ས་བུ་ཆེས་བོད་སྒྱུར་བྱས་པའི《གླུ་སྨྲེ་རིང》ཞེས་པ།

15179

      ___གླུ་འདི་ནི་རྒྱ་ནག་གི་སྙན་ངག་མཁན་པོ་པེ་ཅུ་ཡེའམ་པེ་ཤུལ་བདེ་ལྷོད་འཚོ་ཡིས། རྒྱ་རྗེ་ཐང་ཞེན་ཙོང་དང་ལྷ་ཅིག་ཡཱང་བཟའི་བརྩེ་དུངས་ལ་གཞི་བྱས་ནས་མཛད་པ་ཞིག་ས་བུ་ཆེས་བོད་ཡིག་ཏུ་ཕབ།
 
ཆགས་ལྡན་རྒྱ་རྗེས་རྒྱལ་འཁོར་འདུད་མ[1]་སེམས།  །
ཁམས་གསུམ་ལོ་མང་བསྒྱུར་ཀྱང་འདོད་མ་འགྲུབ། །
དེ་ཚེ་ཡཱང་ཚང་བུ་མོ་གསར་སྨིན་མ། །
གབ[2]་ཏུ་གནས་ཀྱང་གཞན་གྱིས་མཐོང་མ་ཡིན། །
 
འོན་ཀྱང་མཚར་སྡུག་རང་གིས་དོར་དཀའ་བར[3]། །
ཉིན་གཅིག་རྗེ་བོའི་ཟུར་ཏུ་བདམས་ཤིང་བཞུགས། །
ཕྱིར་འཁོར་སྤྱན་འཛུམ་གཅིག་ལས་མཛེས་བརྒྱ་སྤྲོ། །
འཁོར་དྲུག་ཟུར་མོའི་སྤྲོས་མདོག་ཟིལ་གྱིས་གནན། །
 
དཔྱིད་ལྷགས་དཔལ་ཆེན་རྫིང་ལ་ཞབས་ཀྱིས་བཅགས། །
དྲོད་འཇམ་ཆབ་ཀྱི་ཐིགས་པས་ཞག་དཀར[4]་འཁྲུད། །
འཁོར་མོས་འདེགས་ན་ཤུགས་མེད་མཉེན་ཚུགས་བསྒྱུར། །
དང་མ་རྒྱལ་པོས་ཐུགས་བྱིན་བསྩལ་ཚུལ་ཡིན། །
 
མགོ་སྐྱེས་སྤྲིན་ལ་གོམས་སྙན་སྐྲ་རྒྱན[5]་གཡོ། །
མེ་ཏོག་ཞལ་ལྡན[6]་པད་མའི་གུར[7]་ལ་ཕེབས། །
འོན་ཀྱང་དབྱར་གཟིམ་ཐུང་བས་ཉི་མ་མཐོ། །
ད་ནི་རྒྱལ་པོས་སྔ་ཚོགས་བརྗེད་ཀྱང་ཆད། །
 
བཀའ་ལེན་སྲི་ཞུ་མང་བས་ཁོམ་སྐབས་མེད། །
དཔྱིད་སྐྱིད་མཉམ་ཏུ་འགྲོགས་ཀྱང་མཚན་སྐྱིད་སྡེབ། །
རྒྱལ་པོའི་འཁོར་ཏུ་མཆོག་མཛེས་སྟོང་ཕྲག་གསུམ། །
སྟོང་ཕྲག་གསུམ་གྱི་གཅེས་ནི་གཅིག་ཏུ་བསྡུས། །
 
གསེར་ཁང[8]་ལྷུན་གྲུབ་མཚན་གང་ཞབས་ཞུ་འཇོ། །
གསོལ་བ་ཁབ་ནས་བཞེས་འཕྲལ་ཆང་མཆོད་བཤམས། །
མིང་སྲིང་ཕུ་ནུ་ཀུན་ལ་དཔོན་གཞིས་ཐོབ། །
ཨ་ཙི་ཡིད་སྨོན་གཟི་འོད་དུད་འདིར་འཕྲོས། །
 
དེ་ལྟར་ཉི་འོག་ཕ་མའི་སེམས་ལ་ནི། །
བུ་ནི་མི་དགའ་བུ་མོ་སྐྱེས་ན་སྤྲོ། །
དཔལ་ཆེན་མཁར་གྱི་རྩེ་མོ་སྤྲིན་ལ་རེག །
ཚངས་པའི་དབྱངས་ཀྱི་སྒྲ་སྙན་རླུང་གིས་བསྐྱོད།  །
 
གླུ་གར་དལ་ལ་པི་ཝང་གླིང་བུ་སྙན། །
རྒྱལ་པོས་ཉིན་ལྟར་གཟིགས་ཀྱང་ཐུགས་མི་ཚིམ། །
གློ་བུར་ཟིང་འཁྲུག་དམག་རྔས་ས་གཞི་གཡོམ[9]། །
འཇའ་ཚོན་གོས་བཟང་རོལ་མོ[10]་ཐོལ་ཏུ་དཀྲོགས། །
 
དགུ་སྐོར་ལྕགས་ཀྱི་མཁར་སྒོ་དུད་ཀྱིས་གཡོགས། །[11]
རྒྱལ་འཁོར་སྐྱ་མི་སྟོང་ཕྲག་ལྷོ་བྱང་ལ། །
བྲོས་ཤིང་བྱང་གི་ལེ་བར་བརྒྱ་ཙམ་ནས། །
གཡུ་འོད་བ་དན་དག་གི་འགུལ་མཚམས་བཞག །
 
སྐུ་སྲུང་རུ་དྲུག་དམག་གིས་གྱེན་སྡིགས་ཀྱིས། །
ལྷ་ཅིག་སྒེག་མའི་སྤྱན་གཉིས་འདི་རུ་བཙུམ། །[12]
གཙུག་ཏོར་གསེར་གྱི་མེ་ཏོག་རྨ་བྱའི་སྒྲོ། །
གཡང་ཏྲི་ས་ལ་ལྷུང་ཡང་སྒུམ་མཁན་མེད། །
 
མི་རྗེས་སྤྱན་ཆབ་བསིལ་མོད་སྐྱོབ་ཐབས་བྲལ། །
ཕྱིར་གཟིགས་ལྷ་ཅིག་སྤྱན་ཆབ་ཁྲག་དང་བཞུར། །
ས་རྡུལ་ཕྱོགས་མཐར་གཡོ་ཞིང་འཁྱག་རླུང་འཚུབ། །
དུ་སྤྲིན་འཁྲི་བའི་ལམ་འཕྲང་དགག་སྒོར་ཐུག །[13]
 
ཐུར་གཟིགས་རི་མཐོའི་འདབས་སུ་ལམ་འགྲོ་ཉུང་། །
རྒྱལ་མཚན་མུན་ཏུ་འཐུམ་ཞིང་ཉི་འོད་རུབ།  །
ས་མཐའི་གཙང་རགས་རི་སྒང་ལྗང་ཐིང་ཐིང་། །
རྗེ་བོའི་དྲན་གདུང་མནར་གཅོད་ཉིན་མཚན་དུ། །
 
བཞུགས་སྒར[14]་ཟླ་བའི་འོད་སྣང་སེམས་སྡུག་མདངས། །
ཆར་འོག་མཚན་མོའི་དྲིལ་སྒྲ་ཡིད་སྐྱོའི་སྐད། །
ཉིན་གཅིག་གནམ་ཉི་རེས་འཁོར་ཆིབས་ཁ་བསྒྱུར། །
གནས་འདིར་ཐོན་ཚེ་གོམས་ཁ་དབང་མེད་དལ། །
 
ས་རྡུལ་ཕུང་པོ་བྱས་པའི་ཁ་འོག་ན། །[15]
ཞལ་པད་མི་མཐོང་འདས་མོའི་དུར་གནས་སྟོང་། །
རྒྱལ་བློན་ཕན་ཚུན་མཐོང་ན་གོང་བ་བརླན། །
རྒྱལ་ས་ནུབ་ནས་གཟིགས་པས་སྲབ་མདའ་མངགས། །
 
རྫིང་དང་སྐྱེད་ཚལ་སྔར་ལྟར་འགྱུར་བ་མེད། །
ལྷ་ཆབ་རྫིང་པད་རྫོགས་མེད་མཁར་གྱི་ལྕང་། །
པད་མ་ཞལ་འདྲ་ལྕང་ལྕུག་སྨིན་མ་བཞིན།།[16]
འདི་དག་མཐོང་ན་སྤྱན་ཆབ་ཅིས་མི་ཤོར། །
 
དཔྱིད་རླུང་སྡོང་མགོའི་མེ་ཏོག་བཞད་པའི་དུས། །
སྟོན་ཆར་ནགས་ཀྱི་ལོ་འདབ་ལྷུང་བའི་སྐབས། །
གཟིམ་ཆུང་ལྷོ་ནུབ་གཉིས་ལ་རྩྭ་ལྡུམ་འཁྲུགས། །
གོམ་སྟེགས་ལོ་མས་གཡོགས་ཀྱང་འཕྱག་པ་མེད། །
 
ནང་མའི་གཞས་མཁན་དག་གི་མགོ་སྐྱེས་དཀར། །
ཟུར་ཁང[17]་གཡོག་འཁོར་རྣམས་ཀྱི་གཞོན་ཉམས་རྒས། །
ས་རུབ་མེ་འཁྱེར་དག་གིས་ཕོ་བྲང་སྐོར། །
དྲན་བྱུང་སྒྲོན་མེའི་སྐུད་འཇོག[18]་མནལ་མ་གཟིམ། །
 
དལ་དལ་དུས་ཀྱི་ཅོང་བརྡས་མཚན་རིང་བསུས། །
གསལ་གསལ་དགུ་ཚུགས་འོད་ཀྱིས་སྐྱ་རེངས་འདྲེན། །
ཁ་སྤྲོད་ངང་པའི་ཕ་གུ[19]ར་བ་མོ་ལྗིད། །
གྲང་ངར་གཡུ་བྱའི་མལ་གོས[20]་སུ་དང་ལྷན། །
 
འཆི་གསོན་གྱེས་པའི་ནམ་ཟླ་རིང་ན་ཡང་། །
རྨི་ལམ་ཞིང་ཏུ་རྣམ་ཤེས་འཁོར་བ་མེད། །
ཡུལ་མཐའི་ཏའོ་གཤེན[21]་རྒྱལ་སའི་མགྲོན་དུ་ཕེབས། །
བླ་འགུགས་རྣམ་ཤེས་འབོད་པའི་གྲུབ་པ་ཐོབ། །
 
རྒྱལ་པོའི་དྲན་གདུང་གཉིད་ཡུར་སེལ་བའི་ཆེད། །
བཀའ་ཡིས་ཕབ་ཏེ་གཤེན་དེར་འཚོལ་ཏུ་མངགས། །
རླུང་ལ་དབང་བསྒྱུར་གློག་ལྟར་མྱུར་མགྱོགས་ཆེ། །
གནམ་ལ་གཤེགས་ཤིང་འོག་གི་ཡུལ་ཏུ་འཛུལ། །
 
ལྷ་ཡུལ་གཡུ་ཐང་མན་དང་བྱེ་ཆུ[22]འི་ཡན། །
མཐའ་ཡས་ཁམས་དེ་གཉིས་ན་མཐོང་ཐོས་མེད། །
གློ་བུར་རྒྱ་མཚོའི་དབུས་ནས་སྤྲིན་འཛིན་མཐོང་། །
རབ་རིབ་སྟོང་བའི་ཡུལ་དུ་ས་གཞི་འཆིང་། །
 
ཐོག་ཁང་མཆོག་མཛེས་མདོག་ལྔའི་ཆུ་འཛིན་འཕྱུར། །
དེ་ལ་ལྷ་བུ་ལྷ་མོ་སྒེག་ལྡན་ཚོགས། །
དེ་ལས་ཡེ་བདེན[23]་མཚན་ཅན་ལྷ་མོ་ནི། །
ཤ་དཀར་ཞལ་མཛེས་ལྷ་ཅིག་འདྲ་བ་ཡོད། །
 
གསེར་གྱི་ཁང་བཟང་གཡང་ཏྲིའི་སྒོ་ལ་རྡུང་། །
གཡང་ཆུང་མ་ནས་ལྷན་གྲུབ་མ་ཡིས་ཞུས། །[24]
རྒྱ་རྗེའི་ཕོ་ཉ་སླེབས་པ་ཐོས་ཙ་ན། །
དགུ་སྦྲེལ་དཔལ་བེའུ་གུར[25]་ནས་རྨི་ལམ་སད། །
 
གོས་མནབས་སྔས་འབོལ་གཡུགས་སྟེ་ཡར་ལ་བཞེངས། །
མུ་ཏིག་ཡོལ་དང་དངུལ་བཅད[26]་རིམ་གྱིས་ཕྱེས། །
སད་མ་ཁད་ཕྱིར་མགོ་སྐྱེས་ཅུང་ཙམ་ཡོ། །
གཙུག་རྒྱན་ཁྲ་མཛེས་གསེག་བཞིན་ཚོམས་སུ་བྱོན། །
 
ལྷ་གོས་རླུང་གིས་བསྐྱོད་ན་ལྡམ་མེ་ལྡེམ། །
འཇའ་ཚོན་གོས་བཟང་རོལ་མོ་འཁྲབ་དང་མཚུངས། །
གཡང་ཏྲིའི་གདོང་ལ་སྐྱོ་བའི་སྤྱན་ཆབ་ནི། །
ལི་ཤིང་མེ་ཏོག་འདབ་ལ་ཆར་བབ་འདྲ། །
 
དུངས་ལྡན་སྤྱན་གཟིགས་བཅས་དང་བཀའ་དྲིན་ཞུས། །
གྱེས་ནས་སྐད་ཐོས་ཞལ་མཇལ་གང་ཡང་མེད། །
ཉི་གསལ་ཕོ་བྲང[27]་ནང་གི་དགའ་བརྩེ་རྫོགས།
ཚང་ཚིང་ལྷ་རི་ཞིང[28]་ན་ལོ་ཟླ་རིང་། །
 
ས་སྟེང་མི་ཡི་ཡུལ་ལ་ཐུར་ལྟ་ཚེ། །
རྒྱལ་ས་ཁྲང་ཨན་མ་མཐོང་སྨུག་པས་བཏུམ། །
དུངས་སེམས་གཟབ་མོ་མཚོན་པའི་དྲན་རྟེན་དུ། །
གསེར་བཟོས་སྐྲ་འཛེར་མུ་ཏིག་ཁྲ་ཅན་སྐུར། །
 
འཛེར་གཉིས་ཁ་གཏོར་སྒམ་ཆུང་གཉིས་སུ་བགོས།  །
གསེར་ནི་ཕྱེད་བྱས་ཁྲ་ཡང་ཁ་ཁར་བཅད། །
སེམས་གཉིས་གསེར་ལྟར་འགྱུར་བ་མེད་གྱུར་ན། །
མི་ཡུལ་ལྷ་ཡུལ་ཕྱེས་རུང་མཇལ་འདྲ་གསུང་། །
 
འགྲོ་ཁར་གདུང་ཤུགས་དྲག་པོས་ཚིག་གསུམ་བཟློས། །
སྔ་ཚེ་སེམས་གཉིས་མཐུན་པའི་དམ་བཅའ་ནི། །
ཟླ་བདུན་ཚེས་བདུན་ཚེ་རིང་ལྷ་ཁང་ནས། །
མཚན་ཕྱེད་ཁུ་སུམ་ལུས་པའི་སྙིང་གཏམ་ལ། །
 
གནམ་འཕང་གཅད་ན་གཤོག་འགྲན་བྱེའུ་ཆུང་བྱེད། །
ས་ལ་གནས་ན་རྩ་མཐུན་སྡོང་ཤིང་བྱེད། །[29]
གནམ་སའི་རྟེན་ལ་འཇིག་པའི་དུས་ཡོད་མོད། །
སྨྲེ་བའི་གླུ་འདི་རིང་རིང་རྫོགས་དུས་མེད། །  

                     མཆན།

1] རྒྱལ་འཁོར་འདུད་མ་ནི་རྒྱ་ནག་སྐད་ཀྱི་མཛེས་མའི་མངོན་བརྗོད་དེ། རྒྱ་ནག་གི་སྙན་ངག་ཏུ་མཛེས་མའི་སྒེག་ཉམས་ལ་ཕྱིར་མིག་དང་པོས་གྲོང་འཁོར་འདུད། ཕྱིར་མིག་གཉིས་པས་རྒྱལ་འཁོར་འདུད་ཅེས་ནས་རབ་གཏགས་བྱེད་དར་བ་ཡིན།[2] གབ་ནི་གབ་ཁང་སྟེ་རྒྱ་ནག་གི་སྲོལ་ལ་མོ་གསར་ཁྱིམ་ཕུག་གི་སྡོད་ཤག་ཏུ་གབ་བྱེད་པ་ཡིན།[3] མཚར་སྡུག་རང་གིས་དོར་དཀའ་བ་ནི། བུ་མོ་འདི་ཤིན་ཏུ་མཛེས་པས་རང་གིས་ཀྱང་མཛེས་པ་འདི་སྦས་ནས་ཁྱིམ་ཏུ་གནས་མི་གཟོད་པར་གྱུར་ཡོད་པ་བཤད་པ་ཡིན་ནོ། །[4] ཞག་དཀར་ནི་ཤ་མདོག་དཀར་པོའི་དོན། སྐུ་ཤ་ཞག་དཀར་ཆགས་དང་མཚུངས་བྱ་བ་རྒྱ་ཡི་གནའ་རབས་སྙན་ངག་ཏུ་བྱུང་ངོ་། །[5] གོམས་སྙན་སྐྲ་རྒྱན་ནི། གསེར་དངུལ་སྐྲ་རྒྱན་གྱི་ལྕུག་མ་གོམས་པ་དང་བསྟུན་ནས་སིལ་སྒྲ་སྙན་མོ་གྲགས་པ་ཡིན་པས་མིང་དེ་ལྟར་ཐོགས་སོ། །[6] མེ་ཏོག་ཞལ་ལྡན་ནི་ཡཱང་བཟའི་ཞལ་ནི་མེ་ཏོག་དང་འདྲ་བར་བརྗོད་པ་ཡིན།[7] པད་མའི་གུར་ནི་པད་མའི་རི་མོ་བྲིས་ཡོད་པའི་གུར་ཁང་ངོ་། །[8] ཧན་རྒྱལ་པོས་གསེར་གྱི་ཁང་པ་བཞེངས་ནས་བཙུན་མོ་བཞེས་པའི་གཏམ་རྒྱུད་ཡོད་པ་གཡར་ནས་ཐང་ཞེན་ཙོང་གིས་ཡཱང་བཟའ་ལ་ཕོ་བྲང་བཞེངས་ཚུལ་བརྗོད་པ།[9] ཨན་ལུ་སན་བྱ་བས་ཟིང་འཁྲུག་བསློང་བས་རྒྱ་རྗེ་དང་ཡཱང་བཟའ་འཁོར་བཅས་བཙན་བྱོལ་བྱེད་དགོས་བྱུང་།[10] འཇའ་མཚོན་གོས་བཟང་རོལ་མོ་ནི་ཡུ་གུར་བརྒྱུད་ནས་རྒྱ་ནག་ཏུ་དར་བའི་རོལ་མོ་ཞིག་ཡིན། མིང་གཞན་ལ་ཚངས་པའི་རོལ་ཆེན་ཀྱང་ཟེར།[11] ལྕགས་མཁར་དགུ་སྐོར་ནི་རྒྱ་སྐད་ཀྱི་རྒྱལ་པོའི་ཁབ་ཀྱི་མངོན་བརྗོད། འདི་ནས་རྒྱལ་ས་ཁྲང་ཨན་མཚོན།[12] མ་ཝེ་སྒང་ཟེར་བའི་ས་ཆ་དེ་ནས་དམག་དཔོན་ཁྲིན་ཞན་ལི་ཡིས་འོས་ལངས་བྱས་ཏེ་རྒྱལ་པོའི་བློན་ཆེན་གསད་པར་མ་ཟད། རྒྱལ་བོར་བཀའ་ཕབ་ཏུ་བཅུག་ནས་ལྷ་ཅིག་ཡཱང་བཟའ་རང་འཆི་བྱེད་དགོས་ཐུག །[13] བཙན་བྱོལ་བྱེད་པའི་ལམ་བར་ན་རལ་གྲི་དགག་ཟེར་བའི་ས་ཆ་ཞིག་ཡོད།[14] སྐབས་དེར་རྒྱ་རྗེའི་བཞུགས་སྒར་སཱུའི་ཡུལ་ཏུ་བྱས།[15] ཟིང་འཁྲུག་འཇགས་ནས་ཕྱིར་ལ་ལོག་སྐབས། རྒྱ་རྗེས་ཡཱང་བཟའི་དུར་ས་གནས་གཞན་དུ་སྤོས། །[16] སྐྱེད་ཚལ་གྱི་པད་མ་དང་ལྕང་ལོ་ལྷ་ཅིག་གི་ཞལ་དང་སྨིན་མར་འདྲ་བས་དེ་དག་མཐོང་བས་རྗེ་བོའི་དྲན་པ་སློང་།[17] ཟུར་མོ་སྡོད་སའི་ཁང་བ།[18] རྒྱ་ནག་གི་སྒྲོན་མེའི་མེ་སྐུད་ལ་སྲོག་ཤིང་མེད་པས། རེ་ཞིག་ཟིན་ཚེ་བསླར་ཡང་སྐུད་པ་འཇོག་དགོས་པ་ཡིན།[19] ཕ་གུ་ཁ་སྤྲོད་བྱས་ནས་སྒྲིག་ཡོད་པ་དེ་ངང་པ་ཕོ་མོ་ལ་དཔེ་བླངས་བ།[20] གཡུ་བྱ་ཕོ་མོའི་རི་མོ་ཕབ་ཡོད་པའི་མལ་གོས།[21] རྒྱ་ནག་གི་བོན་ཆོས་ཏའོའི་གྲུབ་མཐའ་འཁྱེར་མཁན་གྱི་གཤེན།[22] གཡུ་ཐང་ནི་ཏའོ་ལུགས་སུ་བཤད་པའི་གནམ་གྱི་རིམ་པ་དང་པོ་དང་། བྱེ་ཆུ་ནི་ནང་ཆོས་ནས་བཤད་པའི་དམྱལ་བའི་ས་མཚམས་ཀྱི་བྱེ་ཆུ་ཁམ་པ་རབ་མེད་དེའོ། །[23] ཏའོ་ལུགས་ཀྱི་མིང་ཞིག་ཡིན་ཏེ་འདི་ནས་ལྷ་ཡུལ་གྱི་ཡཱང་བཟའི་སྐྱེས་བ་ལ་གོ །[24] གཡང་ཆུང་མ་དང་ལྷུན་གྲུབ་མ་ནི་རྒྱ་ནག་གི་ལྷ་སྒྲུང་ནང་གསལ་བའི་ལྷའི་གཡོག་མོ་ཡིན་ལ། འདི་ནས་ཡེ་བདེན་གྱི་གཡོག་མོ་ལ་གོ་བར་བྱ།[25] གུར་ནི་མལ་ཁྲི་ལ་ཡོལ་བ་གཡོགས་ནས་གུར་ལྟར་བྱས་པ་ལ་གོ །[26] མུ་ཏིག་རྒྱུན་ནས་བཟོས་པའི་ཕྲེང་ཡོལ་དང་དངུལ་གྱིས་བཟོས་པའི་ཁང་ཤག་ཀྱི་བཅད་ཡོལ།[27] ཧན་རྒྱལ་རབས་ཀྱི་རྒྱལ་མོའི་ཕོ་བྲང་གི་མིང་། འདི་ནས་ཡཱང་བཟའི་ཕོ་བྲང་ཚབ་པ་ཡིན།[28] རྒྱ་ནག་གི་ལྷ་སྒྲུང་དུ་གསལ་བའི་མཚོ་དབུས་ཀྱི་རི་བོ་ཚང་ཚིང་ཅན་ནི་ལྷ་ཡི་བཞུགས་གནས་ཡིན་པ་གྲགས།[29] སྔ་ཚེ་རྒྱ་རྗེ་དང་ཡཱང་བཟའ་གཉིས་ཀྱིས་ཚེ་རིང་ལྷ་ཁང་ནས་འདི་ལྟར་དམ་བཅའ་བཞག་པའི་གཏམ་རྒྱུད་ཡོད།    

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།