གཡུལ་ཐང་གི་སྙན་ངག་ཚན་པ་བདུན།

18491


        མེ་ཏོག་རྨས་མ།

 
འཚོ་བ་ནི་བབས་ཆི་ལེར་ཡོད་པའི་རྫིང་ཆུ་ཞིག་ཡིན།
དེའི་ནང་དུ་ལྗན་ལྗིན་དང་རྙོག་མ་བསྲེ་མཁན་ནི།
ཧམ་སེམས་ཀྱི་ལག་པ་མང་པོའོ།།
ལག་པའི་ནང་ལ་མེ་ཏོག་དཀར་སེར་དམར་ལྗང་བཟུང་ཡོད།

མེ་ཏོག་དཀར་པོ་ནི་རྫས་དུད་ཀྱི་མེ་ལྕེས་སྦགས་ཡོད།
མེ་ཏོག་སེར་པོ་ནི་ངོ་ཚའི་མཆིལ་ལུད་ཀྱིས་སྦགས་ཡོད།
མེ་ཏོག་དམར་པོ་ནི་འདོད་སྲེད་ཀྱི་ཁ་རླངས་ཀྱིས་སྦགས་ཡོད།
མེ་ཏོག་ལྗང་ཁུ་ནི་ཞེ་སྡང་གི་མིག་ཆུས་སྦགས་ཡོད་དོ།།

འདི་དག་གིས་ནི།
ཁྱོད་དང་ངའི་འཇའ་ཚོན་རོལ་བའི་ཡིད་ཀྱི་ནམ་མཁའ་ལ།
རབ་རིབ་དང་རྨོངས་འཐོམས་ཀྱི་ཡོལ་བ་འཐེན་པར་བྱེད་དོ།།
ཆུ་བུར་གྱི་མིག་ཟུང་གཉིས་ཀྱང་ལྡོངས་བར་བྱེད་དོ།།

                                         2019.5.2.

           སྨོན་ལམ།


རང་དབང་གི་གླུ་གཞས་དེ་དག
ལམ་གྱི་རི་ཆུ་དག་གི་གསེབ་དུ་སྦས་ཡོད་པར་སྨོན།
འཁྱག་གྲང་གི་མིག་ཟུང་དེ་དག
ཉི་འོད་ཀྱིས་དྲོས་ཏེ་བདེ་དྲོད་ཀྱི་ཁྱིམ་གཞིས་མཐོང་བར་སྨོན།
ན་ཟུག་གི་འཁུན་སྒྲ་དེ་དག
སྤྲོ་སྣང་གི་གླུ་རུ་གྱུར་ཏེ་མཐོ་བའི་གངས་དང་འཇམ་པའི་སྤང་ཐང་ནས་ཐོས་པར་སྨོན།
དྲོན་པོའི་ལག་ཟུང་དེ་དག
གཅིག་ཏུ་འཛོམས་ཏེ་བརྩེ་འདང་གི་འཇིག་རྟེན་གང་དེར་ལག་པས་རེག་ཐུབ་པར་སྨོན།
གཉོམ་དུང་གི་ཚེ་སྲོག་དེ་དག
ཉི་ཟླ་དང་རྒྱ་མཚོའི་པང་ཁུག་ནས་རང་དབང་གིས་ཡང་ཡང་འཛོམས་པར་སྨོན།
འཇིགས་སྐྲག་གི་རྣམ་ཤེས་དེ་དག
ཞི་བསིལ་དང་མཛེས་སྡུག་འཁྱིལ་བའི་ཞིང་ཁམས་དེ་རུ་སླར་ལོག་པར་སྨོན།
ཁྲོམ་ཁྲོམ་བཞུར་བའི་མིག་ཆུ་དེ་དག
རྐང་འོག་གི་ལམ་ཕྲན་དུ་འཐོར་ཏེ་ཁ་བའི་མེ་ཏོག་རྐང་གཅིག་འཁྲུངས་པར་སྨོན།
འཇགས་ཟིན་པའི་གླུ་སྐད་དེ་དག
ཞི་བདེའི་རྒྱ་མཚོའི་ཆལ་ཆིལ་གྱི་སྒྲ་དབྱངས་བཞིན་དུ་སླར་གྲགས་པར་སྨོན།

                                  2019.4.6.

         རེ་འདུན།

 

ང་ཡི་འཇིག་རྟེན་ནི།
དགུ་ཚིགས་བྱེ་བ་ཕྲག་བརྒྱའི་ནང་གི
ཉི་མའི་ཁྱིམ་རྒྱུད་བྱེ་བ་ཕྲག་བརྒྱའི་ནང་གི
ཤིན་ཏུ་ཆུང་བའི་སའི་གོ་ལའི་སྟེང་གི་ལྡུམ་ར་ཆུང་ཆུང་ཞིག་ཡིན་ནའང་།
འདིའི་ནང་དུ་འཁྱིལ་བའི་བརྩེ་དུངས་དང་བག་ཆགས།
སེམས་ཁྲལ་དང་ཆགས་སྡང་སོགས་ནི།
ཞི་བདེ་རྒྱ་མཚོ་བཞིན་འབྱམས་ཀླས་ཤིང་།
མཐའ་མེད་གནམ་འོག་བཞིན་རྒྱ་ཆེ།

ངའི་རེ་བ་ཞིག་ལ།
ནམ་ཞིག་ང་ཡི་རྣམ་ཤེས་ཀྱི་གཤིས་ཡོད་ཚད།
འཇིག་རྟེན་འདིའི་སྟོང་ཆ་རེ་རེའི་ངོ་བོར་གྱུར་ནས།
ཆར་རླུང་གི་ཟོལ་གྱིས།
ཉི་འོད་ཀྱི་ཟོལ་གྱིས།
སྟོང་འཇགས་དང་དབེན་སྣང་གིས་ཁེངས་པའི།
ཞི་བསིལ་དང་མཛེས་སྡུག་གིས་ཁྱབ་པའི།
ང་ཡི་རང་སེམས་བསྙེས་ས་གང་དེའི་ཆ་ཤས་རེ་རེར།
དམ་དུ་འཁྱུད་དེ་འོ་སྦྱོར་བྱེད་ན་འདོད་དོ།།

          

             སོམ་ཉི།



འཇིགས་སྐྲག་གི་ཤུགས་བསྟན་ཞིག་གིས།
ངའི་འདུ་ཤེས་འདི་ཚོད་ཚོད་ལ་དམར་གསོད་བྱེད་འགོ་རྩོམ།
དེ་ནི་ང་ལ་སྡར་ཞད་ཆེན་པོ་ཡོད་པས་ཡིན་ནམ།
ཡང་ན་ཐོག་མ་ཉིད་ནས་ངའི་སེམས་འདི་མཉེན་དྲགས་པས་ཡིན།
ག་རེ་ཡིན་ནམ། ག་རེ་ཡིན་ནམ།
ང་རང་འཇིགས་སྐྲག་སྐྱེ་དོན་ག་རེ་ཡིན་ནམ།

བྲང་ཁོག་ཏུ་གཡུག་པའི་རླུང་དམར་འདི།
ནམ་ཚོད་ལ་འཇགས་ཐུབ་བམ།

ཁྲག་རྒྱུན་དུ་ཁྱབ་པའི་མྱ་ངམ་ཐང་འདི།
ནམ་ཚོད་ལ་ལྗང་མདོག་ཏུ་འགྱུར་སྲིད་དམ།

རུས་རྐང་དུ་ལུས་པའི་དགུན་ཁ་འདིར།
ནམ་ཚོད་ལ་དཔྱིད་ཀྱི་མེ་ཏོག་འབུས་སྲིད་དམ།

    མུན་ནག་ནང་གི་བྱེའུ།

 
ནག་ཐང་ཐང་གི་ས་སྲོད་འདི་ལ།
ངལ་དུབ་ཀྱི་བྱེའུས། ཉམ་ཆུང་གི་བྱེའུས།
འདར་འདར་གྱི་གཤོག་པ་རྐྱོང་གིན།
གཞི་ནས་དྲོད་ཁོལ་གྱི་ཚང་མལ་བསྙེགས།

ཕྱོགས་བཞིར་འཐིབས་པའི།
རྔམས་མཐུག་པའི་མུན་ནག་ན་རེ།

ང་ལའང་བྱེའུ་འདིའི་འཚོ་བ་བཞིན།
རྒྱུ་འབྲས་དང་བརྩེ་དུངས་ཡོད་ན་ཅི་མ་རུང་།
སྙེག་སའི་ཚང་མལ་དང་ཁྱིམ་གཞིས་ཡོད་ན་ཅི་མ་རུང་ཞེས་ཁེར་ལབ་ཤོར།

    འདི་ནས་སད་མི་ཡོང་ངམ།

 
ང་རང་ཆད་སྣང་གིས་གཉིད་དུ་ཡུར་ཐེངས་རེ་རེར།
རྨི་ལམ་ནང་གི་སྐྱེ་འཆི་དང་རྒྱལ་ཕམ་མང་པོས་ང་ལ་ཀུ་རེ་སློང་ཞིང་།
མུན་ནག་གི་ཕྱོགས་བཞི་མཚམས་བརྒྱད་ནས།
ལྐོག་ལབ་དང་མཆི་མ་ཆུ་མིག་བཞིན་དུ་བརྡོལ་ཡོང་།
སྔངས་སྐྲག་གི་འཁུན་སྒྲ་མང་པོ་གཅིག་རྗེས་གཉིས་འཐུད་དུ་ཐོས་ཡོང་།

མིག་ཟུང་ནག་པོ་དང་སྔོན་པོ།
སེར་པོ་དང་ལྗང་ཁུ་ཅན་གྱི་དཀར་དམར་གྱི་ངོ་གདོང་མང་པོས་ང་ལ་ལྐོག་ལྟ་བྱེད་ཅིང་།མཚོན་དང་ནད་ཡམས་ཐོགས་པའི་བཀྲེས་སྐོམ་གྱི་ལག་པ་མང་པོས།
མུན་ཁྲོད་ནས་ངའི་ངོ་གདོང་ལ་ཚོན་རྩི་འདྲ་མིན་བྱུགས་ཡོང་།

སྐབས་རེར་ཁོ་ཚོས་ངའི་མདུན་དུ་གེ་ཐར་གྱི་རྒྱུན་སྐུད་དྲག་ཏུ་དཀྲོལ་ཏེ།
འཚོ་གནས་ཀྱི་སྙིང་པོ་ནི་ཅི་ཞིག་ཡིན་པའི་གཞས་འདྲ་མིན་གཏོང་ཞིང་།

ཡང་སྐབས་རེར་ཁོ་ཚོས་ང་རང་ཁྲག་དྲི་འཁྱིལ་བའི་ལྡུམ་ར་ཞིག་ཏུ་ཞིག་ཏུ་ཁྲིད་དེ།
སྙིང་ནད་སློང་བའི་གསར་འགྱུར་གྱི་ཚགས་ཤོག་མང་པོ་སྟོན།
ཞོར་དུ་ངའི་འདུ་ཤེས་དང་ཐོབ་ཐང་ལ་བཟོ་བཅོས་རྒྱག

ཡིན་ནའང་རང་བྱུང་ཁམས་ཀྱི་ཤུགས་བསྟན་རྫོགས་མེད་ཀྱིས།
ཆོས་ཉིད་དང་དུས་ཚོད་ཀྱིས་འཐག་བཞིན་པའི་རང་ཉིད་ལ།
སྔར་བཞིན་རང་དབང་གི་འདི་འདུ་ཤེས་ཤིག་བསྩལ་ཡོང་།
འོད་ཟེར་དང་བདེ་བ་བསྩལ་ཡོང་།
འདི་ནས་ང་རང་རྨི་ལམ་ལས་སད་མི་ཡོང་ངམ། སད་མི་ཡོང་ངམ།

   མངོན་ཆུང་འཇིག་རྟེན་གང་དེར་ཕུལ་བ།

 
མུན་ནག་ཏུ་ལྷུང་བའི་སྐར་མདའ་་དག་གིས་ཀྱང་།
འཛུམ་དམུལ་དམུལ་གྱིས།
རང་ལུས་ཀྱི་འོད་སྣང་མཐའ་དག
སྟོང་ཁམས་ཀྱི་འཇིག་རྟེན་གང་ཞིག་ཏུ་བསྒྲོན་ཡོད
མཚན་མོ་ཞིག་ལ
ཁྱོད་ཀྱིས་སྣང་ཚུལ་དེར་བལྟས་ནས
ཡིད་ཁམས་སྐྱོ་གདུང་གིས་མནར་སྲིད་དམ

མི་ཚོགས་ཀྱི་ལམ་འགྲམ་དུ་སྐྱེས་པའི
ཉམ་ཆུང་གི་མེ་ཏོག་དག་གིས་ཀྱང
ཉི་འོད་དང་ས་གཞིའི་རྡུལ་ཕྲན་ཁུར་ཏེ
རྒྱུས་མེད་སུ་ཞིག་གི་ཆེད་དུ་ལང་ཚོ་གཏད་ཡོད
ཉིན་མོ་ཞིག་ལ།
ཁྱོད་ཀྱིས་སྣང་ཚུལ་དེར་བལྟས་ནས།
མིག་ཀོང་མཆི་མས་མདན་སྲིད་དམ།

ས་ཆེན་པོའི་པང་དུ་འཁྱིལ་བའི།
རྒྱ་མཚོ་ཡི་རླབས་རྒྱུན་དྲག་པོས་ཀྱང་།
ཆལ་ཆིལ་གྱི་སྒྲ་དབྱངས་བསྣམས་ནས།
རང་བྱུང་གི་མཛེས་སྡུག་གང་ཞིག་གི་ཆེད་དུ།
ཡོད་ཚད་ལ་བསིལ་སྣང་དང་བདེ་བ་ཁྱེར་ཡོང་།
ས་སྲོད་ཅིག་ལ།
ཁྱོད་ཀྱིས་སྣང་ཚུལ་དེར་བལྟས་ནས།
སྐྱོ་གདུང་གི་གླུ་གཞས་ལེན་སྲིད་དམ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།