དུང་བུ་ཆོས་འབུམ་རྒྱལ་གྱི་སྙན་ངག་རིང་མོ《རྩྭ་ཐང་། རྩྭ་ཐང་།》

11754

       
རྒྱ་མཚོ་དང་ཁ་ཐག་རིང་ཡང
རྩྭ་ཐང་གི་རྦ་རླབས
སེམས་ལ་བསྐུངས་ཡོད
གམ་ན་གྲིབ་མ་འཕྱོ་བ
ཉི་འོད་དྲོ་བ་ལ་འབྲེལ་བ་ཡོད་དམ
རླུང་བུ་ནི་ཧ་ཅང་རྩུབ
རྣམ་ཤེས་ལུས་ཀྱི་གྲུ་ལ་གཡེང་བ་ལྟར
འཆི་བའི་མཚོ་ལ་མ་ནུབ་ཀྱང
བྱིས་དུས་ནི་གཏིང་ལ་ཡལ་ཟིན
ངའི་རྩྭ་ཐང་ནི་རྒྱ་མཚོ་ཆེན་པོ་ཞིག་ཡིན

དྲན་ངོས་ནས་མི་ཞིག་འཕགས་བྱུང
དར་ལྕོག་རླུང་གིས་འབོད་པ་ལྟར
རྒྱང་རིང་རྒྱང་རིང་ནས
ཡོད་ཚད་རྫུན་ཏུ་གྱུར་བ་ལྟ་བུའི
སྙིང་གཏམ་བཤད་མཁན་དེ་སུ་རེད
དར་ལྕེ་རླུང་གིས་ཟད་པ་ལྟར
ལ་གཞས་བརྗེད་པའི་བརྩེ་དུངས་དེའི་ཆེད་དུ
དུས་རབས་འདིའི་རྣ་ཤེས་ཉམས་ཟིན
ཉོན་དང རླུང་བུ་འདི་ལྐུགས་པར་གྱུར་འདུག
ལྟོས་དང རི་མགོའི་སྨུག་པའང་ལྷིང་འཇགས་ཀྱི་ལྗིད་ཀྱིས
ཅི་ཞིག་བོར་སོང་བའི་ནག་ཉེས་ཕོག་པ་ལྟར
རྒྱང་ལ་འཐིབས་འདུག
རྒྱང་རིང་གི་སྤྲིན་པ་ནི་ལུག་ཁྱུ་ཡིན
ལུག་ཁྱུའི་མཐའ་ན་རྫི་གླུ་སང་སང
ང་ལ་བསྐྱུར་ཡོད
ངའི་རྩྭ་ཐང་ནི་རྒྱང་རིང་གི་ནམ་མཁའ་དེ་ཡིན

ཁོད་ཡངས་ཀྱིས་རྐང་རྗེས་འཐུ་བ་ལྟར
ཕྱིར་དྲན་ལ་སྟོང་སྣང་ཁོ་ན་འཚང་བའི་རྩྭ་ཐང
འཕུར་ཤེས་པའི་སྦྲ་ནག་གིས
ཆོན་ཐག་གི་རྩ་རྒྱུས་ཆད་པ་ལྟར
རྐྱོང་སྐུམ་ཐམས་ཅད་ཁོག་ཏུ་བསྡུས
རྡོ་ཡི་རྩིག་པ་རེ་རེས
ཁྱོད་ཀྱི་བྲང་ལ་རྐང་བཅགས་ཤིག་བྱས་བྱུང་ངམ
ཡང་ན ཐག་རིང་ནའང
རྡོ་བ་རེ་རེ་ཡར་ལངས་ཏེ
ཁྱོད་ལ་ཆས་ཡོད
ཡང་ན ཁྱོད་ཀྱི་པང་ནས
རྡོ་བ་རེ་རེ་གཅིག་ཏུ་འདུས་ནས
རྒྱང་ལ་ཞོགས་སོང
ཁྱོད་ཀྱང་ཕྱི་ལ་སྤྲད་པ་ལྟར
བས་མཐའ་ཞིག་ན
ང་ཡི་རྩྭ་ཐང་སྟེ
སྦྲ་ནག་རུམ་ལ་བཅུག་པའི་ལམ་འགྲོ་བ་ལགས

ས་ཆེན་གྱི་སེམས་དཔངས་ཇེ་དམའ་ནས་ཇེ་དམའ
རི་བོས་འགྲོ་ལམ་ཕྱེ་བ་ལྟ་བུའི་གྲོག་ཤུར་དུ
ཚེ་སྲོག་གི་ཆུ་རྒྱུན་ཨུ་ཚུགས་ཀྱིས་སྲིང་བའི་རྩྭ་ཐང
མི་ཚོགས་ཀྱི་གཙང་བོ་ཁྱོད་ཀྱི་པང་ལ་སླེབས
ཁྱོད་རང་སྦུ་གུ་ཞིག་ལ་འདྲེན་པ་ལྟར
ལམ་བུ་མང་བོ་བཞུར་གྱིན་བཞུར་གྱིན
ཚུར་ནས་ཚུར་ལ་མཆེད
རླངས་འཁོར་གྱི་མགྲིན་སྒྲ་ལས
རི་དྭགས་ཀྱི་བརྩེ་བ་རྒྱང་ལ་ཁུར
ཨ་མེས་ཀྱི་གནའ་གཏམ་ཆུ་ལ་ཡལ
རྟ་ཞོན་མི་ཤེས་པའི་ཇག་པ་འགའ
སྤང་ནས་འཚར
ཕྱིར་མ་ལོག་པའི་མི་རབས་ཤིག་གི་སེམས་ན
གཉིད་ལ་ཡུར་བ་ལྟར
དགའ་སྐྱོའི་བྱུང་བ་ཡོད་ཚད
ཁྱོད་ཀྱི་རྨི་ལམ་དུ་སྤར་ཚར
ང་ཡི་རྩྭ་ཐང

རྐང་རྗེན་ངང་བརྩེ་དུངས་ཀྱི་ལུས་ལ་སྤོས་པ་ལྟར
མེ་ཏོག་དང་ཉི་འོད་ཀྱི་སྐད་ཆ
སེམས་ན་གསལ
གནས་ལུགས་མང་བོ་ཁྱོད་ཀྱི་གཤིས་ནས་རྙེད་དེ
ཕ་མེས་ཀྱི་རྒྱུད་ལ་འཇགས
ནམ་མཁའ་ནའང
སྐར་ཚོགས་མང་བོ་ཁྱོད་ལ་འཛུམ་ཡོད
ཁྱོད་ནི་ཁེར་རྐྱང་སྣང་བར་བྱེད་པའི་མཐའ་ཡས་པ་དེ་ག་ལ་ཡིན
འདུ་འཛི་ལང་ལོང་དཀྲོགས་པ་ལས
ཚོར་བའི་དབང་བོ
ལྷིང་འཇགས་ཀྱི་མར་ལོ་རུ་སྦྲུམ
འུར་ཟིང་གི་ཤྭ་འོད་རྒོད་པོས
དྲན་ཤེས་རིགས་ཤིག
ཁྱོད་ཀྱི་ཁོག་ལ་འདེད་པ་དང་འདྲ
ང་ཡི་རྩྭ་ཐང
ང་ནི་ངལ་བས་བཅུམས་དྲགས་དུས
ཁྱོད་ཀྱི་སྤང་གི་ཟིལ་བར་སྨོན

ངོ་གནག་པའི་དུད་སྨུག་གིས
སྐར་མའི་འཛུམ་མདངས་དལ་བ་དལ་བུར་བསྒྲིབས
སྤྲིན་གྱི་ཁ་དོག་འགྱུར་བ་ལྟར
ངོ་མདངས་ནི་སྨུག་པོ་ནས་དཀར་པོར་གྱུར
འབྲོག་པ་ནི་གཏན་སྡོད་མེད་པར
རི་དང་སྤང་ལ་སྤོས་སྤོས་མཐར
གཞིས་ཀ་ཞིག་རྙེད་པ
རྩྭ་ཐང་ལས་ཐར་བ་ལྟར
ཁང་བརྩེགས་ལ་ཐིམ
ཕ་ཡུལ་ནི་ཇེ་ཆུང་ནས་ཇེ་ཆུང་རེད
ད་ནི་མེ་ཏོག་སྣ་ཚོགས་ཀྱང་སྣ་གཅིག་ཏུ་བསམས་ཏེ
རྩོམ་ཡིག་ཅིག་འབྲི་བ་ལྟར
ཡུལ་མི་དག་གི་དྲན་པ་ལས
ཁྱོད་རང་རྒྱུས་མེད་དུ་ཆགས
རྒྱུས་མེད་ཀྱི་ནམ་མཁའ་ནས
སྐད་ཆ་སུབ་པའི་མཁའ་དབུགས་འདི་ལ
གཟུགས་མེད་ཨང

སླ་ངས་ནག་དྲེག་གི་སྟོད་གོས་ཕུད་པ་ལྟར
གཏམ་དཔེར་འགོས་པའི་གནས་ལུགས་ཀྱི་རི་མོའང་དག་སོང
རི་མོའི་ནང་གི་མཚེར་ཤུལ་རེ་རེ
སོས་ཟིན་པའི་རྨ་ཁ་རེ་རེ་ལྟར
ཁྱོད་ཀྱི་སྙིང་ལ་འཐིམ་ཚུལ
འོད་ལ་དྲིས་དང་མཐོང་ཡོང
རླུང་ལ་དྲིས་དང་ཐོས་ཡོང
བར་ཐག་སྐད་ཆས་ཆོད་པའི་རྒན་གཞོན་གཉིས་ཀྱི་དཀྱིལ་ན
ཁྱོད་རང་ཁུ་སིམ་མེར
འགྲེལ་བཤད་མཐའ་དག་སེམས་ཀྱིས་མྱོང་བ་ལྟར་ལུས་ཡོད
བྱ་བྱེའུའི་ཀྱུར་ཀྱུར
སྒྲ་ཡིས་མ་ཟིན་པའི་དབྱངས་ཡིག་ཅིག་ལྟར
ཚོར་མེད་ངང་གྲགས་དུས
ཁྱོད་ཀྱིས་སུ་ལ་ཉན་ཡོད
ང་ཡི་རྩྭ་ཐང

རྨིག་རྗེས་ནི
ཁྱོད་ཀྱི་མིག་ཆུ་བཙིར་བ་ལྟར
གདོང་ལ་ཕབ་ནས
སྐྱོ་གདུང་རིགས་ཤིག
ཡུད་ཙམ་ལ
ཁྱོར་བར་བཅུས་པ་ལྟར
སྡུག་གི་སྤྲིན་པ་རླུང་གིས་དྭངས་འགྲོ
རྩི་ཤིང་གི་མགོ་ལྕོག་ལྡེམ་ལྡེམ་གཡོ་བ
དངན་པ་ཐེངས་ཤིག་གིས
དྲན་སྣང་སྒུལ་བ་ལྟར
བྲང་ཁོག་ཧྲིལ་བོ་ས་རྡོས་འཁྲིགས་དུས
རི་བོའི་དབུགས་རྒྱུན་འཁྱག་པོ
ཕུགས་ལམ་ནང་ལ་དཀག་འདུག་ཨང
རི་བོའི་མུ་ཁྱུད་ཀྱིས་སྲུང་མ་ནུས་པའི་རྩྭ་ཐང་ལགས

ས་ལ་འབབ་པ་ནི
བར་སྣང་ལ་ལོག་པ་ལྟར
ཁྱོད་ནི་བྱ་རྒོད་ཀྱི་ནམ་མཁའ་ཡིན
ཡུལ་ལ་ལོག་ཐེངས་རེར
རྨི་ལམ་ལ་མཇལ་ཐེངས་ཤིག
སེམས་སུ་གླན་ཡོད
ནམ་མཁའ་ནི་རྩྭ་ཐང་ལྟར
གཤོག་འགྱུར་དུ་བསྡུས་ནས
ཡུལ་མི་དག་རྒྱང་ལ་འཕུར
ཕྱིར་ལོག་པ་ནི་དགུང་སྔོན་དབྱིངས་ལ་བསྐྱོད་པ་ལྟར
ཁྱོད་རང་རྐང་འོག་ཏུ་མནན་ནས་ནར་སོན་ནའང
འཇིག་རྟེན་འདིའི་ཡང་རྩེ་རུ་འཕུར་བ་འདྲ
ཁྱོད་ནི་ཕ་ཡུལ་གྱི་ནམ་མཁའ་ཡིན
དུས་རབས་ཤིག་གི་དྲན་པའི་ཁུགས་ལ
ནམ་མཁའི་རྩྭ་ཐང་ན་རྩེན་པའི་བྱ་རྒོད་ཅིག་གིས
ལྡིང་སྐོར་ཡང་ཡང་བརྒྱབ

མདའ་ཤིང་ལག་ཏུ་བསྒྲེངས་པའི་ལབ་རྩེ་རེེ་རེ
དཔའ་གདེང་གི་འབོད་པས་དབུལ་ནས
མི་དག་གི་འདོད་པ་སྤུངས་པའི་ཐོ་ཡོར་ཞིག་ལྟར
ཁྱོད་ཀྱི་བྲང་ལ་འགྲེང་ཡོད
བསང་དུད་ཀྱིས་སྐྱོམ་པའི་དག་སྣང་དྲོན་མོ་གང་ལ་ཡལ་སོང
རྩྭ་ཐང་གིས་མ་ཁེབས་པའི་རྐང་རྗེས་རེ་རེ་རྒྱང་ལ་གཤར་བ་ནི
ཕྱིར་དྲན་ལ་བོར་བརླག་ཐེབས་པ་ལྟར
མི་ཞིག་རང་གི་རིགས་རུས་སྐྱེ་རྒྱུད་ཀྱི་དུ་བའི་ཀློང་ནས
ཡུད་ཙམ་ལ་སྨྲ་བ་མེད་པར་གྱུར
གཏམ་གྱི་མཆོད་པ་མེད་པའི་ལྷ་བསང་ཞིག་ཕུད་པ
བར་ཐག་རིགས་ཤིག་གསལ་བཤད་བྱེད་པ་ལྟར
ཁྱོད་ལ་ངོ་གདོང་སྨུག་པོ་ཅན་གྱི་མི་རབས་དེ་དྲན་དུ་བཅུག་གམ
བདག་པོར་གྱེས་པའི་རྩྭ་ཐང་ལགས

རི་བོས་ཕྱིང་ཞྭ་ཕུད་དེ་ཀླད་སྤྱི་ཐེར་པོ་ཕྱི་ལ་བསྟན
གངས་ཀྱི་ཁ་བ་ས་ལ་ཆགས་པ་ཙམ་གྱིས་ཞུ་སོང
རྩྭ་ཐང་ལ་ཞེན་ཆགས་པའི་བགྲེས་པོ་ཞིག
ས་ཆེན་གྱི་གཉེར་མས་བཟུང་བ་ལྟར
རྒྱང་ལ་ཅེར་འདུག་པ་ནི
ཁ་བར་སྒུག་པ་ཨེ་རེད
རི་མགོའི་རྡོ་དང་གཡའ་མའི་གསེབ་ནས
གངས་ལྷ་མེ་ཏོག་གཅིག་པུར་ལུས་པ་ལྟར
སྨད་ཀྱི་སྤང་ཐང་ཡངས་པོ་ནས
ཆུ་མིག་ཁེར་འགྲོ་ཞིག
ཐང་ཆད་དེ ས་འོག་ཏུ་གཉིད་མགོ་བརྩམས
ཙད་ཐན་མང་བོས ཁྱོད་ཀྱི་རྨི་ལམ་སྒུལ་བྱུང་ངམ
ང་ཡི་རྩྭ་ཐང

ཕ་མཐའི་ཉག་ག་དེ་ནས་རེ་སྒུག་ཅིག་རླུང་ལ་འདྲེས
སྒོ་ཁྱིའི་ཟུག་སྐད་ནི
ནོར་ལུག་འདེད་རྒྱུ་མེད་པའི་རྫི་བོ་ཞིག་ལྟར
ཐང་སྟོང་ལ་འཁྱམས་ནས་སུ་དང་གང་གི་རྣ་ལ་མ་འཁོར
རིགས་རྒྱུད་ཅིག་གིས་ནང་སེམས་ཀྱི་ཞི་འཇགས་བསྐྱུར་བ་ལྟར
ཁྱོད་ནི་ཁུ་སིམ་མེར
རླུང་གི་སྐད་སྒྲར་ཉན་པ་ལྟར
སྨྲ་བ་མེད་པའི་དབྱར་དགུན་སྟོན་དཔྱིད་ཀྱི་པང་ན
སྡུག་ཡུས་མེད་པར་རྒས་འདུག་ཨང
ང་ཡི་རྩྭ་ཐང ང་ཡི་རྩྭ་ཐང
ཁྱོད་ཀྱི་རི་ལུང་ཐང་གསུམ་ལ
སྐད་ཆ་མ་བཤད་ཀྱང
ཕྱིར་དྲན་གྱི་བྲག་ཅ་སེམས་ལ་མཆེད་འོང
མི་རབས་ཤིག རྒྱང་འབོད་ཀྱི་སྣེ་མོ་ན
འོན་པར་གྱུར་ཡོད་པ་སུ་ལ་གསང
ད་ནི མི་དག་རང་གི་ནང་སེམས་ཀྱི་ལྷིང་འཇགས་སུ་ལོག་ནས
ཁེར་རྐྱང་གི་སེམས་སྒྲ་ལ་ཉན་ཡོད།

                    ༢༠༡༨ ༠༣ ༢༣--༠༤ ༠༨ལ་བྲིས་ཚར


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།