན་པར་སྨོན།
ངའི་བྲེད་ཤ་རེ་རེ་ཁྲོད་ན།
ང་ཤི་སོང་ཞེས།
ནམ་ཡང་གསང་མེད།
མཇལ་འཛོམས་བསམ་ན།
གྱེས་བྲལ་རེད།
གྱེས་བྲལ་མྱོང་ན།
དྲན་གདུང་མིན་འདྲ།
འཁང་ར་ཡིན་འདྲ།
ཐོས་མྱོང་བའི་ཁྱོད་གཅིག
མཇལ་མ་མྱོང་བའི་ཁྱོད་གཉིས།
བར་ཐག་གྱ་གྱུ།
གཏམ་ལ་འཐིམས་ཚུལ།
བརྗེད་ཆོག་གམ།
འདྲེ་འདྲ་བའི་ཁྱོད།

                 2017/08/20-22

        ངས་རང་ཉིད་བརྗེད་ཆོག་གམ།

 
ཁ་སང་ལས་འོང་བའི་ང་།
འཁང་ར་ཞིག
དེ་རིང་ལ་འབྱར་བའི་ང་།
སྨྲེ་སྔགས་ཤིག
སང་ཉིན་ལ་འགྲོ་བའི་ང་།
དངངས་སྐྲག་ཅིག

                     2017/10/13

     རྨི་ལམ་ལས་སད་ཚེ།

 
ཁ་དོག་རེ།
དུས་ཚིགས་རེ།
སེར་པོ་རེ།
སྟོན་ཁ་རེ།
འཁྱམས་པོ་རེ།
མི་ཚེ་རེ།
ངོ་གདོང་རེ།
ཞེད་སྣང་རེ།
གོམ་པ་རེ།
ལམ་བུ་རེ།
མིག་ཟུང་རེ།
མཐའ་མཇུག་རེ།
འཇིག་རྟེན་རེ
མདང་དགོང་རེ།
རྨི་ལམ་རེ།
དབུགས་རིང་རེ།

               2017/10/18

            ས་སྲོད།

 
ཟླ་བ་ཤར་ན་བསམ།
མུན་ནག་ལ་དབང་བའི་ས་སྲོད།
ཡང་བསྐྱར་སླེབས།
ཕ་ཡུལ་ན་ཡོད་སྙམ།
བར་ཐག་ལ་དབང་བའི་ས་སྲོད།
ཡང་བསྐྱར་འཁོར།
རྨི་ལམ་ཏུ་འཛོམས་ན་འདོད།
མིག་ཟུང་ལ་ཉིལ་བའི་ས་སྲོད།
ཡང་བསྐྱར་འཕྲད།

                      2017/10/21-23

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།