མིག་ཟུང་བཙུམ་རྗེས། ཁ་བ་འབབ་ཀྱིན་པ་ངས་ད་དུང་དྲན།(ཞར་བཀོད་གསུམ)

6603

                       __རྩོམ་པ་པོ། རྡོ་རྗེ་རིན་ཆེན།




མིག་ཟུང་བཙུམ་རྗེས། ཁ་བ་འབབ་ཀྱིན་པ་ངས་ད་དུང་དྲན།

 
ལོ་དེ་དགུན་ཁ་ཞིག
མིག་ཟུང་བཙུམ་རྗེས
ཁ་བ་འབབ་ཀྱིན་པ
ངས་ད་དུང་དྲན།

ཆེས་མཐའ་མཇུག
ཕན་ཚུན་ལ
ཕྱིར་མིག་བལྟོས་རྗེས
ཁྱེད་རང་ང་དང་གྱེས
ང་རང་ཁྱེད་དང་གྱེས།

གྱེས་ཟིན་པའི་ཁྱེད་རང་
ང་ཡིས་མ་བཙལ
སོང་ཟིན་པའི་ང་རང་
ཁྱེད་ཀྱིས་ཀྱང་དྲན་མི་སྲིད།

ཡིན་ཡང་
སོང་སོང་བའི་དེ་རིང་
ངའི་བྲང་གཞུང་
བྱེ་ཐང་དུ་གྱུར།

ད་བར་དུ
གསང་གསང་བའི་ཁྱེད
བརྗེད་ཟིན་པ་བཞིན
གསང་བ་ནས་ལྐོག་གྱུར་དུ་གྱུར
ཐ་ན
ཁྱེད་ཀྱི་མིང་ཙམ་ཡང་
ངས་གླེང་མ་ཕོད།

འོན་ཀྱང་
ལོ་དེ་དགུན་ཁ་ཞིག
མིག་ཟུང་བཙུམ་རྗེས
ཁ་བ་འབབ་ཀྱིན་པ
ངས་ད་དུང་དྲན།

                   10.2.2019

སེམས་འདི་སྐྱོ་སྐྱོ་ཞིག སྐྱོ་སྐྱོ་རུང་སུ་ལ་བཤད།

 
འདས་ཟིན་པ་དག
ལོ་རྒྱུས་ཡིན་ན
ཁ་སང་ནི
ཕྱིར་དྲན་ཞིག
ཕྱིར་དྲན་ཐེངས་གཅིག་བྱས་ན
ཐག་རིང་ཐག་རིང་ཞིག
མིག་ཟུང་ལན་གཅིག་བཙུམ་ན
ཐག་ཉེ་ཐག་ཉེ་ཞིག

མི་ཚེ་འདི
སྔར་བཞིན
སྒྲུང་ལ་བཅོལ
སྒྲུང་འདི
སྔར་བཞིན
སུ་ལ་བཤད།

ཡོང་ནས་སོང་ཟིན་པ་དག
གཏན་དུ
ཕྱིར་ཡོང་མེད་པ་འདྲ
ལོ་ནས་ལོ
ཟླ་ནས་ཟླ
བསྒུགས་བསྒུགས་པ་དག
གཏན་དུ
ཡོང་རྒྱུ་མེད་པ་འདྲ།

རྒྱུས་ཡོད་ཀྱི་ངོ་གདོང་རེ་རེ
རྒྱུས་མེད་ཀྱི་མི་སེམས་གྲངས་མེད
གཅིག་གཅིག་གཉིས་གཉིས་བྱས་ན
ཡོད་ཀྱང་རུང་ལ
མེད་ཀྱང་ཆོག་པ་འདྲ་བས
དྲན་ཆོག་པ་དང་
བརློམ་ཆོག་པ་ཞིག
ང་ལ་མི་འདུག

               9.4.2019

མི་ཚེ་འདི་སྒྲུང་ལ་བཅོལ། སྒྲུང་འདི་སུ་ལ་བཤད།

 
སེམས་འདི
སྐྱོ་སྐྱོ་ཞིག
སྐྱོ་སྐྱོ་རུང་
སྐྱོ་བ་འདི
སུ་ལ་བཤད།

ཞེ་འདི
དུངས་དུངས་ཤིག
དུངས་དུངས་རུང་
དུངས་བ་འདི
སུ་ཡིས་ཚོར།

སྙིང་གཏམ་ཞིག
ཁྱོད་ལ
བཤད་བསམ་ཡང་
བཤད་མ་ཕོད།

བརྩེ་བ་འདི
བདེན་བདེན་འདྲ་ན
སེམས་འདི
སྐྱོ་དོན་མི་འདུག

སྣང་བ་འདི
ཡོད་ཡོད་འདྲ་ན
ཞེ་འདི
སྡུག་དོན་མི་འདུག

་            11.2.2019
ཕ་ཡུལ། བྲིས་ན་ཡིག་འབྲུ་གཉིས། བསམ་ན་རྫོགས་མཐའ་མེད།
 
ཕ་ཡུལ
བསམ་ན་རྫོགས་མཐའ་མེད
དྲན་ན་གཏིང་མཐའ་མེད
ཡིད་ཆེ་བཅོལ་ན
བློག་ཕུགས་བརྟན་ས
མིག་ཟུང་བཙུམ་ན
ཕྱིར་དྲན་མང་ས།

ཕ་ཡུལ
བྲིས་ན་ཡིག་འབྲུ་གཉིས
བསྐྱུར་ན་ཡིད་ལ་ཐོགས་ས
མཇལ་ན་སེམས་པ་དྲོ་ས
རྨི་ལམ་ལས
ཁྱེད་ལ
ཐེངས་གཅིག
ལེན་གཅིག
མཇལ་ན་བསམ།

ཕ་ཡུལ
མི་ཡུལ་གྱི་དག་ཞིང་
ཁྱེད་རང་ང་དང་
རི་ཆུ་གྲངས་མེད་ཀྱིས་ཆོད
འོན་ཀྱང་
ནམ་ཡང་ང་རང་
ཁྱེད་ཀྱི་པང་ནས
འཕུར་ཟིན་པའི་བྱིའུ་ཆུང་ཆུང་ཞིག

                    14.4.2019 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།