ཆུ་ཡི་གཉེར་མ་དང་ལས་ཀྱི་གྲིབ་སོ། (ཞར་བཀོད་གཅིག)

21316


                                            རྩོམ་པ་པོ། གྲོག་མ།


༈ ཆུ་ཡི་གཉེར་མ་དང་ལས་ཀྱི་གྲིབ་སོ།




           སྔོན་འགྲོ།

སྲེད་པའི་མེ་ཆེན་འབར་བའི་གྲོང་ཚོ་རུ།།
དངུལ་གྱི་དྲིལ་བུའི་སྐད་སྙན་ཐོས་པ་མེད།།
རླུང་བུ་བསིལ་བསིལ་ལྡང་བའི་མཚན་མོ་ན།།
འཁུན་སྒྲ་ངར་ངར་བྱེད་པའི་ཕག་པ་མེད།།
ང་ལ་དེ་ལྟར་ལྟོས་དང་དབྱངས་ལྡན་མ།།
ཁྱོད་ཀྱི་སྐུ་ཚེ་རིང་ཐུང་ཅི་ཡང་རུང་།།
མིག་ལ་འོད་དཀར་སྣང་བ་མི་བརྗེད་ཅིང་།།
ཤོང་ཆེན་ནམ་མཁའི་བློ་ཡང་ཨར་ལ་གཏོད།།

           གཅིག

ལ་ལུང་ཀུན་ལ་ལམ་དང་ཟམ་པ་འཐེན།།
ལམ་དང་ཟམ་པ་གཏམ་དང་སྙན་པས་འཐེན།།
གཏམ་སྙན་རེ་རེའི་རྩེ་རུ་བབས་པ་ཡི།།
བྱེའུ་ལྟ་བུའི་ཁྱེད་རང་གང་དུ་ཡོད།།

དུངས་པའི་རི་མོ་གྱང་ལ་མི་འབྲི་རོགས།།
གྱང་རོ་འདི་དག་སྐྱོ་གདུང་འཇག་སྐྱ་འཕྱུར།།
གླིང་བུ་མཛུབ་རྩེར་བབ་པའི་སྐད་ཅིག་མར།།
ང་ཡི་དྲན་པ་ཉམས་ཤིང་རྩ་སྒོ་འགག།

            གཉིས།

བུང་བས་གླུ་དབྱངས་ལེན་པ་མི་ཐོས་སོ།།
རྫི་བོས་གླུ་དབྱངས་ལེན་པའང་མི་ཐོས་སོ།།
སྙིང་ཁ་ཏིག་ཏིག་བྱེད་པའི་སྐལ་ལྡན་མ།།
ཅུང་ཟད་བཟོད་པར་འདུག་གམ་ཕྱིར་ལ་ཤོག།

རྩྭ་སྔོན་ཟིལ་པ་ཁྲོམ་ཁྲོམ་བྱེད་པ་དང་།།
དེ་ལ་ཉི་འོད་ཕོག་པ་མ་མཐོང་ངམ།།
རང་སེམས་སྨུག་པར་འདྲེས་པའི་ཡུ་མོ་འདིས།།
ཤེའུ་གཏན་དུ་བོར་བ་མ་ཚོར་རམ།།

              གསུམ།

ཉི་མ་རྒྱ་མཚོའི་ཕག་ཏུ་ལྷུང་མ་ཐག།
ཟླ་བ་དཀར་པོ་ཡིད་ཀྱི་དགུང་ན་འཕགས།།
རི་བོང་རི་བོང་མ་ཟེར་བྱིས་པ་ཚོ།།
མུན་པ་འདི་ལ་མུན་པའི་གོས་མ་བཟོ།།

མུན་པ་འདི་ལ་མུན་པའི་གོས་བཟོས་ན།།
དབྱངས་དང་གསལ་བྱེད་ཙམ་ཡང་རྟོགས་དུས་མེད།།
ཆུ་སྒྲ་ཤག་ཤག་དེ་ཡང་ཐོས་དུས་མེད།།

               བཞི།

ང་ཡིས་སྐྱེ་བ་བརྒྱ་ལ་ཚུལ་འཆོས་བྱས།།
ཁྱེད་ཉིད་བསྙེན་ཅིང་ཁྱེད་ལ་གསོལ་བ་བཏབ།།
གླེགས་བམ་མཐུག་པོ་བཀླགས་ཤིང་གླེགས་བམ་བརྩམས།།

ང་ཡིས་མི་ལོ་བཅུ་ལ་སྣལ་མ་བཏགས།།
ཁྱེད་ལ་མཆོད་ཅིང་ཁྱེད་ཉིད་སྙིང་ལ་སྒོམ།།
སློབ་མ་སྟོང་ཕྲག་དག་ཀྱང་ཕག་བཞིན་གསོས།།

ཁྱེད་ནི་རི་བོང་བཞིན་དུ་འཇིགས་ཤིང་སྐྲག།
ཁྱེད་ནི་ངོ་ཚའི་དབང་གིས་གབ་ཅིང་བྲོས།།

              ལྔ།

ལྷ་ཡི་ཞལ་རས་གཡོག་པའི་དར་ཟབ་ནི།།
ལྷ་ཞལ་མཇལ་བར་འདོད་པའི་གདུང་བ་ལགས།།
མེ་ལོང་དྭངས་མོའི་རྒྱ་རུ་ཚུད་པ་ན།།
མཛེས་སྒེག་ལང་ཚོ་ཅན་གྱི་ལྷ་མོ་ཡང་།།
མི་མཐོང་ལྐོག་ནས་རྒས་ཤིང་ལྐོག་ནས་འཆི།།

སྐྱོད་གདུང་མཆི་མ་གཞན་ལ་མི་སྟོན་པར།།
སྙན་པའི་དབྱངས་ཀྱི་སྐུད་པ་སྒུལ་ཙམ་བྱ།།
དྲིན་གཟོ་མེ་ཏོག་སྙིམ་གང་གཏོར་ཙམ་བྱ།།

              དྲུག

ཐ་སྙད་བཤིགས་བཞིན་ཚིག་གི་རྩིག་པ་བརྩེགས།།
འོ་མ་འཇོ་བཞིན་སྡིག་པའི་རོ་མཆོག་མྱངས།།
སེམས་ཉིད་དངུལ་གྱི་བུམ་པ་མ་མཇལ་གོང་།།
རྗེ་བཙུན་ཁྱེད་ཀྱིས་ཞལ་རས་འཛུམ་པ་མཐོང་།།

མེ་ཏོག་དང་ནི་སྦྲང་རྩིའི་རྩ་བ་རུ།།
ཆང་དང་ཀུ་ཅོ་མང་པོའི་དྲེག་པ་ཆགས།།

སྤོས་ཀྱི་དུད་སྤྲིན་འཁྱིལ་བའི་ལྷ་ཁང་དུ།།
ཨ་མ་དབྱངས་ཀྱི་བདག་མོས་སྐྱོ་གླུ་འཐེན།།

          བདུན།

ཁང་སྟོང་འདི་ནས་གཅིག་པུར་གར་འཆམ་ན།།
ཁྱོད་ལ་མཐོང་སྣེ་མི་འདྲ་ཅི་ཞིག་བྱུང་།།
ཐང་དཀར་རྒོད་པོ་རྒྱང་དུ་འཕུར་བ་བཞིན།།
ཁོ་ཐག་ནང་ནས་ཆོད་པ་ག་དུས་ཡིན།།

ང་ཡི་དད་དུངས་གཙང་མའི་ལྷག་བསམ་འདིས།།
མེ་ཏོག་ཡང་ཡང་བཞད་ཅིང་འདབ་མ་ལྷུང་།།
མིག་ཀོང་མཆི་མས་བརྣངས་ཤིང་གྲེ་བ་འཚངས།།
ཤོང་ཆེན་ནམ་མཁའི་བློ་ཡང་ཨར་ལ་གཏད།།

             མཇུག་བྱང་།

སྐྱ་ཐག་ཆོད་པའི་གདོང་ལ་བལྟས་བལྟས་ནས།།
སྔོ་ཞིང་དྭངས་པའི་ནམ་མཁའ་ངང་གིས་བརྗེད།།
སྲ་མཁྲེགས་ཕ་བོང་སྟེང་དུ་གནས་བཅས་ན།།
སྐྱོ་ཞུམ་ཝ་མོའི་རྒྱབ་ལའང་གྲ་འཛུམ་རྒྱས།།
ཆོས་པ་རྣམས་ཀྱིས་དེ་ལྟར་དགོངས་ནས་ངུ་།།
སྙན་ངག་པ་ནི་དེ་ལྟར་རྟོགས་ནས་ངུ་།།

བསམ་རྟོག་བྲལ་བའི་བྱིས་པ་རྣམས་དང་ལུ་གུ་རྣམས།།
མ་ཤེས་མ་རྟོགས་སྙིང་རྗེའི་ཡུལ་དུ་གྱུར་ན་ཡང་།།
རྩེ་ཞིང་ལྡིང་བའི་ངང་ཚུལ་བསམ་ན་དགོད་རེ་བྲོ།།


༈ མགུར་མ་བྱ་དང་བྱིའུ་འཕུར།



ཀྱེ་མ་ཀྱེ་མ་བྱ་དང་བྱིའུ་ཚོ།།
ཁྱོད་ཚོ་ཧ་ལམ་མི་དང་འདྲ་བས་ན།།
སྐད་ཆ་ཐ་ཐོར་ཤོད་ལ་གླུ་ཡང་ལོངས།།

ང་ལ་གཡུ་དང་བྱུ་རུ་བྱུང་སོང་ན།།
ཁྱེད་ཚོའི་མགུལ་དུ་རྒྱན་ཆ་སྣ་ཚོགས་འདོག།
ང་ལ་དར་དང་གོས་ཆེན་བྱུང་སོང་ན།།
ཁྱེད་ཚོའི་རྒྱབ་ལ་ཤོམ་ལྭ་སྣ་ཚོགས་བཟོ།།

དེ་ནས་ཁྱོད་ཚོ་དགའ་དགའ་སྤྲོ་སྤྲོ་གྱིས།།
ང་རྒྱལ་དབང་གིས་གནམ་ལ་འཕུར་དང་ཆོག།
ལྗོན་པའི་རྩེ་ནས་གླུ་ཞིག་བླངས་མ་ཐག།
ལྗོན་པ་གཞན་གྱི་རྩེ་རུ་འཕུར་དང་ཆོག།

རྒྱན་ཆ་གཏོར་ཞིང་གོས་ཆེན་རལ་སོང་ན།།
དེ་ནས་ཁྱོད་ཚོ་སྐྱོ་སྐྱོ་སྡུག་སྡུག་གྱིས།།
ཡི་མུག་དབང་གིས་ས་རུ་བོབས་དང་ཆོག།

ང་ལ་ཐོབ་དང་གོ་ས་བྱུང་སོང་ན།།
ཁྱེད་ཚོའི་མགོ་ལ་མཁས་པའི་ཞྭ་མོ་བཟོ།།
རྐུབ་ལ་དཔོན་པོའི་ཁྲི་ཡང་བཟོས་པས་ཆོག།
དེ་དུས་ཁྱོད་ཚོ་ཆེ་ཆེ་འཇིགས་འཇིགས་གྱིས།།

ཅི་ཞིག་མཐོང་ལ་ཁད་ཀྱིས་མཐོང་སོང་ཟེར།།
གང་ཞིག་རྟོགས་ལ་ཁད་ཀྱིས་རྟོགས་སོང་ཟེར།།
འུར་གྱིས་ལུང་པ་འདི་ཡང་གང་བར་གྱིས།།

ནམ་མཁའ་ལངས་བྱུང་ཟེར་ནས་དགོད་དང་ཆོག།
ས་གཞི་རུབ་སོང་ཟེར་ནས་ངུས་དང་ཆོག།
ང་ནི་ཁྱོད་ཚོར་ཅི་ཡང་སུན་དོན་མེད།།


                 2019.4.28


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།