གཡུང་མོའི་བཅད་མ་ཁག་ལྔ།

10736


       མཁའ་འགྲོའི་སྨྲེང་གླུ།




ཁ་བའི་མེ་ཏོག་གི་འདབ་མས་རབ་ཏུ་དཀར་བའི་ལྷིང་འཇགས་ཀྱི་མཚན་མོ་ཞིག་ལ། 
གློ་བུར་དུ། ཉམས་དང་རྨི་ལམ་གྱི་ཁྲོད་ནས། 
ཤེས་རབ་ཀྱིས་ར་བཟི་བའི་མཁའ་འགྲོ་དཀར་མོ་ཞིག་ཐོན་ཏེ་ན་རེ།



མི་སྡུག་གྲོག་ཤུལ་གདོང་ལ་འཕོས་པ་བཞིན།།
བཞིན་གྱི་ཟླ་བ་ཉམས་པའི་དུས་ཚིགས་སུ།།
སུ་ཡི་བློ་ལ་སྐྱོ་ཤེས་འཁྲུངས་པ་ལྟར།།
ལྟར་སྣང་རིགས་འཕྲུལ་ཁོ་ནས་ཁྱོད་དང་གྱེས།།

གྱེས་ཁའི་གཏམ་དང་སྐྱོ་བའི་མིག་ཆུ་ལས།།
ལས་སྐལ་ལྗོན་པའི་སྐྱེས་སྟོབས་མཐོང་བ་དག།
དག་པ་ནམ་མཁའི་ངོས་སུ་རྒྱུ་བ་ཡི།།
ཡི་གར་འོང་བའི་ཉི་ཟླའི་དཔལ་ལ་འགྲན།།

འགྲན་བྲལ་ངག་གི་བདུད་རྩི་ལ་ཆགས་ཏེ།།
ཏེ་སེ་གངས་ཀྱི་འདབས་སུ་ལང་ཚོའི་ཉམས།།
ཉམས་ལ་ཉེ་བ་ཁྱོད་ཀྱི་བྱམས་བརྩེའི་འོད།།
འོད་ལྡན་ཞིང་གི་ལྷ་མོ་སུ་ལ་མཛའ།།

མཛའ་བའི་སྨུག་པ་སྤྲིན་དུ་ཆགས་པའི་ཚེ།།
ཚེ་རབས་ལས་འཕྲོའི་ཆར་བ་ཟམ་ཟིམ་འདི།།
འདི་སྣང་འཕྲུལ་གྱི་རླུང་བུ་ལ་བརྒྱུད་དེ།།
དེ་རིང་སླར་ཡང་མེ་ཏོག་ཅིག་ཏུ་བཀྲ།།

བཀྲ་ཤིས་མཚན་མ་འབུམ་གྱིས་གཏམས་པ་ལ།།
ལ་ལ་མིག་སེར་ལྡང་བ་ཅི་ཡིས་ཉེས།།
ཉེས་པས་ནོངས་པའི་སྐྱེ་བོ་ཇི་ལྟར་བར།།
བར་སྐབས་རེ་ལ་ཁྱོད་ཀྱང་གདུང་བས་འཚོ།།

འཚོ་བའི་མགར་ཁང་ནང་གི་ཞེ་གཅུགས་མ།།
མ་འདྲེས་ལས་ཀྱིས་མནར་བ་མཐོང་ལམ་ན།།
ན་བུན་བཞིན་དུ་རྒྱུ་ཞིང་རྒྱུ་བ་དེས།།
དེས་པའི་སེམས་ལ་ཟུག་གཟེར་ཅི་ཡང་འབྱུང་།།

ཞེས་སོ།།

                ༢༠༡༨.༡༠.༣༡

              མཁའ་འགྲོ་རྒྱངས་འབོད།


མ་རྙིང་པདྨའི་མདངས་འཛིན་པའི།།
ཁྱོད་ཀྱི་གཟུགས་ལ་མི་ཆགས་པའི།།
དེ་བཞིན་ཚངས་པའི་དབྱངས་འདྲེས་པའི།།
ཁྱོད་ཀྱི་ངག་ལ་མི་གཡེང་བའི།།
དབང་པོ་དག་ནི་བརྩེགས་ལྡེབས་ཀྱི།།
བྲིས་པའི་རི་མོ་རྣམས་དང་མཚུངས།།

དུས་ཀྱི་གཙང་པོས་མི་དག་པའི།།
ཞེ་གཅུགས་གནམ་ཐིག་དཀར་པོ་ལ།།
ཀུན་ཡིད་འཕྲོག་པའི་ལང་ཚོ་ནི།།
ལྷན་སྐྱེས་ཡིན་པར་སུས་མ་རིག།

ཁྱོད་ཉིད་ཁོ་ན་མཐོང་ནུས་པའི།།
རྨི་ལམ་བྱེ་བ་ཕྲག་བརྒྱ་འམ།།
འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡི།།
གཏིང་ལས་ཐར་བའི་དུས་ཀྱི་ཚེ།།
ཀྱེ་མ་ང་ཉིད་གང་དུ་འདུག།
ལས་སུ་བྱ་བ་ཅི་ཞིག་གཉེར།།

ད་ནི་ཤིང་སྒོ་སྐྱ་བོ་འདི།།
གཏན་པར་མི་བྱ་ཕྱེ་ནས་སྡོད།།
ཡིད་འཕྲོག་ནོར་བུའི་རྒྱན་འཛིན་པའི།།
ཁྱོད་ཉིད་ནམ་ཕེབས་ཆ་མི་འཚལ།།

བརྩེ་བའི་འོད་རྡུལ་ཚོགས་པའི་དཔལ།།
ཁྱོད་ཀྱི་སྒྱུ་འཕྲུལ་དྲ་བ་ནི།།
ང་ཡི་སེམས་སུ་རང་བྱུང་གི།
བཀྲ་ཤིས་དགེ་བའི་བླ་བྲེ་ཡིན།།

                        ༢༠༡༨.༡༡.༢༢

        ཟོམ་ཆུང་ནང་གི་གསེར་གྱི་གདུ་བུ།

 

མ་རྙིང་པདྨའི་མདངས་འཛིན་པའི།།
ཁྱོད་ཀྱི་གཟུགས་ལ་མི་ཆགས་པའི།།
དེ་བཞིན་ཚངས་པའི་དབྱངས་འདྲེས་པའི།།
ཁྱོད་ཀྱི་ངག་ལ་མི་གཡེང་བའི།།
དབང་པོ་དག་ནི་བརྩེགས་ལྡེབས་ཀྱི།།
བྲིས་པའི་རི་མོ་རྣམས་དང་མཚུངས།།
དུས་ཀྱི་གཙང་པོས་མི་དག་པའི།།
ཞེ་གཅུགས་གནམ་ཐིག་དཀར་པོ་ལ།།
ཀུན་ཡིད་འཕྲོག་པའི་ལང་ཚོ་ནི།།
ལྷན་སྐྱེས་ཡིན་པར་སུས་མ་རིག།
ཁྱོད་ཉིད་ཁོ་ན་མཐོང་ནུས་པའི།།
རྨི་ལམ་བྱེ་བ་ཕྲག་བརྒྱ་འམ།།
འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡི།།
གཏིང་ལས་ཐར་བའི་དུས་ཀྱི་ཚེ།།
ཀྱེ་མ་ང་ཉིད་གང་དུ་འདུག།
ལས་སུ་བྱ་བ་ཅི་ཞིག་གཉེར།།
ད་ནི་ཤིང་སྒོ་སྐྱ་བོ་འདི།།
གཏན་པར་མི་བྱ་ཕྱེ་ནས་སྡོད།།
ཡིད་འཕྲོག་ནོར་བུའི་རྒྱན་འཛིན་པའི།།
ཁྱོད་ཉིད་ནམ་ཕེབས་ཆ་མི་འཚལ།།
བརྩེ་བའི་འོད་རྡུལ་ཚོགས་པའི་དཔལ།།
ཁྱོད་ཀྱི་སྒྱུ་འཕྲུལ་དྲ་བ་ནི།།
ང་ཡི་སེམས་སུ་རང་བྱུང་གི།
བཀྲ་ཤིས་དགེ་བའི་བླ་བྲེ་ཡིན།།

                    ༢༠༡༨.༡༡.༢༢


             ངག་གི་སྙེ་མ།



འཇམ་པའི་དབྱངས་ཀྱི་སྡོང་པོ་ལ།།
བརྩེ་ཞེན་མེ་ཏོག་འཛུམ་པ་ཁྱོད།།
ཏིང་འཛིན་གསལ་བའི་མེ་ལོང་དུ།།
ངང་པའི་འགྲོས་ཀྱིས་རྣམ་པར་རྒྱུ།།

རྟག་ཏུ་འཛུམ་པའི་ཞལ་རས་ཀྱི།།
སྦྲང་རྩིས་གཏམས་པའི་མཆུ་སྒྲོས་ནི།།
ངལ་བའི་གཟེབ་དང་བྲལ་བ་བཞིན།།
སྙན་པའི་ངག་ཐུན་ཡུན་གྱིས་གྲོལ།།

སྙིང་རྗེ་སྒོམ་པའི་སེམས་བྱུང་གི།།
ཆུ་བོ་གཅིག་ཏུ་བསྡུ་བ་ནི།།
གྲང་བས་ཉེན་པའི་སྐྱེ་བོ་ལ།།
མེ་དཔུང་བཞིན་དུ་ཁྱོད་ཀྱང་བསྔགས།།

ནམ་ཞིག་ཁ་བའི་རང་མདངས་ཀྱིས།།
བདག་གི་སྐྲ་ལ་ཡང་ཡང་འཇུ།།
ལོ་ཟླའི་ཆུ་མོ་བཞུར་ཤུལ་གྱི།།
གྲོག་རོང་གིས་ཀྱང་བདག་གདོང་འཛིན།།

འོན་ཏེ་ཁྱོད་ཀྱི་ཞགས་པ་ཡིས།།
བདག་སེམས་རི་དྭགས་མི་གཏོང་བས།།
འཇིག་རྟེན་འཁོར་བའི་ནགས་ཀློང་གི།།
འདོད་ཡོན་རྣམས་ལ་ཁ་དོག་བཀྲ།།

མུན་ཁྲོད་འོད་ཀྱི་གང་བུ་ཁྱོད།།
གཞན་དུ་མ་བཞུད་འདི་རུ་བཞུགས།།
འཇམ་མཉེན་སོར་མོས་འདུ་བྱེད་ཀྱིས།།
བདག་ལ་བཅོ་ལྔའི་མཚན་མོ་སྟོན།།

ཀྱེ་ཀྱེ་ཡིད་བཞིན་ནོར་འཆང་མ།།
མེ་ཏོག་འདི་ལ་ཅི་ཞིག་བྱ།།
འདི་ལས་མཆེད་པའི་དྲི་བསུང་གིས།།
བདག་གི་སེམས་ལ་ཅིའི་ཕྱིར་རྨུག།



         གངས་ཟླ།


             –––––– ཤེས་རབ་ལྷ་འཚོའི་སྐྱེས་སྐར་ལ་སྦྱར་བ།


སྣ་ཚོགས་མེ་ཏོག་སིལ་ཕྲེང་གིས།།
ཉེ་བར་མཆོད་པར་མ་བྱས་ཀྱང་།།
ལེགས་ལྡན་ཁྱོད་ལ་བཀྲ་ཤིས་ཀྱི།།
ཁ་བ་རྟག་ཏུ་འབབ་པར་ངེས།།

ལྟོས་དང་ཟླ་བས་འོད་ཟེར་གྱིས།།
ས་ལ་བྲིས་པའི་རི་མོ་ནི།།
རྨད་དུ་བྱུང་བའི་སྙན་ཚིག་གིས།།
ཁྱོད་ཀྱི་དཔལ་ལ་བསྟོད་པ་བཞིན།།

སུ་ཡི་བགོ་སྐལ་དུ་སྩལ་བའི།།
མེས་པོའི་ལེགས་བཤད་འོ་མའི་མཚོར།།
ཡང་ཡང་འཇུག་པའི་ངང་མོ་སྟེ།།
ཁྱོད་ཀྱི་བློ་གྲོས་བླ་ན་མེད།།

གང་ཚེ་གཙུག་ལག་མཚོ་རྫིང་གི།
རིག་བྱེད་པད་དཀར་ལ་ཆགས་ཏེ།།
ཚངས་པའི་སྲས་མོ་ལ་སྤྲིང་བའི།།
མཆོད་པའི་ཕྱག་རྒྱ་ཅི་ཡང་བརྩམས།།

དབྱངས་ཅན་སྲོག་ཏུ་ཞུགས་པ་ཡིས།།
ཚིག་གི་བདུད་རྩི་རྟག་འཇོ་བའི།།
དྲན་དབང་དག་ལ་མོས་གུས་ཀྱི།།
དྲི་ཆབ་སྟོབ་ལ་ཁྱོད་ཉིད་རངས།།

ཨེ་མ་ཤེས༷་བྱ་དཀར་པོ་ལ།།
འཇུག་པའི་བློ་མིག་རབ༷་ཏུ་གསལ།།
བཅོམ་ལྡན་ལྷ༷་ཡི་བུ་མོ་ནི།།
ཁྱོད་ཀྱི་འཚོ༷་བའི་ཀློང་ན་འཛུམ།།

ལས་སྐལ་ལྗོན་པའི་ཡལ་འདབས་ལ།།
སྡེར་ཆུང་ཐོགས་པའི་བྱེ་འུ་ཡི།།
བརྩེ་བའི་དོ་ཧ་ནང་སེམས་ཀྱི།།
ཟས་སུ་ལྟ་ལ་ཅིའི་མི་མཚར།།

ཡིད་ལ་སྙིང་རྗེའི་རྡུལ་ཆགས་ཤིང་།།
ངག་ལ་དགེ་བའི་གདངས་འདྲེས་པའི།།
ཡུམ་ཆེན་དང་ཡབ་ཆེན་དག།
དེ་རིང་ལྷག་ཏུ་དྲན་བྱུང་ངམ།།

བསོད་ནམས་རླུང་གི་མདའ་ཕོག་པའི།།
ཕུན་ཚོགས་ངག་གི་དྲིལ་ཆུང་ནི།།
ཁྱོད་ཀྱི་དགེ་བའི་རྣམ་འགྱུར་ལ།།
གཅིག་ཏུ་སྨོན་པའི་སྐྱེ་བོ་བཞིན།།

                       ༢༠༡༨.༡༡.༢༩
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།