སྒོ་ཡོན་གྱི་བཅད་རྩོམ་བཅུ་ཆེད་འགོད།

13514

སྒོ་ཡོན།  ༡༩༨༨ལོར་ཁམས་བྲག་འགོ་རྫོང་དུ་སྐྱེས། སྔ་རྗེས་སུ་བླ་རུང་ནང་བསྟན་སློབ་གླིང་དང་པེ་ཅིང་སྐད་བརྡ་རིག་པའི་སློབ་ཆེན་ཁག་ཏུ་སློབ་གཉེར་བྱས། རང་ལོ་བཅོ་ལྔའི་སྟེང་ནས་རྩོམ་རིག་གསར་རྩོམ་ལ་འབད་དེ། ད་ལྟའི་བར《ཁ་གཡོར་ས་གཏན་ནས་མིན》དང《ཐུབ་པའི་གཞོན་རབས》《རིག་རྩལ་རྒྱང་སྐྱོད》《རང་རིག་རང་གསལ》《སྣང་ཚོར་རོ་མཉམ》《བརྩེ་དུང་གི་གླུ་པ》གཙོས་པའི་དཔེ་དེབ་བརྒྱད་ལྷག་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་དུ་བསྐྲུན། ༢༠༠༧ལོ་ནས་བཟུང་། འགྲོ་བ་མིའི་ཐོབ་ཐང་ལ་ཁ་ཕྱོགས་པའི《བོད》དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་ཞིང་། སྔ་གཞུག་ཏུ《སྦྲང་ཆར》དང《ཀློག་པ་པོ》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》《མི་རིགས་ཀྱི་རྩོམ་རིག》《གངས་རྒྱན་ན་ཆུང་ཚགས་པར》《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》གཙོས་པའི་བོད་ཡིག་གི་དུས་དེབ་དང་ཚགས་པར། དྲ་རྒྱ་སོགས་སུ་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་སུམ་བརྒྱ་ལྷག་བཀོད་འདུག །

༈ དཀོན་མཆོག་དང་ཁོང་གི་དབུ་སྐྲ།


དོ་དགོང་གི་ཟླ་འོད་ཀྱིས་མི་རྣམས་ཟ་བཞིན།།
མི་ཡུལ་ལ་གློག་སྒྲོན་ཞིག་ཤར་སོང་ཟེར་བ།།
རང་དབང་གི་སྐར་མའི་ཚོགས་ཁོ་ན་མ་གཏོགས།།
བཙན་ཚུགས་ཀྱིས་ངག་སྲུང་བའི་སྒོ་ཁྱིས་མི་ཤེས།།
ས་གཞི་ལ་གཤེ་གཏོང་བའི་སྲིན་བུས་ལྟ་ཅི།།

རི་སྒང་ལ་སྙིང་བྲིས་པའི་ཚོན་གྱི་ཞྭ་མོ།།
མུན་ཁྲོད་ཀྱི་མགུར་ཡིན་པའི་གཏན་ཚིགས་རྙེད་པ།།
གནམ་འོག་གི་ལྷ་ལྷ་མོར་སྣང་བ་ཙམ་ལས།།
གངས་རི་ལ་ཁྲག་སྐུད་པའི་རྔོན་པས་རྟོགས་མེད།།
གདོང་མདོག་ལ་ནག་གྱོན་པའི་ཏེ་ཕོས་ཅི་ཆ།།

ཆོས་གོས་ཀྱི་དྲི་གསལ་བའི་སོ་སྐྱེས་སྟོན་མཆོག།
འཇིག་རྟེན་ལ་དར་ཕྱར་བའི་ལམ་འགྲོར་བཞེངས་པ།།
འཁྲུངས་སྐར་གྱི་དབྱངས་བསུ་བའི་སེམས་ལ་འབྱོན་ལས།།
དབུགས་རྩ་ལ་བྲོ་རྡུང་བའི་འཕྱོར་མོས་གོ་མིན།།
དབུ་སྐྲ་ལ་ཆུ་གཏོར་བའི་གདུག་པས་སྲིད་དམ།།

                                                 2011.07.05

༈ བན་ཆུང་དེ།  བན་ཆུང་དེ།


བན་ཆུང་དེ་གཉིས་གང་དུ་སོང་བ་རེད།།
མེ་ཕུང་བསྐོར་ནས་ཀུ་རེ་མི་རྩེ་རོགས།།
ང་ལ་དགོས་པའི་མཁའ་དབུགས་སུ་ཡིས་བསྒྲིབས།།

ཤོག་སྦག་ཁྲོད་ནས་རྩེད་རྡོ་སྒྲིག་ལུགས་འདིས།།
གཡེར་དྲིལ་གསེང་སིང་དགོད་པའི་སྙེག་ཆ་སྒྲོག།
སྒང་བ་ཁྲུས་ལ་ཞུགས་པའི་གནམ་ཡིག་དབབ།།

                                       2011.09.26

༈ ཉི་གདུགས་ཟེགས་པའི་དགྲ་བཅོམ་པ།


འགྲོ་མིའི་གློ་བ་གཏིང་ནས་གདུ་བཞིན།།
དམངས་གཙོའི་སྙིང་སྟོབས་ངར་གྱིས་འཁྱུག་པའི།།
བོད་ལུང་ཆུང་ཆུང་འཇའ་ཡིས་བྱུགས་པ།།
འོད་ཀྱི་རལ་གྲི་འདི་རུ་སྐྱེས་སོང་།།
ང་ནི་ཁྱེད་ཀྱི་རུས་པའི་རྒྱབ་ན།།
སྨྲ་བ་རང་ལ་གཏོད་པའི་ཁྱིམ་ཕྱེབ།

ས་ཡི་རལ་བ་ཡར་ལ་འཕྱར་བ།།
རང་དབང་རྩིས་ཀྱི་ཐང་ལ་བཏོད་ན།།
སེམས་ཀྱི་སྟོང་བ་རིགས་ཀྱིས་བཟོས་པའི།།
དོན་གྱི་དཔའ་རྟུལ་གནམ་གྱི་སྐར་ཆེན།།
ང་ནི་ཁྱེད་ཀྱི་རྨི་ལམ་རྗེས་ན།།
མིག་ཟུང་བཙུམས་པ་མེད་པའི་ལོ་མ།།

མཁའ་དབྱིངས་མེ་རུ་སྦར་སོང་མ་ཟློས།།
ཁྲག་གི་དཔའ་འབར་སྒང་ལ་བཙུགས་པས།།
ཡ་གླིང་ཡུལ་སྡེ་འགུལ་བར་བྱས་པ།།
བདེན་པའི་ལྷ་མོ་ཁོ་ནས་གཟིགས་ཡོད།།
ང་ནི་ཁྱེད་ཀྱི་གཤོག་པའི་མཐའ་ན།།
འདར་འདར་ཆང་ཕོར་ཐོགས་པའི་རི་མོ།།

                                                2011.08.18


༈  གསོལ་འདེབས།


བཀུར་བར་འོས་པའི་དབུས་ཀྱི་སྒྲོག་གུ་ལགས།།
ཁྱེད་ཀྱི་བཅིངས་པ་ཅུང་ཟད་གློད་པར་གྱིས།།
མདུན་གྱི་ནམ་མཁའ་བདག་ལའང་དབང་བས་ན།།
དབུགས་ཀྱི་ཐག་སྒྲ་ཙམ་ནི་ཤུགས་དང་བཅས།།
རས་ཡུག་སྤར་མོ་གང་དང་གདན་གཅིག་ཏུ།།
ཚེ་ཡི་འདོམ་པ་སྔུན་ལ་བརྡར་བ་ནི།།
ནམ་མཐའི་སོལ་བ་བསྣོག་པའི་ཀུ་རེ་དང་།།
ཚེ་རབས་སྐམ་ལ་སྦྱར་བའི་བསྔོ་ཡིག་ཡིན།།

                                        2012.07.23

༈ འབར་ཞུན་སོ་ལྔ་དང་སྡེ་ཤོག་གཉིས། ད་དུང་གོ་ལ་གཅིག


ས་ཡི་རྒྱལ་ཚོགས་བསྒུལ་པའི་སྟོབས་ཀྱི་སྨྲ་བ།།
གཞོངས་མཐའི་གྲུ་གཟིངས་ཆེན་མོའི་རྩེ་ལ་ཕྱར་བས།།
རིགས་ཀྱི་ར་ལག་སྐྱོང་བའི་ནེ་ཙོའི་སྡེ་ལ།།
མཆི་མའི་ཚོམ་པ་འདར་བའི་མཆོད་པ་ཕུལ་ན།།
མཚོ་རླབས་རང་གིས་མི་བསྐོར་ཁ་རོག་གེར།།
ལག་པ་རུམ་ལ་མི་འཇུག་ཚ་བེར་བེར།།

ལྕགས་གཞུས་རི་བོ་རྡུང་བའི་རླབས་ཀྱི་གཤོག་པ།།
མཐའ་ཡས་བྱེ་མའི་དཀྱིལ་ལ་རྔམ་གྱིས་བསྐྱོད་པས།།
དུང་དམར་བཙན་གྱིས་འབུད་པའི་སྦྱང་ཀིའི་ཚོགས་ལ།།
མིག་ཟུང་ཧྲིག་ཧྲིག་འགུལ་བའི་དངངས་པ་བསླངས་ན།།
འཇའ་ལམ་རང་གིས་འཛུགས་འདོད་རུས་ལ་འཁོར།།
དབུགས་རྩ་དྲོད་ལ་སྦྱར་བའི་དཔའ་ངར་དར།།

གངས་ཀྱི་འོ་མ་འཁྲུངས་པའི་དམངས་ཀྱི་རྣ་ཆ།།
ཁྲི་ཕྲག་རིགས་ཀྱི་དབུ་ལ་སྲོག་ཏུ་བཏགས་པས།།
སྲིད་པའི་འཚོ་བཞེས་བསྡམས་པའི་ནང་མིའི་བློ་ལ།།
གདུང་བའི་འཛུམ་རྗེས་འཆའ་བའི་བརྡ་རྩེ་བཞག་ན།།
དཔུང་པ་ནེམ་ནུར་མི་བྱ་མདུན་ལ་བལྟ།།
སྙིང་ཀ་མར་གྱིས་དཀུ་བའི་ཆོ་ངེ་བཟོ།།

                                            2012.03.31

༈ སྤྱན་ཆབ་གདུ་ཞིང་ཡོམ།


ཚེ་སྲོག་གཅིག་དང་གཉིས་འཇའ་འོད་ལ་དགོད།།
རྦབ་ཆུའི་མེ་སྟག་འགའ་རྨི་ལམ་དུ་འཁོར།།
ཁྱོད་ཚོ་ཡར་ལ་ལངས་དུས་སྤྱང་ཀིའི་འཛུམ་མདངས་འཚེར།།
ཁྱོད་ཚོ་མར་ལ་རྒྱུགས་དུས་གནམ་གྱི་རྣ་ཆ་འདར།།
རྔོན་པའི་སྙན་ངག་བྲིས།།
ཁ་བའི་སྐྲ་ལོ་འཕུར།།

མདའ་དར་གཉིས་དང་གསུམ་རྣམ་ཤེས་སུ་སྨིན།།
ཕུབ་ཀྱི་ཡིག་འབྲུ་དག་རྒྱང་སྐྱོད་ལ་ཞུགས།།
གནའ་བོའི་ཞགས་པ་གདུ་བས་སྟོབས་ཀྱི་དཔུང་བ་སྐྱོམ།།
གཉན་གྱི་བྱིན་རླབས་ལྡང་བས་སྙིང་ལ་མེ་ཏོག་ཆགས།།
གསར་བརྗེ་སེར་པོ་སྐྱེས།།
རིགས་ཀྱི་རྟ་ཕོ་ཡག།

རླུང་འུར་བཞི་དང་ལྔ་དབྱིངས་རིས་ལ་ཕབ།།
ཐིག་ལེ་ནག་པོ་ཙམ་གཡས་གཡོན་དུ་འདུར།།
ལུང་ལ་མདུད་པ་བརྒྱབ་པས་ལོ་རྒྱུས་ལོག་ཕེབས་གནང་།།
དྲ་བ་གཤགས་གཤགས་བཟོས་པས་དངངས་པའི་སྒྱུ་མ་བྱོ།།
ཁྲག་གི་སྐད་ཅོར་གཏོང་།།
ལྷ་ཡི་སྤྱན་ཆབ་འཆོར།།

                                             2012.01.24

༈ བློ་གྲོས་ལྡན་པའི་ཡིག་འབྲུ་དག་གང་དུ་བྲོས།


ཤ་ཁྲག་འགུལ་འགུལ་གཏོང་བའི་ཉིན་མོར།།
ཀུ་རེ་འདི་འདྲ་རྩེད་བསམ་ཡོད་རེ།།
རུས་ཀྱི་རིན་པ་བཞག་པའི་བླ་རས།།
སྙིམ་པ་ཅན་གྱི་བདག་པོར་དབང་ན།།
མིག་མདངས་རྣོ་བའི་ཁྱི་ཡི་སྡེ་ལ།།
ཉི་མའི་ལག་པ་བཞིན་དུ་བསྐྱང་ན།།
མཐོངས་པའི་རྔམ་པ་གས་ལ་ང་ཡི་སུག་པ་འདར་དགོས།།

སེམས་གཟུགས་ཆུ་ལ་ལྡང་བའི་སྔ་ནུབ།།
ཤོག་གུའི་གློ་གྲི་སྟེང་ལ་སྤོས་ཡོང་།།
འཇའ་ལམ་རང་མལ་ཤར་བའི་མངལ་ཁྲི།།
རྨིག་རྗེས་རུམ་ལ་བྲིས་པར་ཡོད་ན།།
ཚེ་སྲོག་ལྕགས་སུ་སྐྱེས་པའི་གཞིས་ལ།།
དབྱངས་ཀྱི་སྐྲ་ལོ་བཞིན་དུ་སྦྲན་ན།།
རྨ་ཁ་གསེར་གྱིས་མི་བརྒྱན་གསར་བརྗེ་སྔར་ལྟར་བྱའོ།།

                                                  2012.02.15

༈ སྡེ་ཤོག་ཅིག་གི་རལ་པ།


ལོ་ལ་ལོག་ཤོག་སྟོབས་ཀྱི་དཔའ་བ་ཀེ་རེར་ལངས།།
དར་ལ་འཕྱར་སོང་དམུ་ཡི་རིགས་སྡེ་དགུང་ལ་འཁྲུངས།།
ས་ཡི་རྣམ་ཤེས་སྐལ་ལ་བཞག་པའི་དེ་རིང་ལ།།
ང་ཡི་སྲིད་པ་ཁྱོད་ཀྱིས་བྱས་སོང་ཟེར་བ་འདྲ།།
འཛམ་བུའི་སྡེ་ཞིག་ཁྱོད་ཀྱི་ཡིན་ན་ཆོག་པ་འདྲ།།

རྩྭ་ཆུའི་འཁྱིལ་བ་གནམ་ལ་བསླངས་པའི་ཞིང་བཀོད་ཡག།
སྨག་པའི་ཁྲག་རྐང་རུས་ལ་བྲིས་པའི་བཤུལ་རྒྱུད་བཙོག།
རྡོག་པའི་གདན་ལ་གནག་པའི་ཐོབ་པ་བཞེངས་ཤིག་པའི།།
གསེར་གྱི་སྤྲིན་པ་འཇའ་རུ་འོང་གྲབས་བཟོས་པའི་ཉིན།།
དབུ་ཡི་ལྕགས་རི་ཁྱོད་ཀྱིས་བསྲུང་བ་གང་དགོས་ལ།།
ཡབ་ཀྱི་མཚོན་པ་ཁྱོད་ཙམ་ཡོད་པས་མགུ་བ་ལྡིང་།།

ངར་གྱིས་རྒྱུག་པའི་གློག་གི་རྩེ་ལྕེ་ཡོམ་པའི་སྟེང་།།
མཚན་གྱིས་མཚོན་པའི་ཕོ་བྲང་བགྲེས་པོ་འགྱིང་བའི་ངོས།།
ཤུགས་ཀྱིས་བཙན་པའི་སྒྲ་རོལ་གསར་བའི་བརྡ་རྟགས་དགོད།།
དིར་ལ་འདྲིས་པའི་བློ་ཡི་སད་པ་རྦད་ནས་བསྒུལ།།
སང་གི་ནངས་ཞོགས་ཁྱོད་ཀྱིས་བསྐོལ་བ་རྒྱང་ཤོག་བུས།།
མེ་ཡིས་སྦགས་པ་ཁྱོད་ཉིད་མིན་པ་གསལ་དུ་ཐོངས།།

                                                  2011.05.09


༈  བཙུན་པའི་ཁ་ཕོར།  རླུང་གི་རལ་གྲི།


ཆར་བ་འབབ་མཚམས་ཀྱི་གཤོག་པ་བཀྱགས།།
རྡོ་བའི་ཟུར་ཁྱིམ་ལ་རྐང་བ་བཞག།
རྨི་ལམ་དབྱངས་འགྲོས་ལ་མ་བརྒྱུས་པས།།
རས་ཡུག་དམར་པོ་དེར་འདར་ཡོམ་བསླངས།
མཚོ་ཆེན་རབ་ཁ་ན་དུར་ས་བཟོས།།
མུ་ཏིག་ལྷ་སྐེ་ལ་མ་བཏགས་པས།།

གངས་ཀྱི་ཡིག་འབྲི་ལས་མེ་དཔུང་ལངས།།
པོ་ཏི་རྙིང་གོག་ལ་དབུགས་རྩ་བགོས།།
འཆི་སྐད་འོད་གསལ་ལས་མི་དམན་པས།།
ཆོས་གོས་ཞི་བ་ལ་སངས་རྒྱས་འཁྲུགས།།
མི་ཡི་ལོ་འདབས་སུ་གསེར་སྡོང་འབར།།
ཐག་པ་ཐལ་རླབས་ཀྱིས་མ་ཐེབས་པས།།

                                        2011.03.16

༈ སེམས་པ་རླུང་ལོག


དེ་རིང་ནི་གནམ་ལ་རླངས་པ་འཐུལ་བའི་ཉིན་མོ་སྟེ།།
ཁྲག་རིས་ཀྱིས་ས་གཞི་གསེར་དུ་བཅོས་པའི་དུས་ཚིགས་སོ།།
མིག་འོག་གི་གྲོང་ཁྱེར་སྤར་གྱིས་བཟུང་ནས་ཆས་པ་ན།།
སྔོན་གཤེགས་ཀྱི་དཔའ་བོ་འགའ་ཞིག་དད་དམ་གྱིས་ཕྱིར་ལ་འཁོར།།
མགོ་ཐོག་ལ་བཙོག་པ་བཙན་གྱིས་འཕོ་བའི་བྱ་ཚང་དེར།།
དུས་རླུང་གི“ཧུ་ཤུ”རྡོག་ཅིག་ལོ་རྒྱུས་ཀྱི་སྐྱེས་སུ་བཏེགས།།

དེ་རིང་ནི་མུན་པ་སྔར་བཞིན་རྫོབ་པའི་ཉིན་མོ་སྟེ།།
འཐབ་རྩོད་ཀྱིས་ཁྱེར་བའི་ཡུལ་མི་རབ་རིབ་གཏོང་བའི་ཤོག་ཁའོ།།
སྟོང་བསམ་གྱི་རྔམ་པ་རྫོགས་པར་སྦྱར་ནས་བལྟས་པ་ན།།
འཇིག་རྟེན་གྱི་རྩིས་དང་མཐོངས་པ་ཐོབ་ཐང་གིས་རང་སར་འོང་།།
རྨི་ལམ་ཡང་དུག་གིས་རྨས་པའི་བདག་ཆེན་གྱི་གཞིས་སྲུང་དེར།།
འོ་དྲི་ལ་ཞི་བདེ་བགོས་ནས་སྒོ་ཐེལ་ཞིག་འབྱེད་པར་བྱ།།

                                                             2012.03.10

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།