སྙིང་ལགས། (ཞར་བཀོད་གཉིས།)

19522

                                 རྩོམ་པ་པོ། དུ་བ།

          སྙིང་ལགས།

སྙིང་ལགས་ནམ་མཁའི་ངོས་སུ་དྲན་གདུང་བྲིས་ན།།
རླུང་ངམ་ཆར་གྱིས་འཇིག་པའི་སྐྲག་སྣང་ཚོར་ཨང་།།
སྙིང་ལགས་བར་ཐག་ཁྲོད་ནས་ཞེ་འདང་གླེང་ན།།
རྐྱེན་ནམ་དུས་ཚོད་རལ་བའི་སེམས་ཁྲལ་ཆེ་ཨང་།།
སྙིང་ལགས་མི་སེམས་འདི་ལ་མུ་གེ་བྱུང་ནས།།
དྲན་པའི་ལྟོད་ཐག་བཅད་དེ་ཁྱོད་ཕྱོགས་འོང་ན།།
སྙིང་ལགས་མུ་ཏིག་འཐོར་བའི་སིལ་སྒྲ་བཞིན་དུ།།
འོད་ཀྱི་གྲུ་ཤན་གཏོང་ནས་བཞུར་བར་དོགས་ཨང་།།
སྙིང་ལགས་མེ་ལོང་ངོས་ཀྱི་སྨུག་པའི་དབུས་སུ།།
རིང་ནས་ཕྱེ་ལེབ་གཏོང་བའི་ལྷ་མོ་རེད་ཨང་།།
སྙིང་ལགས་མཚན་མོ་ཞིག་གི་ལམ་འགྲམ་ཀུན་ཏུ།།
ལོ་མ་སེར་པོ་གཏོར་བའི་བྱེད་པོ་རེད་ཨང་།།
སྙིང་ལགས་སྙིང་རྫོང་ནང་གི་རབ་གསལ་ཁ་ཡི།།
རྟག་ཏུ་ནུབ་པ་མེད་པའི་ཟླ་བ་རེད་ཨང་།།

            ༢༠༡༩.༤.༦

སྙིང་ལགས་ཐུགས་ཁྲོས་བྱུང་སོང་།


སྙིང་ལགས་ཀྱིས་ནི་གསལ་བཤད་མ་གནང་བར།།
ང་ཡི་མདུན་ཁུལ་ཆར་སྨག་བཤོས་ནས་བྱུང་།།
དེ་དག་ལས་ཀྱང་ཁོ་མོས་ང་ཕྱོགས་སུ།།
མུན་པས་བྲིས་པའི་ཉི་ཟླ་ཟུང་གཅིག་སྤྲད།།
ང་ཡིས་དེ་ཡི་ཐོག་ཏུ་འཇིག་རྟེན་གྱི།།
ཤིན་ཏུ་སྐྱིད་པའི་གཞལ་ཡས་ཁང་ཆུང་ཞིག།
སྣ་ཚོགས་ཤུགས་ཀྱིས་བཀོད་ཅིང་དེའི་འགྲམ་དུ།།
ཁོ་མོ་འདྲ་བའི་ཨུ་དམ་ཝ་ར་ཞིག།
དུས་བཞིའི་སྐྱེ་འཆིའི་ཁྲོད་དུ་ཡང་ཡང་བཏབ།།
དེ་ལྟར་ཡིད་ཀྱི་མེ་ལོང་ནག་པོ་ལས།།
ང་ཚོའི་སེམས་ཀྱང་རྟ་ཕོ་ནག་ནག་བཞིན།།
རབ་རིབ་གཉིས་ཀྱི་ཤར་ནུབ་བར་མཚམས་ནས།།
འཁོར་བས་རྨས་པའི་གླུ་སྐད་ཀྱ་ཀྱུ་ཞིག།
ཤུགས་ཀྱིས་གདངས་སུ་བཞེངས་བ་ཨེ་དྲན་ལགས།།
གདངས་དེ་ཕལ་ཆེར་དོ་ནུབ་བཞེངས་བ་འདྲ།།
དེའི་མི་ཚད་པར་སྙན་ངག་འདི་ཉིད་བཞིན།།
མཚན་གཞུང་ཞིག་གི་དྲན་པ་མག་མོག་ལས།།
ཕྱི་རུ་བརྡོལ་བའི་ཤ་འོད་ཡིན་སྙམ་བྱུང་།།

                   ༢༠༡༩.༤.༢༠ མཚན་དཀྱིལ།

སྐྱེས་པ་གཉིས་དང་བུད་མེད་གཅིག

 
སྐྱེས་པ་གཉིས་ཀྱི་བར་དུ་བུད་མེད་ཅིག།
ཆར་གནག་ཁྲོད་ནས་རྒྱང་རིང་ཆས་པ་དང་།།
གཅིག་དེའི་ལག་ཏུ་རལ་གྲི་ཁྲག་འཐུང་ཞིག།
བུད་མེད་དེ་ཡི་ཁྲག་གིས་ཚོས་པ་དང་།།
གཅིག་དེའི་ལག་ཏུ་ཤོག་གདུགས་སྙི་མོ་ཞིག།
བུད་མེད་དེ་ཡི་དབུ་རུ་ཕིབས་ནས་འགྲོ།
དེ་རྗེས་ཁོ་ཅག་བཞི་མདོ་ཞིག་ཏུ་ཐོན།།
བུད་མེད་དེས་ཀྱང་མིག་མཐའ་བརླན་ཞོར་དུ།།
རལ་གྲིའི་ཐོག་གི་ཁྲག་ལ་ལྟ་ཞོར་དུ།།
སྙིང་ཉེ་ང་རང་དོགས་ཙམ་སྒུག་ཨང་ཟེར།།
དེ་རྗེས་གཅིག་དེས་བདག་གི་ཡིད་འོངས་མ།།
ཁྱོད་རང་བཤུམས་ཚེ་ཡག་པོ་མི་འདུག་ཅེས།།
ལག་ཆུང་ཁྱེར་ནས་གདོང་པ་ཕྱི་ཕྱི་གཏོང་།།
དེ་རྗེས་གཅིག་དེ་གཡུལ་འགྱེད་ཁྲོད་དུ་རྨས།།
གཅིག་དེ་ད་དུང་རྟ་གོང་བུད་བྱས་ནས།།
ཉག་ཁ་ཞིག་ནས་ནག་ཐིག་ཅིག་ཏུ་ཐིམས།།
བུད་མེད་དེ་ཡང་གཡུལ་སའི་འཐབ་མོ་སྟེ།།
གཅིག་དེ་སོང་བའི་རྨིག་སྒྲར་ཉན་ཞོར་དུ།།
ཁྲག་རྣག་ཁྲོད་དུ་ཐང་ལ་འགྱེལ་འདུག་སྐད།།


                    ༢༠༡༩.༥.༤

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།