རོང་བོ་གངས་དཀར་གྱིས་བསྒྱུར་བའི་ཧེ་ཙིའི་སྙན་ངག་ཚན་པ་དྲུག

7820

རྒྱའི་སྙན་ངག་པ་ཧེ་ཙིའི་འདྲ་པར། (1964 3 24—1989 3 26)


| ཉི་རྩེ།

— ཧ་ལས་པའི་སྐྱིད་སྣང་བྱུང་བའི་ཞོགས་པའི་ཉི་རྩེ་ཤིག་མཐོང་བ།

མུན་ནག་གི་ཕུ་ནས།
ཉི་མས། ང་སྐྱོར་ཏེ་ཡར་ལ་ལངས།
ང་ཡི་ལུས་པོ་ནི་གཅེས་པའི་ཕ་ས་དང་འདྲ་ལ།
ལུས་པོའི་ཁྲག་ནི་གང་སར་རྒྱུ།
ང་ནི་བདེ་ཞིང་སྐྱིད་པའི་མི་ཞིག་ཡིན།
ད་ནས་ངས་ཁས་བླངས་པ་ཡིན།
ང་ནི་མི་ཧྲིལ་བོ་ཞིག་དང་། ང་ནི་བདེ་ཞིང་སྐྱིད་པའི་མི་ཞིག་ཡིན།
ངའི་ལུས་ཀྱི་མུན་པ་ཡོད་ཚད་ཉི་མ་ཡར་འཕགས་པ་བསྟུན་ནས་མེད་པར་གྱུར་སོང།
ད་ནས་ངས་ཁས་བླངས་པ་ཡིན། ལྷ་ཡུལ་དང་རྒྱལ་ཁབ་ཀྱི་མཛེས་ཤིང་བརྗིད་པའི་ཡུལ་ཀླུང་དང་།
དེ་གནས་པའི་རིན་ཐང་། ་་་་་་་་་  མུན་ནག་གི་ཕུ་ནས།

༡༩༨༧ ༨ ༣༠ བཟི་རྗེས་ཀྱི་ཞོགས་པ།






| ཆང་ཕོར།

ཁྱེད་ཀྱི་མིག་ཆུས་ང་ཡི་མི་གཙང་བ་དང་ཁེར་རྐྱང་མེད་པར་བྱས།
ཁྱེད་ཀྱི་མིག་ཆུས་ང་ནི་གནམ་ཐང་ཉེ་འཁོར་གྱི་འབྲས་སོག་ཁྲོད་དུ་ཉར་བར་བྱས།
ཆང་ཕོར། ཁྱོད་ནི་རྡོ་བའི་བུ་མོ་དང་། རྡོ་བའི་བཙོན་ར། རྡོ་བའི་ཆར་གདུགས་རེད།

ཆང་ནི། རྡོ་བའི་བཙོན་རར་བཅུག་སྟེ་དེ་ནས་ཡང་གློད་པའི་ལང་ལོང་དུ་འཁྱུག་པའི་གློག་ཞགས་རེད།
མདང་གི་ཞག་གང་བོར་འཁྱུག་པའི་གློག་ཞགས་ཀྱིས་ངའི་ཕོར་བ་ལྟེམས་ཤིང་སྟོང་བར་བྱས།
ལྟོས་ཨ། ཆུ་བོས་དེད་ནས་ཐོན་པའི་བྱེ་ཟགས་ཀྱིས་ཁེར་རྐྱང་གི་ཁང་བ་ཞིག་བཟོས་འདུག

ལྟོས་ཨ། ཁྱེད་ཀྱི་ཁང་བ་ནི་ཆུང་དྲགས་ནས་ཆང་ཕོར་ཙམ་ལས་མི་འདུག
ཁྱེད་ཀྱི་ཁང་བ་ནི་ཆུང་དྲགས་ཏེ་རྡོ་བའི་ཆར་གདུགས་ཙམ་ལས་མི་འདུག

སྤྲིན་འཐིབས་པའི་ནམ་མཁའི་འོག་ན། བརླན་པའི་རླུང་གིས་ལམ་བུ་སྐམ་པར་བྱས།
ཁྱེད་ཀྱིས་ང་རྙེད་མི་སྲིད། ང་རང་དངོས་གནས་རྙེད་མི་སྲིད། ཇི་ལྟར་བཙལ་ཀྱང་རྙེད་ཐབས་མེད།
ང་། དེ་སྔའི་རི་ལྡེབས་ཀྱི་ལུག་ཁྱུའི་ཁྲོད་དུ་ཡོད། 

ཆང་ཕོར། ཁྱོད་ནི་ཧྲུལ་ཞིང་ནག་པོར་གྱུར་བའི་སློབ་ཁང་རྙིང་པ་ཞིག་སྟེ།
མཚོ་ཆུ་ལྷེབ་ལྷེབ་ཞིག་གི་ནང་དུ་ཐིམ་ནས་ཡོད།

༡༩༨༩ ?༡  ༡༤


| སྙན་ཚིག་གི་མཆོད་པ།

མུག་ནག་འཐིབས་སོང་། མེ་ལོ་ངོ་ཁྲི་ཡི་ཡར་སྔོན་གྱི་མེ་རུ་གྱུར་སོང་།
གསང་བ་སྐྱེལ་བའི་མེ། ཁོ་ཡང་ཅི་འདོད་ཀྱིས་འབར་བཞིན་ཡོད།
མེ་མེ་ཡི་ངོ་བོར་ལོག་ཅིང་། མུན་པ་མུན་པའི་ངོས་ལ་ཐིམ། རྟག་པ་རྟག་པའི་ངོས་ན་གནས།
མུན་པ་ས་གཞིའི་ངོས་ལ་ཡར་འཕགས། ནམ་མཁའ་ཡོངས་སུ་བཀབ་པར་གྱུར།

༡༩༨༩


| སྤང་ཆེན་པོའི་ངོས་ལ་མཚོ་འཕྱུར་ནས་འོངས་པ་ཚོར་བྱུང་།


ངས་ལག་ཟུང་གིས་སྤང་ལ་རེག་པ་ཡིན།
གནག་ཅིང་ཁེར་རྐྱང་གི་མཚན་མོའི་བུ་མོ།

ངས་ང་རང་ལ་རྩྭ་སྐྱ་སྐམ་པོ་གདན་དུ་བཏིངས།
མཚན་མོའི་བུ་མོ། ཁྱེད་ཀྱི་སླད་དུའང་ཡིན་ནོ།།

འབྲོག་མོས་རང་ཉིད་ཡངས་པོར་ཕྱེ།
ལུག་ནག་པོ་ཞིག
ཁྱེད་ཀྱིས་ཕང་བར་ཙོག་པུར་གནས།

ཇི་འདྲའི་དྲོད་ལྟེམས་པའི་བྲག་རྡོ་དམར་པོ་ཚ་ལམ་པ་ཞིག
འདི་འདྲའི་འཇམ་མཉེན་གྱི་ངང་ནས་ཤིང་རྟའི་སྟེང་ཉལ་ཏེ་གནས།
ཟླ་དབྱིབས་ཀྱི་རྟ་ཕོ། མཚོ་མོའི་གཏིང་ལ་བྱིང་།

ཞག་གཅིག་གི་རིང་ལ། རྩྭ་ཐང་ནི་དེ་ལྟར་རྒྱང་རིང་བ་ལ། 
དེ་ལྟར་གཏིང་ཟབ་པ། དེ་ལྟར་གསང་བ་ལ་ཨང།
མཚོ་ཡང་དེ་བཞིན་དེ།
ཞག་གཅིག་གི་རིང་ལ། 
རྩྭ་ནི་ས་ལ་འབྱར་ནས་ཡར་ལ་སྐྱེས།
ཁྱོད་དང་ང་ནི་སྤང་དཀྱིལ་གྱི་གཡང་དཀར་ཡིན།

༡༩༨༨ ?༡༡  ༢༠



| བོད།


བོད། ཁེར་རྐྱང་གི་རྡོ་བ་ཞིག་ནམ་མཁའ་ཧྲིལ་བོར་ཁེངས།
མཚན་མོ་གང་དང་གང་གིས་ཀྱང་ང་རང་གཉིད་དུ་འཇུག་མ་ནུས་ལ།
སྐྱ་མདའ་གང་དང་གང་གིས་ཀྱང་ང་རང་གཉིད་ལས་སློང་མ་ནུས།

ཁེར་རྐྱང་གི་རྡོ་བ་ཞིག་ནམ་མཁའ་ཧྲིལ་བོར་ཁེངས།
ཁོས།  ལོ་ངོ་སྟོང་ཕྲག་ཁྲོད་ང་རང་ང་ཁོ་ནར་དུངས་ཟེར།

ཁེར་རྐྱང་གི་རྡོ་བ་ཞིག་ནམ་མཁའ་ཧྲིལ་བོར་ཁེངས།
མིག་ཆུ་གང་དང་གང་གིས་ཀྱང་ང་རང་མེ་ཏོག་ལ་བསྒྱུར་མ་ནུས་ལ།
རྒྱལ་པོ་གང་དང་གང་གིས་ཀྱང་ང་རང་གསེར་ཁྲི་རུ་འགོད་མ་ནུས།

༡༩༨༨ ༨



| བུ་མོ་སྤུན་བཞི།


རྫ་སྟོད་གྱི་མཐོན་པོའི་མགུལ་ན་བུ་མོ་སྤུན་བཞི་འགྲེང་།
ཡོད་ཚད་ཀྱི་རླུང་བུ་ཐམས་ཅད་ཁོ་མོ་ཚོའི་ཕྱོགས་སུ་རྒྱུ་ཞིང་།
ཡོད་ཚད་ཀྱི་འཚོ་བ་ཐམས་ཅད་ཁོ་མོ་ཚོས་ཧྲུལ་པོར་བཟོས།

མཁའ་དབུགས་ཁྲོད་ཀྱི་གྲོ་རྡོག་གཅིག
ངའི་སྤྱི་བོ་རུ་མཐོན་པོར་བཏེགས།
ངའི་ལུས་པོ་རྫ་སྟོད་ཀྱི་མཐོན་པོའི་མགུལ་ན་ཡོད་བཞིན།
ངས་རང་གི་ཁང་ཤག་སྟོང་བ། ས་རྡུལ་གྱིས་གཡོགས་པ་དྲན་བྱུང་།

ང་རང་དགའ་མྱོང་བའི་གཞུང་དྲང་གི་བུ་མོ་སྤུན་བཞི་ཨ།
མཛེས་པ་ཕྱོགས་བཞིར་འགྱེད་པའི་བུ་མོ་སྤུན་བཞི།
མཚན་མོར་བདག་གི་མགོ་བོ་གླེགས་བམ་དང་དཔལ་དཀྱིལ་གྱི་འཛིན་མར་བསྙེས་ནས།
སྔོ་ཐིང་གི་རྒྱང་རིང་ན་གནས་པའི་བུ་མོ་སྤུན་བཞི་དྲན།
ང་རང་དགའ་མྱོང་བའི་གཞུང་དྲང་གི་བུ་མོ་སྤུན་བཞི་ཨ།
ང་ཁྱོད་ཚོར་དགའ་བ་ནི་ང་རང་གི་དངོས་སུ་བྲིས་པའི་སྙན་ངག་དུམ་ཚན་བཞི་ལ་དུངས་པ་བཞིན།
ང་རང་དང་མཛེས་སྡུག་མཉམ་འགྲོག་གི་བུ་མོ་སྤུན་བཞི།
ལས་དབང་གི་ལྷ་མོ་ལས་ཀྱང་ཆེས་ཆེར་འཕགས་ཏེ།
མཛེས་སྡུག་གི་བཞོན་མ་དཀར་པོ་དེའི་རྗེས་སུ་སྙེགས་ཅིང་།
ཟླ་བ་ལྟ་བུའི་རི་བོ་ཟླུམ་པོ་དེའི་སྤོ་ལ་སྙེག

ཟླ་གཉིས་པ་སླེབས་དུས། ཁྱེད་ནི་ཕྱོགས་གང་ནས་འོངས།
ནམ་མཁའི་དཀྱིལ་ནས་དཔྱིད་ཀྱི་འབྲུག་སྒྲ་ལྡིར་ཅིང་། ཁྱེད་ནི་ཕྱོགས་གང་ནས་འོངས།
མི་ཆ་མེད་དང་འགྲོགས་ནས་འོངས་པ་ཡིན་ནམ།
དངོས་འདྲུད་ཤིང་རྟ་ལ་བསྡེབས་ནས་འོངས་པ་ཡིན་ནམ།
བྱ་ཚོགས་དང་ལྷན་དུ་འཕུར་འོངས་པ་ཡིན་ནམ།

བུ་མོ་སྤུན་བཞིས།
མཁའ་དབུགས་ཁྲོད་ཀྱི་གྲོ་རྡོག་ཅིག་ལ་འཐམ་ཞིང་།
ཁ་སང་གི་ཁངས་ཆག་དང་། དེ་རིང་གི་ཆར་ཆུ།
སང་ཉིན་གྱི་འབྲུ་རིགས་དང་ཐལ་སྐྱ་ལ་འཐམ་ནས་ཡོད།

འདི་ནི་རེ་ཐག་ཆད་པའི་གྲོ་སྙེ་སྟེ།
ཁྱེད་ཀྱིས་བུ་མོ་སྤུན་བཞི་ལ་འདི་ནི་རེ་ཐག་ཆད་པའི་གྲོ་སྙེ་ཅེས་ལབ་རོགས།
ནམ་ཡང་འདི་ལྟར་ཡིན་ཏེ།
རླུང་བུ་རྗེས་ན་རླུང་དང་།
ནམ་མཁའི་ཡང་སྟེང་ཡང་ནམ་མཁའ།
ལམ་བུའི་མདུན་ན་སླར་ཡང་ལམ་བུ་ཡོད་པ་ཡིན།

༡༩༨༩ ༢ ༢༣


0

One Response to རོང་བོ་གངས་དཀར་གྱིས་བསྒྱུར་བའི་ཧེ་ཙིའི་སྙན་ངག་ཚན་པ་དྲུག

  1. རྩེ་རི་ཚེ་དབང་རྒྱལ་པོ། ལགས་ཀྱིས:

    བསྒྱུར་རྩོམ་འདི་དང་འབྲེལ་ཏེ་རང་མོས་སྙན་ངག་གི་སྐོོོར་ནས་ཁོ་བོས་ཅུང་ཙམ་གླེང་ན།
    གནའ་རབས་མགུར་གླུའི་རྣམ་པའི་རང་མོས་སྙན་ངག་གི་བརྩམས་ཆོས་དེ་དག་ནི་བོད་ཀྱི་ཕ་མེས་ཡང་མེས་ཚོས་ལོ་ཟླའི་བཞུར་རྒྱུན་གྱི་ཁྲོད་ཟུངས་ཁྲག་དང་རྔུལ་ཆུའི་ཐིགས་པ་ཕྲེང་བར་བརྒྱུས་པའི་ནོར་བུའི་དོ་ཤལ་ཉག་གཅིག་ཡིན་ཞིང་། མ་གཞི་སྐབས་དེ་དུས་《སྙན་ངག་མེ་ལོང》ལྟ་བུའི་སྙན་ངག་གི་རིགས་པའི་གཞུང་ལུགས་ཤིག་དར་མེད་ལ་ཚིག་སྦྱོར་བལྟོས་བཅས་ཀྱིས་སྙན་འཇེབས་རང་བཞིན་མེད་མོད། ཆ་རྐྱེན་ངེས་ཅན་འཛོམས་མེད་པའི་དུས་སྐབས་དེའི་སྤྱི་ཚོགས་ཐོག་ནས་བཤད་ན་ཆེས་ཡིད་རངས་དགོས་པ་ཞིག་རེད། དེ་བཞིན་ལེགས་བཤད་དང་གཏམ་དཔེའི་ཚུལ་ལའང་རང་མོས་སྙན་ངག་གི་རྩོམ་རིག་རྣམ་པ་བཀོལ་སྤྱོད་བྱས་ཡོད་པ་དཔེར་ན། “ཐང་ཤིང་གཅིག་འགྲེང་ནི། ནགས་མཐའ་མྱེད་ལ་ཟུག་ལ། ཆུ་མྱིག་རྔོ་ཅུང་ནི། རྒྱ་མཚོ་འི་རྩི་འོ།”ཞེས་གསོན་ཉམས་ལྡན་ལ་གནད་ལ་འཁེལ་བའི་དཔེ་མཚོན་གྱི་ཐོག་ནས་སྤྱི་བྲག་དང་མང་ཉུང་རྩོད་སྒྲུབ་ཀྱི་འབྲེལ་བ་བརྗོད་ཡོད་པས་དེར་ངེས་གཏན་གྱི་མཚན་ཉིད་རིག་པའི་གནས་ལུགས〈哲理〉དང་ལྡན། དེ་བཞིན“གཟུས་ནྀ་ལྷ་བོན་ཏོ། སློན་བཙན་སློན་བཀོལ་གཟུས་ནྀ་ལྷ་བོན་ཏོ། སྲིན་བྱ་རྒོད་ཀྱིས་བཏག་སྟེ། ཚེས་པོང་ནག་སེང་གིས་བཏགས་སོ། རྗེ་བདེན་གྱྀས་ནྀ་བཀོལ་ཏོ། སྒ་བདེན་གྱིས་ནྀ་བསྟད་དོ། མྱྀ་སྨོན་རུམ་དུ་སྤུང་ངོ་། མཚེ་གཟུགས་རུམ་དུ་འཁྲུངས་སོ།”སོགས་གོང་གི་དཔེར་བརྗོད་དག་ལས་ང་ཚོས་བོད་ཀྱི་སྐབས་དེའི་རང་མོས་སྙན་ངག་ལ་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡོད་པ་ཤེས་ཐུབ་སྟེ། སྒྱུ་རྩལ་དང་ལོ་རྒྱུས་མཉམ་འདྲེས་ཀྱི་རྣམ་པ་གཙོ་ཆེ་བའམ། ལོ་རྒྱུས་དང་རྩོམ་རིག་ཟུང་འབྲེལ་གྱི〈文史结合〉རྣམ་པའི་ཐོག་ནས་བརྗོད་དོན་སྟོན་གྱི་ཡོད་པས་དེར་གཅིག་ནས་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མཁོ་བའི་རིག་གཞུང་གི་ལོ་རྒྱུས་རིན་ཐང་ཆེན་པོ་ལྡན་ལ།ཆབས་ཅིག་དེར་རྩོམ་རིག་གི་རིན་ཐང་ཡང་ངེས་ཅན་ཡོད་པ་ཡིན། མཐར་བཀྲ་ཤིས་བདེ་ལེགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།