དུང་རུ་ཚེ་དབང་གི་སྙན་ངག

7669

 དངོས་མིང་ལ་ཚེ་དབང་སྟོབས་རྒྱལ་དང་པིར་མིང་ལ་དུང་རུ་ཚེ་དབང་དུ་འབོད། ཕ་ཡུལ་མདོ་ཁམས་ཆབ་མདོ་རི་བོ་ཆེ་ནས་ཡིན། ཆུང་དུས་དགོན་པའི་སློབ་གྲྭར་འགྲིམས་ཤིང་། དེ་ནས་བླ་རུང་སོགས་བཤད་གྲྭ་འགའ་ནས་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། ད་ལྟ་རྩོམ་རིག་ཚགས་པར་ཞིག་གི་རྩོམ་སྒྲིག་པ་བྱེད་མུས་སུ། ཁྲིན་ཏུའུར་དཔེ་རྙིང་དག་སྒྲིག་གི་བྱ་བ་གཉེར་གྱིན་ཡོད། སྔར<ཕྱེ་མ་ལེབ>རྩོམ་རིག་ཚགས་པར་དང་། <མི་རིགས་ཀྱི་རྩོམ་རིག><མཆོད་མེ་དྲ་བ><རྫ་ཆུའི་རླབས་སྒྲ>སོགས་སུ་རྩོམ་ཡིག་མང་དུ་བཀོད།

སྒྲུབ་གནས་བྲག་ཡེར་པར་སྦྱར་བ།

 
སྤྲིན་པ་མཐོ་ཞིང་དེའི་འོག་རི་ལུང་བདེ།།
རྩྭ་རྐང་འདར་ཙམ་འཁན་དཀར་དྲི་ཞིམ་ལྡང་།།
ཀྱོག་ཀྱོག་ལམ་ཕྲན་བྲག་དཀར་ཐེམ་པ་ཅན།།
ཡེར་པའི་གནས་མཆོག་མཇལ་བ་ཙམ་གྱིས་ཀྱང་།།
དབུས་སྐོར་ཕྱིན་པར་དོན་གོ་ཆོད་པ་བྱུང་།།

ལན་ཅིག་ནམ་མཁར་བལྟས་པའི་སྐད་ཅིག་མར།།
མཁའ་འགྲོའི་རྔ་ཆུང་ཏིང་ཏིང་གྲགས་པའི་འོག།
རིག་འཛིན་སྟོང་གིས་རལ་པ་བཤིགས་གྱུར་ཅིང་།།
དགྱེས་འཛུམ་མེ་ཏོག་ཕན་ཚུན་ལེན་བཞིན་དུ།།
བུ་ཁྱོད་ཡོང་ངམ་ཞེས་སུ་བོས་སྣང་བྱུང་།།

ཡུམ་གྱིས་ཕྱི་ཕྱག་དང་བཅས་སྨོན་ལམ་བཏབ།།
ཞེ་སེམས་གནས་འདིར་ལུས་ཞེས་སྐད་ངག་འདར།།
སྐབས་དེར་རྒོད་པོ་ཁྱུ་གཅིག་ཐར་ཐོར་ངང་།།
ནུབ་ཕྱོགས་ནམ་མཁའི་དབྱིངས་ནས་ཚུར་འོངས་ཏེ།།
དལ་བ་དལ་བུར་ཡེར་པའི་བྲག་རྩེར་བབས།།

ངལ་བའི་རྐང་པ་འོག་གི་ལམ་ཕྲན་གྱི།།
ཐེམ་པ་རེ་རེ་རྒྱབ་ཏུ་བསྐྱུར་བའི་དུས།།
ཅི་ཞིག་ལྟར་སྟས་སེམས་ནི་བློང་བློང་པོར།།
སྔུན་གྱི་ལམ་བུ་རི་འདབས་གྲོང་གི་ཕྱོགས།།
ཇི་ལྟར་འཐེན་པའང་མིག་ནི་རབ་རིབ་གྱུར།།

མི་ཚེའི་ཐག་སྣེ་ལས་ཀྱི་ལག་པའི་རྩེར།།
བཏགས་ནས་འཁོར་བའི་མཚོ་ཆེན་འཇུག་པ་ཡི།།
ལུས་ཀྱི་གྲུ་འདི་ཞིག་པར་མ་གྱུར་བར།།
ཚེར་གསེང་མེ་ཏོག་འཐུ་དགོས་དེ་ལྟ་ནའང་།།
ནམ་ཞིག་སེམས་ཀྱི་རི་ཁྲོད་ཟིན་པར་ཤོག།

                              2019.2.21

སྤོ་བོ་འདས་ནས་ལོ་ངོ་ཅུང་འགོར་རྗེས་སླར་ཡང་རྨོ་མོ་འདས་པར་ཕུལ་བ།

 
དེའུ་འབུར་དེའི་སྟེང་ཁྱེད་གཉིས་སྔ་ཕྱིར་གཤེགས།།
ལམ་ཕྲན་གཡས་གཡོན་རྡེའུ་དཀར་ཚོམ་བུ་འཁོད།།

སྐད་ཆུ་གཡས་འཁོར་བྱེད་ཅིང་གཡོན་འཁོར་བྱེད།།
བྱ་རྒན་གཤོག་པ་འདར་བཞིན་བྱང་དུ་འཕུར།།

ཕྱི་དྲོའི་གྲིབ་སོ་གློ་བུར་རི་སྐེད་བསླེབས།།
དུར་ཁང་སྟེང་འོག་རྩྭ་སྔོན་གྲུ་གང་སྐྱེས།།

སྐྱོ་བའི་མི་ཚེ་སྤང་སྣེའི་མེ་ཏོག་འདྲ།།
ནམ་དུས་འཐོར་འགྲོ་སུས་ཀྱང་ཤེས་པ་མེད།།

ཀྱེ་མ་ཀྱེ་མ་ཆོས་ཉིད་སྲིན་མོའི་གར།།
ཚེ་ཡི་རླུང་སྣེར་སྒྱུར་བཞིན་སྒྱུར་བཞིན་འོང་།།

   སྤོ་བོ་དང་རྨོ་མོ་འདས་པར་ཕུལ་བ།

 
ཨ་ཕས་སྒོམ་པ་༡ཁྲིད་དེ་རི་ཟོམ་འཛེགས།།
ཁྱེད་རང་གཉིས་ལ་ཐ་མའི་མལ་ས་བཙལ།།

ཁ་ཆེམས་ཁྲོད་ནས་ཉི་ཁུག་དུམ་རེ་རྙེད།།
ཨ་ཕས་མགོ་བོ་སྒུར་གྱིན་ས་དོང་བཤངས།།
སྔ་མ་དགུན་ཡིན་ས་ངོས་ཅུང་ཞིང་འཁེངས།།
ཕྱི་མ་དཔྱིད་ཡིན་རྩྭ་སྔོན་དམ་དུམ་སྐྱེས།།

སྒོམ་ཆེན་འདོན་རྟས་སེམས་ལ་ཟུག་རྔུ་སློང་།།
གསོལ་འདེབས་འཆོར་ཞིང་སྨྲེང་བས་གདོང་པ་སྐྱུར།།

རིང་རིང་ཐུང་ཐུང་མི་ལོ་བཅུ་ཕྲག་ནང་།།
ཁང་སྐྱིབས་གཅིག་འོག་ཟས་ཆུ་མཉམ་དུ་བསྐོལ།།
སྐྱིད་སྡུག་ལག་ཟུང་གཅིག་གཅིག་བསྲོ་རེས་གནང་།།
ཚེ་གཅིག་འགྲོགས་འགྲོགས་ད་རེས་ཐ་མར་གྱུར།།

བཟློག་མེད་གཏན་འབྲལ་ལས་སྐལ་ལྕི་མོ་འདི།།
གསོན་ངོགས་འཚོ་བའི་རྣམ་ཤེས་ཕྲ་མོར་བབས།།

ཕྱིན་ནས་སླར་ཡང་འོང་བ་གང་ན་ཡོད།།
ད་ལྟ་ལུས་པ་དག་ཀྱང་རིམ་བཞིན་འགྲོ།།
ནམ་ཞིག་ངས་ཀྱང་སྒོམ་པ་ཁྲིད་དེ་འདིར།།
མགོ་བོ་སྒུར་ནས་ས་དོང་བཤང་དགོས་ཨང་།།

           མཆན།—༡ མི་ཤི་བའི་སྐབས་ཤི་བོར་ས་ལྟ་བ་དང་དུར་ཆོག་བྱེད་མཁན་ལ་རི་བོའི་ཆེའི་སྐད་སྲོལ་དུ་སྒོམ་པར་འབོད།


     མིག་ཆུ།

           __ཡུ་གུར་རིགས་ཀྱི་རྔ་གླིང་རོལ་དབྱངས་ཤིག་ལ་ མཉན་རྗེས་ཨ་ཧྲེའི<ཕྱེ་ལེབ་དཀར་པོ། ཕྱེ་ལེབ་ནག་པོ>ཡང་ངའི་སེམས་ལྗོངས་ཀྱི་བྱེ་ཐང་དུ་འཕུར་བྱུང་།
 
བྱེ་མའི་སྒང་ཁ་དེད་ནས་འོང་ངོ་།།
རྔེའུ་ཆུང་ལག་པས་ཁྲིད་དེ་འོང་ངོ་།།
རྨ་བྱའི་རོལ་སྒེག་མངོན་གྱིན་འོང་ངོ་།།
སྒྲོ་ཐུར་ཞྭ་ལ་དྲངས་ནས་འོང་ངོ་།།
སྤྱན་མིག་ཟིམ་བུས་ལྟ་ཡིན་འོང་ངོ་།།
རིང་བའི་གནམ་མཐར་ཕྱོགས་ཏེ་འོང་ངོ་།།

རྒྱ་སེ་དམར་པོ་རྒུན་ཆང་དམར་པོ།།
རྔ་གླིང་དུང་དུང་ཕྱེ་ལེབ་ལྡེམ་ལྡེམ།།
དགོང་ཁའི་ཉི་ཤམ་ས་ལ་འདྲུད་དུས།།
བྱེ་མའི་སྒང་གཤོང་རྐང་རྗེས་ཧྲུག་ཧྲུག
རྩྭ་ཐུར་རེ་གཉིས་རྐང་དམག་ལངས་ལངས།།
མེས་པོའི་རྣམ་ཤེས་ཡིན་ཡིན་འདྲ་ལེ།།

རྔེའུ་ཆུང་རྔེའུ་ཆུང་ཕར་ན་ལྟོས་དང་།།
ཉི་རྡུལ་འཐིབས་པའི་ཕྱོགས་དེར་ལྟོས་དང་།།
སིལ་སྡོང་ལངས་པའི་ར་བ་ཨེ་གཟིགས།།
མེ་ཏོག་འཁྲིགས་པའི་ཡུལ་ཁྱིམ་ཨེ་གཟིགས།།
ང་རང་མིག་གཉིས་འཁྲུལ་བ་མིན་ན།།
ན་རྩྭ་ལང་ལོང་གཡོ་བའི་ཕ་ཡུལ།།
ལུག་ཁྱུ་སྐར་མ་བཞད་པའི་རང་ཡུལ།།
ད་ལྟ་འདི་ནས་གསལ་གསལ་མཐོང་འདྲ།།

རླུང་བུ་འདི་ལ་གཏན་ཁེལ་མི་འདུག།
འོན་ཀྱང་མི་ཚེའི་ལམ་ཕྲན་དེད་དེ།།
བརྩེ་བའི་རྐང་གདུབ་སིལ་སིལ་འཁྲོལ་གྱིན།།
ཉི་ནུབ་ཁོ་ནར་གདོང་པ་གཏད་ནས།།
མེས་པོ་བཞུད་པའི་ཕྱོགས་དེར་འགྲོ་དགོས།།

བྱེ་ལྗོངས་ནམ་མཁར་སྤྲིན་དཀར་དུམ་རེ།།
རི་རེའི་རྒྱབ་ན་རི་རེ་ལངས་འདྲ།།
རི་བོ་དེ་ལ་རྫོགས་མཐའ་མི་འདུག།
རྔེའུ་ཆུང་ཁོ་རང་དེ་ལ་ལྟ་ཡིན།།
མིག་ཆུ་རེ་ཟུང་སེམས་ན་འགྲིལ་བྱུང་།།
སྐྱོ་བ་བན་བུན་མིག་ན་འཁྲིགས་བྱུང་།།
རེད་དེ་ང་ཚོ་སྔར་བཞིན་འདི་ལྟར།།
འགྲོ་དགོས་ལས་ལ་བསྒྱུར་ཐབས་གང་ཡོད།།

                2016.6.13

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།