ཐེའུ་རང་གི་སློབ་ཆེན་སྐབས་ཀྱི་སྙན་ངག་ཁག་ལྔ།

17339

 ཁྱོད་དང་བར་ཐག་བཀྱེད་རྗེས་ཀྱི་སྐད་ཆ།

 

                   A

གླུ་སྐད་འགག་ཀྱང་རུང་། རུས་རྐང་འཐོར་ཡང་ཆོག
གསོན་ངོགས་ན་སེམས་ལྗོངས་བསྟན་སར་ཁྱོད་ཡོད་ན།
རྨི་ལམ་ལྟ་བུའི་འཇིག་རྟེན་འདི།
ཇི་ལྟར་བརྒལ་ཡང་ཆོག

ལུས་དང་གྲིབ་མ་ཁེར་རྐྱང་ཡིན་རུང་།
ནང་སེམས་ཁྱོད་ཀྱིས་བསྲུངས་ནས་བསྡད་ན།
བརྩེ་དུངས་ཞེས་པའི་ཐ་སྙད་ཅིག་གི་དྲོད་ཁོལ་ཚོར་གི
འཚོ་བ་ཞེས་པའི་སྣང་བརྙན་ཞིག་གི་མཛེས་སྡུག་མཐོང་གི

                     B
དཀའ་སྡུག་ཆེ་ཡང་ཆོག བར་ཆད་མོད་ཀྱང་རུང་།
མ་འོངས་པ་ཁྱོད་དང་ལྷན་དུ་འོད་ཀྱིས་འཚེར་སྲིད་ན།
བདེ་སྐྱིད་སྡུག་བསྔལ་གྱི་ཁྲོད་ནས་བཙལ་ཆོག་ལ།
མིག་ཆུ་འཛུམ་མདངས་ཀྱི་ཀློང་དུ་བསྲེ་ཡང་ཆོག

འོན་ཀྱང་། ཁྱོད་དང་བར་ཐག་ཅིག་བཀྱེད་དོན།
ཁྱོད་ལ་དུང་བའི་གདམ་ག་ཞིག་སྟེ།
ཁྱོད་ཀྱི་ཆེད་དུ་ཁྱོད་རང་ལག་པས་གཏོང་ཕོད་ལ།
ཁྱོད་ཀྱི་ཆེད་དུ་རང་ཉིད་གཅིག་པུར་འཚོའང་ཐུབ།
                      c
མཇུག་འབྲས་མི་རྟོགས་པའི་ལག་པ་སྟོང་བ་ཞིག
ཁྱོད་ཕྱོགས་སུ་བསྲིངས་བསྲིངས་ནས་ཕྱིར་བསྐུམས་དོན།
སུན་སྣང་མི་ཚོར་བའི་སེམས་པ་རྨས་མ་ཞིག
ཁྱོད་ཕྱོགས་སུ་འཁྲེང་འཁྲེང་ནས་ཕྱིར་བཀྱེད་དོན།
ཡོད་ཚད་སྙིང་ཉེ་བའི་ཐ་སྙད་ཅིག་གི་དོན་དུ་སྟེ།

           .......“ཁྱོད།”

             རི་སྤྱང་།གནས་ལུགས་ཤིག་གིས། རྒྱུ་འབྲས་ཤིག་གིས།
འཇིག་རྟེན་གྱི་རྫ་རི་ནས་ཤ་ཟ་བ་ཁྱོད་ཀྱི་གོམས་གཤིས་སུ་གྱུར།
སེམས་ཅན་གྱི་ཚོ་ཁ་ནས་སྤྱང་དར་མ་ཁྱོད་ཀྱི་འབོད་མིང་དུ་ཐོགས།

ཆོས་ཉིད་ཅིག་གིས། འཚོ་སྟངས་ཤིག་གིས།
སྲིད་པའི་གྲོང་ཚོ་ན་ལུག་གཡང་དཀར་ཁྱོད་ཀྱི་ཁ་ཟས་ཡིན།
བདེན་པའི་ཧྲག་བར་ན་བོའུ་ཁྲ་རིང་ཁྱོད་ཀྱི་འཐབ་ཡ་ཡིན།

ས་རུབ་དུས།
ཁྱོད་རང་རྐང་འཇབ་ལག་འཇབ་ཀྱིས།
འབྲོག་པའི་ལྷས་རར་མཆོང་ཐེངས་མང་ནའང་།
ནམ་ལངས་དུས།
ཁྱོད་ཀྱི་རྗེས་ན་རྟ་ཞོན་བོའུ་ཁུར་གྱི་རྔོན་པ་མང་།

སྦྲ་མཐིང་སྨུག་གི་ལྟག་རྒྱབ་ན།
ལུག་གཡང་དཀར་གྱི་ལྷས་མཐའ་ན།
མདོག་དཀར་པོའི་གུར་ཞིག་ཡོད་པ།
མགོ་ནག་པས་ཁྱོད་ཀྱི་ཚེ་སྲོག་ལ་གཟས་པའི་སོ་ཁང་ཡིན།

མུན་པའི་བམ་མཐུག་ས་ནས།
སྒོ་ཁྱིའི་སྐད་བཙན་ས་ནས།
ངར་ཆེ་བའི་ཀི་ཞིག་སྒྲོག་པ།
ཁྱིམ་བདག་གིས་ཁྱོད་ཀྱི་འཚོ་གནས་ལ་བཏང་བའི་ཉེན་བརྡ་ཡིན།

ཁྱོད་ཀྱི་འཚོ་བ་ཆར་རྗེས་ཀྱི་འཇའ་ཚོན་བཞིན།
ཁྱོད་ཀྱི་ཚེ་སྲོག་འགྲོལ་ཐོབ་མེད་པའི་རྩིས་ཕྲེང་ཞིག

མགོ་ནག་པས་བཤད་ན།
སྤྱང་དར་མ་བསད་ན་སྡིག་པ་མེད་ཟེར།
དོན་ངོ་མར། ཁྱོད་ཀྱིས་རང་ཉིད་འཚོ་ཐབས་ཙམ་ལས།
གཞན་གང་ལའང་ཧམ་སེམས་བཅངས་མ་མྱོང་ན།

ཅི་འདོད་ཟས་སུ་རོལ། གང་འདོད་གོས་སུ་གྱོན་པའི།
འགྲོ་བ་མི་དང་བསྡུར་ན།
རྒྱུ་འབྲས་ཀྱི་རྒྱ་མའི་ཁ་ན།
ཁྱོད་ལ་བཤག་དགོས་པའི་ཉེས་དམིགས་མེད།
ཁྱོད་ལ་འདག་དགོས་པའི་སྡིག་སྒྲིབ་མེད།

     བུ་མོ་ཁྱོད་མེ་ཏོག་ཅིག་ཡིན་ན།བུ་མོ་ཁྱོད་མེ་ཏོག་ཅིག་ཡིན་ན།
ཁ་མ་གད་པའི་མེ་ཏོག་ཅིག་ཡིན་ན།
ཞོགས་ཉིའི་དྲོད་ཐོགས་ཁྲོད་ཁྱོད་ལ་སིམ་པའི་དག་གཙང་གི་ཟིལ་བ་དེ་ཡིན།
ཡང་ན་གཡུ་སྦྲང་གི་གཤོག་གླུ་ལྟ་བུའི་སྙིང་གཏམ་ཤབ་ཤུབ་སྨྲ་མཁན་དེ་སུ་ཡིན།

བུ་མོ་ཁྱོད་མེ་ཏོག་ཅིག་ཡིན་ན།
ཁ་མ་གད་པའི་མེ་ཏོག་ཅིག་ཡིན་ན།
དུས་ཚོད་ཀྱི་རླུང་བུ་རྒྱུ་ཕྱོགས་སུ་བརྩེ་བའི་བསུང་ངད་འཕྱོ་ས་དེ་སུ་ཡིན།
ཡང་ན་ལས་ཀྱི་ཆུ་མོ་བཞུར་མཚམས་སུ་མགོ་ལྕོག་ལྡེམ་ལྡེམ་གནང་ས་དེ་སུ་ཡིན།

བུ་མོ་ཁྱོད་མེ་ཏོག་ཅིག་ཡིན་ན།
ཁ་མ་གད་པའི་མེ་ཏོག་ཅིག་ཡིན་ན།
མི་ཚེའི་མཚན་ལམ་རིང་མོར་ཟླ་འོད་ཀྱི་ཟེགས་མ་འཐུ་རོགས་སུ་ཡིན།
ཡང་ན་སྐྱ་རེངས་ཀྱི་འཛུམ་ཞལ་ཁྲོད་སྲིད་པའི་དཀར་ངོགས་བསུ་རོགས་སུ་ཡིན།

བུ་མོ་ཁྱོད་མེ་ཏོག་ཅིག་ཡིན་ན།
ཁ་མ་གད་པའི་མེ་ཏོག་ཅིག་ཡིན་ན།
ཁྱོད་ཀྱི་འཁོར་བའི་དབྱར་གཞུང་།
སྙིང་གཏམ་གྱི་ཆུ་མོ་ལྷང་ལྷུང་།
ཞེ་ཐོགས་ཀྱི་གཡུ་སྦྲང་གཞོན་ནུ།
དེ་དག་གི་དེ་དག་གང་ན་ཡོད་དམ།

            གཙོད་གྲོང་དུ་སླེབས་པའི་སེམས་ཚོར།ངག་རྒྱུན་དུ། 
སྐྱེས་ཆེན་སུ་ཞིག་གིས་གསེར་གྱི་ཕོ་བྲང་བརྩིགས་ས་ཁྱོད།
ད་ལྟ།
དུས་ཚོད་ཀྱི་གསེང་ན་རྒས་ཤིང་གློག་འོད་ཁྲ་ཁྲས་གཡོགས་འདུག་ཨང་།

ཨ་ཅག་དེས་མགོ་དཀྲིས་འོག་གི་མཁུར་གོང་དམར་པོ་དེ་མི་མཐོང་རྒྱུ་ན།
བོའུ་རིང་ཐོགས་པའི་སྲང་ལམ་གྱི་དམག་ལུ་ཚོར་བལྟས་ནས།
ད་སོ་མར་སྤྱི་སྤྱོད་རླངས་འཁོར་གྱིས།
ང་རང་ནང་ལོག་གི་དམག་སྒར་ཞིག་ཏུ་བསླུས་སོང་བསམས།

ད་ལྟ། གནམ་གཤིས་ངན་དྲགས་པས་ཡིན་ནམ།
གསེར་མཁར་དགུ་ཐོག་ཀྱང་སྐྱ་སིང་གི་རི་གྲོང་ན་ཁོང་འདར་རྒྱག

གློག་འོད་ཁྲ་ཁྲ། ཁ་རླངས་ནག་ནོག
སྐྱེས་ཆེན་སུ་ཞིག་གི་ཁྲག་རྣག་གི་ཐིགས་པ་ཟགས་ས་ཁྱོད།

ཡིག་ཐོག་གི་གཙོད་ནས་ངག་ཐོག་གི་གཙོས།
ད་ལྟ། སླར་ཡང་།
ངག་ཐོག་གི་གཙོས་ནས་ཅི་ཞིག་ལ་འགྱུར་རྩིས་ཡིན་ནམ།
 
 

             དེ་རིང་།


རླུང་གི་གཤོག་པས་བཏེགས་པའི་ཕུགས་བསམ་གྱི་མེ་ཏོག
རི་རབ་རྡུལ་གྱིས་མནན་པའི་མཁུན་སྒྲར་སིམ།
རྐང་གླིང་དུ་ཁྲག་རྣག་ཛར་བའི་ཟག་བཅས་ཀྱི་སྡུག་བསྔལ།
ཤུགས་ཆེན་པོས་ཡང་ཡང་བོས།

དུས་ཚིགས་ཀྱི་མགྲིན་པ་ཙག་གིས་གད་པའི་དུས་ནི།
ས་ཆེན་གྱི་མཆིན་པ་བཙན་གྱིས་བསྒུལ་བའི་ལོ་ཟླ་སྟེ།
མུན་པའི་ཁ་ཟས་སུ་བོར་བ།
དཔལ་འབར་དང་རལ་གྲིའོ།།

རྒྱལ་རབས་ཀྱི་ཡིག་ཚགས།
འབངས་མིའི་བླ་འབོད།
ངག་ན་གཤར་པའི་དབྱངས་གསལ་གྱི་རུ་དམག

དེ་རིང་། དེ་རིང་།

མེས་པོ་དུར་ས་ནས་ལངས་སོང་ངམ།
མི་རབས་དུར་མཐའ་ནས་སད་སོང་ངམ།
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།