མགུར་རྩོམ་མི་ལ་རས་པའི་གཤོག་རྩལ།

13019

                                                               རྩོམ་མཁན་གྲོག་མ།

    ༈ ཨེ་མ་རྗེ་བཙུན་སྒྲོལ་མ།


ཞབས་རྐང་གདུབ་སིལ་སྒྲ་སྒྲོག་པ་ཡི།།

དར་དཀར་དམར་ན་བཟའ་གསོལ་བ་ཡི།།

མ་རྗེ་བཙུན་སྒྲོལ་དཀར་ལྷ་མོ་ལགས།།

སྤྱན་དཀྱུས་རིང་ཨུཏྤལ་འདབ་མ་འདྲ།།

ཞལ་དུང་ཟླ་སྐར་ཚོགས་སྤུངས་པ་འདྲ།།

ཕྱག་མཉེན་ལྕུག་གར་སྟབས་ངོམ་བཞིན་བྱོན།།

ཐུགས་བུམ་ཆུང་བདུད་རྩི་འགྱེད་བཞིན་བྱོན།།

གསུང་བ་སེར་འོ་མ་འཇོ་བཞིན་བྱོན།།

སྐུ་ལྷུན་སྟུག་འཁྲིལ་ཞིང་ལྡེམ་བཞིན་བྱོན།།

ཤིང་ཙནྡན་ཆུ་ཡི་ཞབས་བསིལ་འབུལ།།

མེ་ཏོག་གི་དོ་ཤལ་རིང་མོ་འབུལ།།

སྤོས་དུད་ཀྱི་མཆོད་པའི་སྤྲིན་ཕུང་འབུལ།།

ཐུགས་བདེ་སྟོང་གསལ་བའི་བཀྲ་ཤིས་ཤོག།

དམ་ཚིག་གི་གངས་རི་མ་ཞུ་བའི།།

ཞལ་བཞེས་ཀྱི་གཡུ་མཚོ་མ་སྐམ་པའི།།

རྗེ་བཙུན་ནི་སྒྲོལ་མ་དཀར་མོ་ལགས།།

མཁྱེན་རབ་ནི་ནམ་མཁའ་དྭངས་པ་འདྲ།།

བྱམས་བརྩེ་ནི་ཉི་མ་དྲོས་པ་འདྲ།།

སྐུ་བསམ་ཡས་གཅིག་ཏུ་མ་ངེས་ཀྱང་།།

རེས་འགའ་ནི་མདའ་དར་བསླངས་པ་འདྲ།།

མདའ་དར་ལ་མེ་ལོང་བཏགས་པ་འདྲ།།

ཡང་ལན་རེ་ལབ་རྩེ་བརྒྱན་པ་འདྲ།།

ཕྱོགས་ཀུན་ཏུ་དར་ཐག་འཐེན་པ་འདྲ།།

ཡོན་ཏན་གྱི་པདྨ་དཀར་པོ་བསྣམས།།

ཕྲིན་ལས་ཀྱི་སེང་གེ་དཀར་མོར་བཅིབས།།

རྗེས་ཆགས་ཀྱི་འཛུམ་ཆུང་སྟོན་བཞིན་བྱོན།།

ངའི་ཨ་མ་རྗེ་བཙུན་སྒྲོལ་མ་ལགས།

                             2018.12.9


        ༈ དེ་བཞིན་ཉིད་ཀྱི་གླུ་དབྱངས།


ནང་སེམས་ཀྱི་རོལ་མོ་ཇི་ལྟར་རྡུང་།།

གཏམ་སྙན་མོའི་གཤོག་པ་ཇི་ལྟར་རྐྱོང་།།

ངའི་སྙིང་རྗེ་ཆེན་པོའི་གཞས་ཆུང་འདི།།

མ་འགྲོ་བའི་རྣ་བར་ཇི་ལྟར་ལེན།།

དབང་པོ་ལྔ་བྱིའུ་ཚང་འདྲ་བའི་ནང་།།

བྱིའུ་ཕྲུག་གི་རྣམ་ཤེས་གཉིད་དུ་ཡོར།།

ཟད་མེད་ཀྱི་རྨི་ལམ་བསྐྱར་དུ་རྨིས།།

གངས་དཀར་པོའི་ཞལ་རས་མག་མོག་མཇལ།།

སེང་དཀར་མོའི་གཡུ་རལ་རབ་རིབ་མཐོང་།།

མཚོ་ཆེན་པོའི་རླབས་སྒྲ་མ་ཐོས་ན།།

གླུ་སྙན་མོའི་དབྱངས་རྟ་མི་ཐོན་འདུག།

ཐུགས་དཔལ་གྱི་བེའུའི་ནང་དུ་བསྐྱིལ།།

མགུལ་དངུལ་གྱི་བུམ་པའི་ནང་ནས་ཕྱུང་།།

ལྗགས་གསེར་གྱི་པདྨོས་བཀྲལ་བ་ཡི།།

ངའི་སྟོང་པ་ཉིད་ཀྱི་གླུ་ཆུང་འདི།།

རྒྱབ་ཆོས་གོས་འོག་ནས་ཇི་ལྟར་ལེན།།

ཁ་ལྕེ་རྐན་བར་ནས་ཇི་ལྟར་འདོན།།

སེམས་དྲན་ཤེས་ཡུལ་དུ་ཇི་ལྟར་འཇོག།

དཔེ་བཞག་ནས་མཚོན་ཐབས་མི་འདུག་སྟེ།།

གླུ་འདི་ལ་འཐམས་ཏེ་ངུ་དགོས་བྱུང་།།

གདངས་འཐེན་ནས་གྱེར་ཐབས་མི་འདུག་སྟེ།།

གླུ་འདི་ལ་འཇུས་ཏེ་དགོད་རྒྱུ་བྱུང་།།

                                2018.12.4

          ༈ རྣ་ལུང་འཚོལ་བ།


དྲང་སྲོང་དགུང་ལོ་བགྲེས་པའི་དབུ་ལོ་ལ་མ་བསམ།།
 འཕྲད་གླིང་ཐོགས་པའི་ལྷ་མོ་སྐུ་ལྕམ་དུ་བསུས་པས།།
 གསེར་གྱི་རྣ་ལུང་བརྐུས་པའི་ཉེས་ལྟུང་གི་འོག་ནས།།
 སྲས་མོ་ཆུང་ཆུང་གངས་ཀྱི་རི་སུལ་དུ་བྲོས་སོང་།།
 
གླུ་བརྒྱ་ངག་ཅིག་བོད་ཀྱི་དུང་ཆེན་ལ་སུན་པའི།།
 གངས་རི་གངས་ཁྲོད་འགྲིམ་པའི་རས་པ་ཞིག་ཡོད་དེ།།
 གསེར་གྱི་རྣ་རྒྱན་བོར་བའི་ར་མདའ་ལ་སོང་ཡང་།།
 ཁོང་གི་སྐུ་ཚེ་མགུར་དང་དབྱངས་རྟ་ལ་ཐིམ་སོང་།།
 
 གངས་ཀྱི་རས་པ་གངས་རིའི་རྩེ་མོ་རུ་གྲོངས་ཏེ།།
 སྦ་འཁར་སྨུག་པོ་གངས་ཀྱི་ཕུག་པ་རུ་ལུས་སོང་།།
 གསེར་གྱི་རྣ་ཆ་དེ་ཡང་ངག་རྒྱུན་ཙམ་གྱུར་ནས།།
 མི་ལོ་བརྒྱ་ཕྲག་མང་པོ་གཙང་ཆུ་བཞིན་འདས་སོ།།
 
 འབྲུག་པའི་གླུ་པ་གངས་རིའི་རྩེ་མོ་རུ་མ་སོང་།།
 ཁྱི་དང་ནག་མོའི་གྲོང་ནས་གླུ་ངག་རེ་འགུག་བཞིན།།
 རིན་ཆེན་གསེར་ལས་གྲུབ་པའི་རྒྱན་ཆ་ཞིག་ཡོད་དེ།།
ང་དང་ཁྱོད་ཚོས་བཙལ་ཡང་མི་རྙེད་ཅེས་བླངས་སོ།།
 
 གསེར་རྣ་གོར་མོ་གངས་རིའི་ཁོང་གསེང་དུ་བོར་བའི།།
 གཏམ་ལ་བློ་གཏད་ཕོད་པ་ཚངས་དབྱངས་ཀྱི་རྒྱ་མཚོ།།
 རྒྱལ་སྲིད་སྤངས་ཏེ་གླུ་དང་ཆང་གཞས་ལ་འཇུས་པས།།
 དངུལ་འོད་ལམ་ལམ་འཕྲོ་བའི་མཛུབ་དཀྲིས་ཤིག་མཐོང་སྐད།།
 
 ཚོགས་དྲུག་རང་སར་གྲོལ་བའི་རྣལ་འབྱོར་གྱི་དབང་ཕྱུག།
 དགུང་ལོ་བགྲེས་དུས་གངས་ཀྱི་ཁོང་གསེང་ཀུན་ཉུལ་ཡང་།།
 རས་པ་ཤི་བའི་སྦ་འཁར་རྙིང་པ་ཞིག་རྙེད་དེ།།
 ཞི་བློ་གཏིང་ནས་ཚིམས་པའི་མགུར་རྟ་ཡང་མཛད་འདུག།
 
 སེམས་རྩ་སེང་གེ་དཀར་མོའི་བཞུད་ལམ་ལ་དགའ་ཡང་།།
 ཨ་བུ་ཧྲུལ་པོའི་ངག་སྒོ་ཐ་སྙད་ཀྱིས་འཚངས་འདུག།
 རིན་ཆེན་རྣ་ཆ་འཚོལ་བའི་སྤོབས་པ་ཙམ་རྙེད་པས།།
 ཟད་མེད་གླུ་དང་གར་གྱི་མཛོད་ཁང་དུ་གྱུར་ཡོད།།
 
 དབྱངས་ཀྱི་རྣ་ལུང་གོར་མོ་སུས་རྙེད་ནི་མ་ཤེས།།
 དབྱངས་འགྲོས་ལྷུང་ལྷུང་བྱེད་པའི་གངས་ཆུ་ཡི་རོལ་མོ།།
 དབྱངས་རྟ་འབྱུང་བའི་ཡུམ་ཆེན་རྒྱ་མཚོ་རུ་བབས་པས།།
 དབྱངས་ཅན་ལྷ་མོའི་ཞལ་རས་ཟླ་བ་བཞིན་ཚེས་བྱུང་།།
 
 
                                 2018.12.7

   ༈ སྙན་ངག་གི་ཕྱག་རྒྱ་དང་པོ།


ཀྱེ་མ་བདག་གི་རོལ་རྩེད་གླིང་ག་ན།།

མཚེའུ་མེ་ལོང་ཙམ་ཞིག་འཁྱིལ་བ་འདིས།།

རིག་རིག་ང་ལ་བལྟས་པའི་ཉམས་ཤིག་བྱུང་།།

འཆི་བ་གཏན་གྱི་འགྲོ་ས་མི་དྲན་ནམ།།

མི་བདེན་རྫུན་གྱི་འཇིག་རྟེན་མི་དྲན་ནམ།།

ཡང་དག་སེམས་ཀྱི་འོད་ཟེར་མི་དྲན་ནམ།།

དྲན་པའི་ཁབ་སོ་བརྒྱ་ཡི་རྩེ་མོ་ནས།།

ང་ཡི་ཐུབ་པ་ཆུ་ལ་ཉ་ལྡང་ལྟར།།

ཝ་ལེར་འཆར་དུས་ལྕེ་དང་མགྲིན་པ་དིག།

བརྗོད་འདོད་ལྐུག་པས་རྨི་ལམ་རྨིས་པ་བཞིན།།

ཚིག་གི་མེ་ལྕེ་དམར་པོ་རང་སར་ཞིག།

བདེན་ལུགས་བརྒྱ་ཕྲག་བརྩེགས་པའི་འཇིག་རྟེན་དེར།།

གཟུགས་མེད་སྒྲ་མེད་པི་ཝང་གླིང་བུ་མེད།།

བསང་དང་དུད་པ་མེད་པའི་ལྷ་ཡུལ་འདྲ།།

ང་ཡིས་ལྟ་མགུར་རིང་མོ་ཇི་ལྟར་འཐེན།།

ཚིག་གི་ཐལ་མོ་ཁྱེད་ལ་ཇི་ལྟར་སྦྱོར།།

ཨེ་མ་རྒྱུ་འབྲས་ཆོས་ཀྱི་གོས་གྱོན་པའི།།

ཁྱེད་སྐུ་འོད་ཕུང་འབར་བའི་ལང་ཚོ་དེ།།

ཤེལ་གྱི་རྩ་སྦུག་བརྒྱུད་ནས་མཇལ་བའི་ཚེ།།

མུ་མཐའ་མེད་པའི་འཇའ་ཡི་དཀྱིལ་འཁོར་ཞིག།

རྒྱུན་གྱི་འཁོར་ལོའི་དབུས་སུ་བཞུགས་པ་མཐོང་།།

དེ་ལ་སྤྲོས་པའི་མཚན་མ་མི་སྣང་མོད།།

ཞི་བའི་སྤྱན་ཟུང་ང་ལ་ཚུར་གཟིགས་དང་།།

མེ་ལོང་ནང་གི་མཁའ་དང་རང་སེམས་སུ།།

བདེན་པའི་ཉི་ཟླ་འོད་ཆེན་གསལ་ཞིང་འབར།།

ང་ཡིས་ལྟ་མགུར་རིང་མོ་ཇི་ལྟར་འཐེན།།

ཚིག་གི་ཐལ་མོ་ཁྱེད་ལ་ཇི་ལྟར་སྦྱོར།།


  ༈ སྙན་ངག་གི་ཕྱག་རྒྱ་གཉིས་པ།


ང་གར་འགྲོ་གཏད་སོ་མེད་པའི་དུས།།

མིག་ཁྲ་ཆུང་གནམ་ལ་ཅེར་ཙ་ན།།

མི་ཁྱོད་ཀྱིས་གཤོག་རྩལ་ཡང་ཡང་ངོམ།།

བྱ་ཁྲུང་ཁྲུང་བྱང་དུ་འཕུར་བ་འདྲ།།

ཆར་ཟིལ་མ་འབབ་པའི་རྟགས་དང་འདྲ།།

རྩི་མེ་ཏོག་འཁྲུངས་པའི་རྟེན་འབྲེལ་རེད།།

ང་མོས་གུས་ཀྱི་སེམས་རྩ་འགུལ་བའི་དུས།།

ལག་སྙིམ་པས་ཐལ་མོ་སྦྱོར་ཙ་ན།།

མི་ཁྱོད་ཀྱིས་སྙིང་གཏམ་གླུ་རུ་ལེན།།

གཏམ་སྙན་མོ་གཞུང་ཆུ་བབས་པ་འདྲ།།

ཟས་ཞིམ་པོའི་མགྲོན་དུ་བསླེབས་པ་འདྲ།།

དྲིན་ཕ་མའི་དྲུང་དུ་བསྡད་པ་འདྲ།།

དད་དུང་གི་བ་སྤུ་གཡོ་བར་བྱེད།།

ང་འདོད་ཡོན་གྱི་མེ་རུ་ལྷུང་བའི་ཚེ།།

ལུས་ཚ་བ་དྲག་པོས་གདུང་ཙ་ན།།

མི་ཁྱོད་ཀྱིས་བསིལ་ལྡན་རྔ་ཡབ་གཡུག།

ཤིང་རྒྱ་ལྕང་ལོ་འདབ་རྒྱས་པ་འདྲ།།

ལོ་འདབ་ལ་རླུང་གིས་ཕོག་པ་འདྲ།།

གནམ་ཨ་སྔོན་ལ་སྤྲིན་དཀར་ལྡིང་བ་འདྲ།།

ང་རེས་འགའ་སྐྱོ་ཞིང་གདུང་བའི་ཚེ།།

སེམས་ཁེར་རྐྱང་ཡུལ་པོར་འཁྱམ་ཙ་ན།།

མི་ཁྱོད་ཀྱིས་སྐྱོ་ཡ་སྡུག་གྲོགས་བྱེད།།

ལམ་རིང་མོ་ཡོད་ཀྱང་ཐུང་ཐུང་བྱེད།།

ཐུང་ཐུང་ལ་སྐད་ཅིག་ཙམ་དུ་བྱེད།།

སྐད་ཅིག་ལ་སེམས་པ་གནས་པར་བྱེད།།

མི་ཁྱོད་རང་ཟེར་ཡང་ཁྱེད་རང་སྟེ།།

རྫ་དཔལ་སྤྲུལ་སྒྱུ་མའི་མཁན་པོ་ལ།།

ཞལ་མི་རྩེ་སྟོང་གཟུགས་སྣ་ཚོགས་འཆར།།

ཁ་མི་བསྲེ་སྙན་ངག་གཙང་པོ་འབབ།།

                        2018.12.3

       ༈ རྟ་ཕོ་ལོང་བ།

ནམ་སྐྱ་རེངས་གསར་པ་ཤར་རོ་ཟེར།།

སྤང་མེ་ཏོག་སོ་མ་བཞད་དོ་སྐད།།

མི་ང་ནི་སྒོ་ཁྱི་སྨྱོན་པ་སྟེ།།

ལུས་གུས་གུས་མ་ཤེས་དབྱུགས་པ་ཐོགས།།

ལག་ཕྲེང་བ་མ་བཟུང་ལྕགས་ཐག་བཟུང་།།

དབྱར་ཟླ་གསུམ་མིག་གིས་མ་མཐོང་བར།།

ནད་མུ་གེ་ཡི་དུ་བ་ལང་ལོང་མཐོང་།།

རྩི་མེ་ཏོག་གིས་གསོས་པའི་ཕྱེ་མ་ལེབ།།

སྡུག་རོ་མྱགས་ཀྱི་འདམ་དུ་ལྷུང་བ་མཐོང་།།

ང་བྲོས་པས་ཐར་ས་ཨེ་ཡོད་སྙམ།།

སྔོ་ཐིང་ཐིང་གི་ནམ་མཁའ་ཆེ་འོ་ཟེར།།

དེའི་ཁ་སྤྲོད་ཀྱི་རྒྱ་མཚོ་ཟབ་བོ་སྐད།།

མི་ང་ནི་རྟ་ཕོ་ལོང་བ་སྟེ།།

རྗེ་མི་ལའི་མགུར་ལ་འཕྱ་སྨོད་བྱས།།

ཚངས་མགུར་གྱི་གདངས་ལ་སྙིང་རྗེ་སྐྱེས།།

སེམས་སྟོང་པ་གཏད་སོ་མེད་པར་འཁྱམ།།

ཐང་སྟོང་པའི་མུ་མཐའ་ཨེ་རྙེད་བསམ།།

དོན་རབ་རིབ་ཀྱི་སྨིག་རྒྱུ་མ་སྣང་ཡང་།།

ཚིག་གོ་ལོག་གི་ཅ་ཅོས་རྣ་བ་གང་།།

ང་བྲོས་པས་ཐར་ས་ཨེ་ཡོད་སྙམ།།

་                 2018.12.5

         ༈ བདུད་བྷེ།


“སྐེ་ག་འུ་སྡེ་བར་ཡོད་ཀི་ར།།

ཁྱོའི་ག་འུ་ཉི་ཟླ་ཁ་སྤྲོད་ཡིན།།”

ཁྱོའི་རིག་པ་ཐོལ་བྱུང་འགག་མེད་ཡིན།།

ཁྱོའི་འགྲོ་འདུག་རྒྱ་ཡན་ལྷུག་མ་ཡིན།།

གཏམ་ཚིག་གསུམ་བཤད་ན་གླུ་ཆུང་ལེན།།

བླངས་ཚར་མ་ཐག་ཏུ་ཡང་བསྐྱར་ལེན།།

སྒྱུ་རྩལ་གྱི་ཕྱི་གོས་མ་གོན་ཐལ།།

སེམས་གཅེར་བུར་བུད་ན་ཨེ་འཁྱག་དོ།།

མུ་མཐུད་དེ་ཆུ་རྐྱང་མ་འཐུང་ཐལ།།

ཆང་དམ་བེ་གང་གིས་ཨེ་བཟི་དོ།།

ཉ་གསེར་མིག་ལྟ་བུའི་གླུ་པ་ཁྱོད།།

གླུ་བུམ་པ་གང་གིས་ཨེ་ཚིམ་དོ།།

དགུན་ཁ་བའི་ཁྲོད་ནས་ལྷང་ལྷང་གྲག།

ཁྱོའི་མིང་ལ་ཁུ་བྱུག་སུ་ཡིས་བཏགས།།

རོང་རྒྱ་རྫོང་ནགས་ནས་སྟོབས་ཀྱིས་འགྱིང་།།

ཁྱོའི་མིང་ལ་འབྲོང་རྒོད་གང་ནས་ཐོགས།།

ཁྱོས་གཤོག་པ་གཡོབ་ཙམ་མི་བྱེད་པར།།

རྒོད་ཐང་དཀར་བཞིན་དུ་འཕུར་དོན་ཅི།།

བྲག་འདི་ལ་ཁོ་ཐག་ཆོད་སོང་ངམ།།

ཁྱོས་གསེར་སྒོང་ཕྱིར་དྲན་མི་བྱེད་པར།།

བྱ་ངང་པ་བཞིན་དུ་གང་ན་འཕུར།།

མཚོ་འདི་ལ་ཡི་ཐང་ཆད་སོང་ངམ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།