སྙན་ངག་གི་གཤིས་ལུགས།(ཞར་བཀོད་གཅིག)

12884

                    རྩོམ་པ་པོ། ལྷ་རྩེའི་ཁུ་བྱུག
 

ཐ་སྙད་སྤྲིན་རྡུལ་མ་གོས་ཤིང་།།
གཤིས་ཀྱི་ཟླ་བ་འོད་པོ་ཆེ།།
དབྱིངས་ཀྱི་མཁའ་རུ་མཛེས་པ་ན།།
འོད་དཀར་རི་མོ་ཅི་ཡང་མཐོང་།།

ལྷན་སྐྱེས་ཀུན་དགའི་སྐྱེས་ཚལ་དུ།།
གཡའ་བྲལ་པད་མའི་ལྗོན་པ་ལ།།
ཉམས་ཀྱི་འོད་དང་བསྡེབས་པ་ན།།
བརྗོད་བྲལ་དྲི་བསུང་ཅི་ཡང་འཐུལ།།

ངོ་བོར་གླན་པའི་སྦྲང་རྩིའི་བུ།།
མགྲིན་པ་ཉམས་ཀྱིས་དེད་པའི་ཚེ།།
ཐོལ་བྱུང་གླུ་དབྱངས་དྲི་ཟའི་ངག།
ཀུན་བཟང་ནགས་ཚལ་ཤིག་ཤིག་གཡོ།།

ཀུན་ཁྱབ་འོ་མའི་མཚོ་ཆེན་ངོས།།
ཉམས་བཟང་རླབས་དཀར་རྩེ་མོ་རུ།།
སྙན་འཇེབས་ལུས་དཀར་གཤོག་ཟུང་གིས།།
ཡུན་འདྲིས་རྩེད་འཇོའི་ཟློས་གར་མཐོང་།།

དབྱངས་ཅན་ཁ་ཡི་པདྨོ་དང་།།
གཡའ་བྲལ་ཤེལ་གྱི་པི་ཝང་ལས།།
དབྱངས་ཀྱི་སྦྲང་རྩི་འཐུང་བ་ཡིས།།
རོ་འཛིན་ཁུ་བྱུག་རབ་ཏུ་མྱོས།།

  ༢༠༡༩ ༠༤ ༡༣

             སྙན་ངག་གི་མཛེས་པ།


སེམས་ཀྱི་མཛེས་པ་འོད་ཟེར་དགུ་མདུད་ཡིན།།
བར་ཁུག་རེ་ལ་འཇའ་ཚོན་འབར་གྱིན་ཡོད།།
སྣེ་མོ་རེ་ནས་སྒྲ་དབྱངས་སྒྲོགས་ཀྱིན་ཡོད།།
དོན་དམ་ལྷ་དེ་དབྱངས་ཅན་ཞེས་སུ་གྲགས།།

སྣང་བའི་བཀོད་པ་གསེར་གྱི་དྲིལ་ཆུང་ཡིན།།
སྤྲིན་དང་ཆུ་བོ་དེ་ཡི་རྒྱན་ཆ་སྟེ།།
མེ་ཏོག་བྱ་ཚོགས་གཡེར་ཁའི་སྙན་སྒྲ་ཡིན།།
གཤིས་ཀྱི་ཡུལ་དེ་དོན་གྱི་ལྷ་ཞེས་གསོལ།།

སྣང་སྟོང་ཟུང་དུ་འཇུག་པའི་བརྡ་ཐབས་སུ།།
ཉམས་ཀྱི་མགུར་མ་ཤུད་སའི་མགྲིན་པ་ལས།།
འོད་ཀྱི་སྐད་དང་ཤེལ་གྱི་རྒྱུད་མངས་གཉིས།།
སྒྱུ་འཕྲུལ་འདི་ལ་རིག་བྱེད་གླུ་པ་གྲགས།།

སེང་ལྡིང་ནགས་སུ་རི་དྭགས་སྐྲག་པའི་མིག།
བདུད་རྩི་ལུད་དང་རྨ་བྱ་རྩེན་པའི་ཉམས།།
སྙན་ངག་ལྷ་མོ་ཀུན་བཟང་སྐྱེད་ཚལ་དུ།།
སྦྲང་རྩི་བུ་མོའི་གླུ་ཡང་མཚན་དུ་གསོལ།།

              ༢༠༡༩ ༠༤ ༡༦
                 དཔལ་སྤུངས་བཤད་གྲྭ་ངལ་གསོའི་ཉིན།

   

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།