རྟོག་ཚོགས་ཀྱི་ཇག་གླུ།(ཞར་བཀོད་གཅིག)

5052

                                རྩོམ་པ་པོ། སྡེ་དགེའི་རྣོ་ངར།

       རྟོག་ཚོགས་ཀྱི་ཇག་གླུ།

 

རླུང་ཆེན་དར་ཐག་འཐེན་པའི་སོར་མོའི་རླབས་རིས།།
རྡོ་ཟམ་དར་ཁས་གནན་པའི་དཔང་ཡིག་ལགས་ཏེ།།
དགའ་སྐྱོའི་གྱང་སྣེར་བཏབ་པའི་ངག་གི་སྒོ་མོ།།
སྐར་ཚོགས་ལག་པས་བསུབ་པའི་སྐྱེལ་མ་ཡིན་སོང་།།
རྨི་ལམ་གྲུ་ཆུང་འདེད་པའི་རྟ་ཕོ་ཁམ་དམར།།
སོམ་ཉིའི་སྡེར་མོ་བགྲད་པའི་འདབས་སུ་ཕྱིན་ཚེ།།
ལྕག་ཚན་སྙིང་ཁར་བྲབ་པའི་སྒྲ་སྙན་ཁོ་ནས།།
སྐྱ་རེངས་སྨག་ལ་ལྕེབ་པའི་འོ་དོད་འཆོར་ཡོང་།།
རྔུལ་ནག་ངག་ལ་ཆགས་པའི་ཚེ་མཐའི་རྒྱུད་སྐུད།།
རྨི་ལམ་དྲྭ་མའི་ངོགས་ནས་སིང་ངེར་འཐེན་དུས།།
སྡོང་རྒན་གཡང་ལ་འགྱེལ་བའི་སྨྲེ་ངག་ཤུམ་ཤུམ།།
ཕ་རོལ་བསིལ་བའི་མཚོ་ལ་ཡང་ཡང་ལྷུང་འགྲོ།།
བྲག་དམར་མེ་ལ་བཞུས་པའི་ཉམ་ངའི་གཡབ་མོ།།
ལག་ཟུང་ཐོད་ལ་བཏེགས་ན་མཐོང་རྒྱུ་གདའ་སྟེ།།
སྨྲེང་སེམས་སྒྲུང་ལ་སྤར་བའི་ལམ་གྱི་དེབ་ཐེར།།
ཕྱིར་མིག་བར་དོའི་འཕྲང་ནས་ཀློག་ན་སྐྱོ་འོ།།
ཕྱི་དོན་དཔུང་རྗེན་ཕུད་པའི་སེང་གེའི་ཉམས་གླུ།།
ཡང་ཡང་མགུར་དུ་གླན་རུང་ཉིང་དགོས་ཅི་སྟེ།།
འདུ་ཤེས་ཕ་བོང་བཏེགས་པའི་མཚོ་ཆུང་འགྲམ་ནས།།
ཟིན་དང་མ་ཟིན་ཅི་ཞིག་ངང་སྒུག་བྱས་སམ།།
ཚེ་རབས་མཚོ་ལ་འདྲེས་པའི་རླབས་ཀྱི་ང་རོ།།
ས་མཐོའི་མེ་ལོང་ངོགས་ནས་རྙེད་དུ་འདུག་སྟེ།།
ཉི་འོད་ཐན་པར་ཟགས་པའི་ལུས་པོའི་ཕྱི་ནང་།།
རི་རྩེའི་སྨུག་སྤྲིན་ནང་གི་རླུང་བུས་བཀྱིགས་འདུག།

                                3018/3/28

      མེ་ནང་གི་རི་དྭགས།

 
སྐར་ཚོམ་རེ་རེའི་མཐའ་ན་སྐྱོ་གདུང་རེ་རེ་འཆར་འདུག།
གྱང་ངོས་མུ་མཐའ་མེད་པར་ཟིལ་བ་རྡོག་རེས་རླན་བྱུང་།།
བྱེ་མའི་སེང་རས་བརྣབས་པའི་ཉིན་ཞག་སུམ་བརྒྱ་དྲུག་བཅུ།།
མུན་ནག་ཀློང་ནས་སོང་སྟེ་ཀུ་རེའི་ཁྲོད་ནས་བུད་སོང་།།
སེམས་སུ་མཚོ་ཆུང་བྲུག་པས་རྨི་ལམ་རས་ཡུག་བརྡབས་བྱུང་།།
ཁྱོད་ནི་ད་དུང་མེ་ཡིན་སྨྲ་བ་བསྡམས་པའི་མེ་ཡིན།།
ཉི་ཟླའི་ཡུ་བ་བྲབ་པའི་གློ་ཁུག་ནང་གི་རྐས་རྗེས།།
རྫི་མའི་རྩེ་ན་སྤར་བྱུང་སྤྱན་མཐའི་མཚོ་ལ་སྤར་བྱུང་།།
དུས་ཚོད་གདངས་ཀྱིས་གཞུར་བས་ཕྱི་མིག་སྒོ་མོ་བཙུམ་སོང་།།
ཟ་ཟི་སྐྲ་ལོའི་གསེང་ན་ཆུ་ཡི་རྒས་གཉེར་དོད་འདུག།
ལམ་ཆུང་དམར་སྨུག་སྟེང་གི་ན་ཟུག་རྒྱག་པའི་ལག་བརྡ།།
མཁའ་ལ་གཡུག་གཡུག་བྱས་ཀྱང་སེམས་མཐའ་རྨས་པའི་ཚུལ་རེད།།
དྲན་གདུང་གློག་གི་སྙུག་སོ་སྲོད་ལ་ཤིག་ཤིག་འགུལ་བས།།
གློ་བུར་ཤེར་གྱི་རྒྱུན་བུ་རྟ་ཕོའི་རྔོག་མར་འདྲ་བྱུང་།།
ཕྱེ་ལེབ་ག་དུས་ག་དུས་ས་ལ་ལྷུང་འདྲ་སྙམ་ཚེ།།
མེ་ཏོག་ཆུ་ཟླའི་མདངས་ལ་ཤུམ་ཤུམ་ངུས་པ་ཨེ་འདུག།
ཡུལ་འདིའི་མཚན་ཐུན་གཅིག་ལ་ང་རང་ཤིན་ཏུ་སྨྲེང་སྟེ།།
ལས་སྐལ་ལྕགས་ཟམ་འཐོར་བའི་སྐད་སྒྲས་གཏོང་བར་མི་གནང་།།
དྲན་ཤེས་གསེར་སྐུད་སྒུལ་བའི་ལ་མགོའི་དངན་ཤུ་རིང་མོ།།
ཡར་ཀླུང་བྱང་མའི་ཐང་དུ་ལོག་ཕེབས་བྱུང་བ་ཚོར་རམ།།

                                  2018/3/29

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།