མཆོད་སྤྲིན་དུང་གི་སྒྲ་སྙན་ཞེས་བྱ་བ།(ཞར་བཀོད་བཞི།)

11994

                                      རྩོམ་པ་པོ། རྨོག་ཐང་དཀར།





        མཆོད་སྤྲིན་དུང་གི་སྒྲ་སྙན་ཞེས་བ།



མིག་སྟོང་སྣ་ཚོགས་མིག་དང་པད་དཀར་མིག།

དྲང་སྲོང་འཇིག་རྟེན་མིག་དང་རྐང་མིག་བཅས།།

སྲིད་པའི་མཐའ་ལས་གཡུལ་རྒྱལ་བཅོམ་ལྡན་འདས།།

དག་པ་རྣམ་དག་གཙོ་ལ་གུས་པས་འདུད།།

ཚོགས་གཉིས་དཔལ་གྱི་རྫིང་བུ་རབ་ཏུ་བྲུག།

སྐྱེ་མཆེད་ལང་ཚོ་ཙོང་ཁའི་མངལ་ལམ་ནས།།

སྒྱུ་འཕྲུལ་དར་གྱི་མེ་ཏོག་བསྣམ་པ་ཡི།།

ཟླ་བ་གཞོན་ནུ་འཛུམ་པའི་འོད་བརྒྱ་འབར།།

ཐོས་བརྩོན་ཟུང་གི་རི་བོ་བརྗིད་ཆགས་ཀྱི།།

ལྷུན་པོའི་རྩེ་ནས་འོད་ཟེར་འབུམ་དང་བཅས།།

རྒྱ་ཆེན་ཐོས་དོན་བཙལ་བའི་མི་བོ་ཆེས།།

སྲིད་ཞི་གསལ་བའི་ལམ་འདི་དོན་ཡོད་བྱས།།

གསང་གསུམ་དགེ་ལེགས་གཡུ་རལ་རྫོང་མཐུག་ཅིང་།།

མང་ཐོས་ཤེས་རབ་རལ་གྲིའི་སྤར་ཁྱིམ་རྣོ།།

གངས་ཅན་གདོང་ལྔ་མཚན་དཔེའི་ཟུར་ཕུད་ཅན།།

སྙན་པར་གྲགས་པའི་དབྱར་གྱི་རྔ་བོ་ཆེ།།

མི་བཟོད་འགྲན་བྲལ་མཁས་པའི་གཙུག་རྒྱན་མཆོག།

འཕགས་མཆོག་འཇམ་དཔལ་སྙིང་པོའི་སྲས་སུ་མཐོང་།།

མཚུངས་མེད་རྒྱལ་སྲས་བཞད་པའི་གད་རྒྱངས་ཀྱིས།།

རྟོག་པའི་དྲ་བ་རྣམ་སེལ་འོད་གསལ་དབྱིངས།།

བདེ་ཆེན་ངག་ལ་རྩལ་ཆེན་རྫོགས་པ་ཡི།།

ངག་དབང་བློ་བཟང་དཔལ་གྱིས་དབུགས་དབྱུངས་སྩོལ།།

ཤར་ཕྱོགས་ཉི་ཟླ་པད་མ་འཛུམ་པའི་སར།།

ལུང་རྟོགས་ཆོས་ཀྱི་བདུད་རྩི་བསིལ་ཆབ་ཀྱིས།།

བྲིན་པའི་རྒྱ་ཕིབས་སེར་པོའི་གདུགས་དཀར་འོག།

ཞྭ་སེར་བསྟན་པའི་མངའ་བདག་ཙོང་ཁ་པ།།

སྙིང་དབུས་མི་ཤིགས་རྡོ་རྗེའི་ཁྲི་ལ་བཞུགས།།

ཐུབ་བསྟན་གསེར་ཞུན་གདམས་པའི་སྙིང་པོ་ཆེ།།

ཟབ་དོན་གེ་སར་བཞད་པའི་སྦྲང་རྩི་ཡིས།།

གསོས་པའི་སྐྱེ་དགུ་རྣམས་ཀྱི་སྙིང་ལ་ནི།།

རྨོངས་འཇོམས་ཉི་ཟླ་གཅིག་ཏུ་རྣམ་པར་ཤར།།

ཡེ་ཤེས་སྤྱན་ཟུང་རྣོན་པོའི་གོ་ཆ་ཡིས།།

མདོ་སྔགས་ཟུང་གི་ཕྱག་རྒྱ་ཆེན་པོ་ལས།།

ཉེ་བར་བསྲུབས་པའི་ལམ་རིམ་རྣམ་གསུམ་དུ།།

བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཉིང་བཅུད་བསྡུས།།

སྣང་སྟོང་འཁོར་འདས་གསལ་བའི་འཇུག་ངོགས་སུ།།

རྟེན་འབྲེལ་བསླུ་མེད་ངེས་པའི་གསང་རྒྱ་ཡིས།།

འཇིགས་མེད་ཡོན་ཏན་བྱེ་བའི་ཆུ་གཏེར་ལ།།

མངའ་དབང་འབྱོར་བའི་རྡོ་རྗེའི་ང་རོ་ཆེ།།

རྣམ་མཁྱེན་ཤིང་རྟའི་ཁ་ལོ་ཅན་ལ་གུས།།

བགྲངས་ཡས་སྐུ་ཡི་མཚན་དཔེའི་རྔ་ཡབ་བསིལ།།

མཐའ་ཡས་གསུང་གི་སྙན་འགྱུར་ཟབ་ཅིང་བརླིང་།།

དཔག་ཡས་ཐུགས་ཀྱི་དགོངས་ཀློང་མཐའ་བྲལ་ཨ།།

བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ།།

བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས།།

བོད་རབ་རྒྱན་མེ་བྱ་ལོའི་དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་ལ་རྨོག་ཐང་དཀར་གྱིས་བྲིས་པ་དགེའོ།། །།



དྲི་མེད་དད་པའི་མཆོད་སྤྲིན་མཚོ་བྱུང་ངག་གི་རྒྱུད་མངས།



འཛུམ་པའི་ཕྱག་རྒྱས་ཨུཏྤལ་འདབ་མའི་ཁྲིར།།

བརྟན་གཡོ་འགུག་པའི་རྡོ་རྗེ་རིག་བྱེད་མ།།

གཡོ་མེད་དགེ་ལེགས་བྱེ་བའི་སྤྲིན་ཕུང་གི།

ཟག་མེད་སྙན་པའི་དབྱངས་ཀྱིས་སྲུང་གྱུར་ཅིག།

སྨིན་འཁྱོག་མཛེས་ཞལ་དུང་གི་ཟླ་འོད་ཅན།།

སྲིད་ཞིའི་མཛེས་པ་ལང་ཚོར་འཕོས་པའི་དཔྱིད།།

སྒེག་ལྡན་སེང་རས་དཀྲིས་པའི་མཚོ་བྱུང་མ།།

སྟོང་ཁམས་དཀྲུག་བྱེད་གླུ་ཡི་སྙན་པ་སྩོལ།།

གདོང་བཞི་གདོང་གི་པད་ཚལ་ཡངས་པོ་ནས།།

དྲུག་འགྱུར་གདངས་ཀྱི་བྱིན་རླབས་ཆོ་ག་མཁན།།

སྙིང་རྗེའི་ལག་པས་རོལ་མོའི་རྒྱུད་སྐུད་ལ།།

ཅུང་ཟད་རེག་པས་འཆི་མེད་ང་རོ་འབྱུང་།།

ཞི་བའི་ཏིང་འཛིན་ཐོབ་པའི་རྣལ་འབྱོར་མའི།།

ཡིད་འཕྲོག་དྲི་ཟའི་ཟློས་གར་མཐོང་བའི་མོད།།

དངོས་འབྱོར་ཡིད་སྤྲུལ་མཆོད་པའི་མཎྡལ་དུ།།

རྗེས་ཆགས་དད་པའི་མཆོད་སྤྲིན་གང་ཡོད་བགྱི།།

སྒྲིབ་བྲལ་ཀུན་བཟང་དབྱངས་ཀྱི་རྒྱལ་མོ་ཁྱེད།།

མི་ཤིགས་རྡོ་རྗེའི་ཁྲི་ལ་ཉེར་བཞུགས་ཤིང་།།

འགག་མེད་གསུང་གི་གདུལ་བྱ་རྗེས་འཛིན་གྱི།།

རེ་སྨོན་གུས་པའི་སྙིམ་པ་ཅི་ཡང་སྦྱོར།།

རྨད་བྱུང་ག་ལ་བ་ཡི་ནགས་མའི་ཚལ།།

མཉེན་ལྕུག་ཡལ་གའི་གཡོ་ལྡེམ་ཡིད་དུ་འོང་།།

ལྷན་སྐྱེས་རོལ་མོའི་འགྱུར་ཁུགས་རྣ་བར་འཇེབས།།

ཚོགས་དྲུག་མེ་ཏོག་བཞད་ལ་ངོ་མཚར་སྐྱེས།།

དབྱངས་ཅན་ངག་གི་ལྷ་མོའི་ཞལ་བཟང་དུ།།

གསུང་གི་ཚད་མ་ངེས་ལེགས་སྙན་འཇེབས་པ།།

སྐྱེས་ཐོབ་རྒྱུད་སྐུད་སྟོང་གི་རོལ་མོ་དང་།།

སྙན་ཚིག་བདུད་རྩི་འདོད་འཇོ་རཏྣའི་གླིང་།།

ཡིད་བཞིན་ནོར་སྐྱེས་ལྷ་ཡི་དཔག་བསམ་ལྗོན།།

འབྲས་བཟང་གཡུར་ཟ་ཕུན་ཚོགས་དཔལ་འབར་བའི།།

སྣོད་བཅུད་དག་པ་རབ་འབྱམས་འོག་མིན་དུ།།

སྙན་ཚིག་གཡང་གི་འོ་མ་འདོད་དགུར་འཇོ།།

རང་བྱུང་ཁམས་སུ་རྩྭ་ལྗང་མེ་ཏོག་བཀྲ།།

སྙན་འཇེབས་ཅོ་ཀའི་མགྲིན་དབྱངས་རྣ་བར་སོན།།

མཛེས་སྡུག་ཆོག་མི་ཤེས་པའི་ཡུལ་གྲུ་ནས།།

དབྱངས་ཅན་ངག་གི་མཚོ་ལ་ཁྲུས་སུ་ཞུགས།།

མི་འགྱུར་བསམ་སྦྱོར་དགེ་བའི་མཐུ་སྟོབས་དང་།།

ཐོས་པ་དགའ་དབང་འཛིན་པའི་སྡེབ་སྦྱོར་གྱིས།།

སྣོད་བཅུད་ཆོས་སྲིད་བསྟར་ལ་བརྒྱུས་པ་ཡི།།

ཟོལ་བག་བྲལ་བའི་གཏམ་གྱི་སྙིང་པོ་ཚོལ།།

ཐུགས་རྗེ་བརྩེ་བའི་ཕྱག་ཟུང་འཇམ་པོ་ཡི།།

མཚུངས་མེད་ཕ་མའི་ཤ་ཁྲག་ལས་མཚར་བའི།།

བདག་ཅག་ཆོས་ལྡན་ལྗོངས་སུ་བཞད་གྱུར་ན།།

ཚིམ་པ་དགའ་ལྡན་མཛེས་པའི་གེ་སར་ཚོལ།།

དོན་མིན་གཡང་བའི་ངོགས་ལ་འཕྱན་པ་ཡི།།

མིག་ལྡོངས་སྐྱེ་བོའི་ཚོགས་ནི་ཉམ་ང་ཞིང་།།

བདེ་ལྡན་དག་པའི་ཞིང་དུ་སྐྱེས་པ་ཡི།།

ཚོགས་གཉིས་མཐའ་རུ་ཕྱིན་པའི་ཉེ་རྒྱུ་ཚོལ།།

ཚེ་རབས་ལས་ཀྱི་མེ་ཏོག་རྙིང་བྱེད་ཀྱི།།

དམར་ཐག་ཆོད་པའི་ཉི་འོད་སྨ་ར་ཅན།།

དེང་འདིར་གཡོ་བའི་འཕྲུལ་གྱིས་གར་བྱེད་ཅིང་།།

སྐྱེ་མཐའི་རྨི་ལམ་ལ་ཡང་བར་དུ་གཅོད།།

མི་རྟག་སྒྱུ་མའི་རང་གཟུགས་ཡ་མ་བརླ།།

ཤི་གསོན་མ་ངེས་འཕུར་མ་ལྡིང་གིས་རྩེན།།

གཤིན་ཡུལ་བར་དོའི་འཕྲང་དུ་ངུ་མ་དགོད།།

གཅིག་པུར་འཁྱམས་པའི་ལས་དེ་འཇིགས་སུ་རུང་།།

སྣང་བ་ཕྱི་ཡི་གཟུགས་བརྙན་ནང་དུ་སྡུད།།

ནང་གི་རྒྱུ་བ་མ་ལུས་དབུ་མར་བསྟིམས།།

ཆོས་དབྱིངས་སྐྱེ་ཤི་མེད་པའི་ཐེར་ཟུག་པ།།

རྣམ་གྲོལ་ཕན་བདེའི་རྒྱལ་ས་མྱུར་དུ་ཚོལ།།

ངེས་འབྱུང་གློག་འགྱུ་ཙམ་གྱི་རྗེས་འབྲངས་ཏེ།།

མི་མེད་དབེན་པའི་རི་ལ་གཅིག་པུར་འགྲིམས།།

ཤིང་དྲུང་བསྙེག་པའི་དྲང་སྲོང་རལ་བ་ཅན།།

གཅིག་ཤེས་ཀུན་གྲོལ་ཞི་བའི་ཏིང་འཛིན་ཚོལ།།

ལེགས་བཤད་རིན་ཆེན་སྤུངས་པའི་གུར་ཁང་དུ།།

རིགས་ལམ་བརྒལ་བརྟག་འཚོལ་བའི་རྟོག་གེ་པ།།

བདེ་སྐྱིད་དྲོད་ཀྱི་སྤྱིལ་བུ་ཆུང་ཆུང་ནས།།

ཚད་འགྲོ་གནད་སྨིན་ཆོས་ཀྱི་གདམས་པ་ཚོལ།།

གསང་བ་གནད་ཀྱི་བདེ་བའི་སྦྱོར་བ་ལས།།

གཉིས་མེད་དག་པ་འདྲེན་བྱེད་སྔགས་ཀྱི་མཐུས།།

རལ་བ་སྤྱི་བཅིངས་གོས་དཀར་ལྕང་ལོའི་སྡེ།།

ཕྱི་ནང་ཟུང་འཇུག་མ་ཕྲལ་ཀུན་ཏུ་ཚོལ།།

སྡུག་བསྔལ་ནད་ཀྱིས་མནར་རྣམས་སྐྱོབ་པ་ཡི།།

སྙིང་རྗེའི་པད་དཀར་འཆང་བའི་ལྷ་རྗེ་རྣམས།།

གསོ་བྱེད་འཆི་མེད་བདུད་རྩི་ཀུན་བསྡུས་ཏེ།།

ནད་བརྒྱ་འཇོམས་པའི་དཀར་པོ་ཆིག་ཐུབ་ཚོལ།།

བདག་ཡིད་དཀྱིལ་འཁོར་ཆུང་ངུའི་ཐིག་ལེ་རུ།།

ཆོས་ཀྱི་མན་ངག་བྱོ་བའི་སྐྱབས་དང་མགོན།།

དམ་ཚིག་ལས་ཀྱི་མདུད་པ་ཕོག་པའི་མཆེད།།

མི་འབྲལ་སྐྱེ་བའི་འཕྲེང་བར་ལྷན་ཅིག་ཤོག།

གང་ཞིག་རིག་བྱེད་དབྱངས་ཀྱི་ལྷ་མོ་ལ།།

མཆོད་སྤྲིན་དད་པའི་མེ་ཏོག་འབུལ་དང་ལྷན།།

མང་ཐོས་གནད་དུ་མ་འབྱོར་བདག་ཉིད་ཀྱིས།།

ངེས་འབྱུང་ཙམ་པ་ག་ཡི་གཏམ་ཞིག་སྨྲ།།

          ཞེས་པ་འདི་ཡང་བོད་རབ་རྒྱན་ས་ཁྱི་ལོའི་ནག་པ་ཟླ་བའི་མར་ངོས་ཤིག་ཏུ་སྙན་ངག་ལ་མི་ཕྱེད་པའི་དགའ་བ་ཐོབ་པའི་རྨོག་ཐང་དཀར་དུ་འབོད་པས་སྦྱར་བའོ།། །།


    རིག་བྱེད་དྲང་སྲོང་སྒམ་པོའི་གླིང་བུ།


དབྱངས་ཅན་ངག་གི་ལྷ་མོའི་ཞལ་བཟང་དུ།།

གསུང་གི་ཚད་མ་ངེས་ལེགས་སྙན་འཇེབས་པ།།

སྐྱེས་ཐོབ་རྒྱུད་སྐུད་སྟོང་གི་རོལ་མོ་དང་།།

སྙན་ཚིག་བདུད་རྩི་འདོད་འཇོ་རཏྣའི་གླིང་།།

དེང་འདིར་རིག་བྱེད་རྩོམ་ལ་ཡི་དམ་མཛོད།།

ཡིད་བཞིན་ནོར་སྐྱེས་ལྷ་ཡི་དཔག་བསམ་ལྗོན།།

འབྲས་བཟང་གཡུར་ཟ་ཕུན་ཚོགས་དཔལ་འབར་བའི།།

སྣོད་བཅུད་དག་པ་རབ་འབྱམས་འོག་མིན་དུ།།

དམ་ཆོས་གཡང་གི་འོ་མ་འཇོ་བ་འདི།།

མ་ལུས་སྐྱེ་དགུའི་ཚོགས་གཉིས་ཡོངས་སུ་སྨིན།།

རྫོགས་ལྡན་གསར་བའི་དུས་ཀྱི་ཕ་ཆོས་འདི།།

བསྐལ་བ་མ་ཐོག་རིང་མོའི་ཁུགས་སོ་ནས།།

ལྷུར་ལེན་སྐྱེས་བོའི་ཚོགས་འདི་རྣམ་ཀུན་ཏུ།།

དགེ་ལེགས་བྱེ་བའི་འོད་ཀྱིས་སྲུང་གྱུར་ཅིག།

མི་འབྲལ་མར་མེའི་འོད་དང་འགྲོགས་གྱུར་ཅིག།

སྲིད་པའི་འཁོར་བ་རྫ་ཆུ་བསིལ་མོ་བཞིན།།

རི་འདི་བརྒྱུད་ནས་མ་ངེས་རྒྱང་དུ་བཞུར།།

རྐྱེན་ངན་སྙིགས་མའི་རྡུལ་གྱིས་རྙོག་པ་དང་།།

འཕྲལ་སྦྱོར་ཕ་བོང་ངོས་ནས་འཕྱོ་བ་སོགས།།

མི་བརྟན་ངང་གིས་འཁོར་ལོ་ཡུན་གྱིས་འཁོར།།

སྒྱུ་མའི་ཆོ་འཕྲུལ་མིག་གི་མཐོང་ལམ་ནས།།

མ་དག་ཀུན་རྫོབ་གདོང་འབག་མི་འཕུད་ཀྱང་།།

དེ་ཉིད་དངོས་པོའི་གཤིས་ལ་ཉེ་བའི་ཚེ།།

རང་བཞིན་རྫུན་གྱི་རྔ་མ་བརྟོལ་འོང་ཞིང་།།

མི་རྟག་འགྱུར་བའི་ངོ་བོ་མངོན་ནས་འོང་།།

སྣང་སྲིད་མཉམ་པར་ལྟ་བའི་རྗེ་བཙུན་གྱིས།།

ཀུན་རྟོག་ཡིད་ཀྱི་རྒྱུ་བ་མ་ཆད་གོང་།།

སྡུག་བསྔལ་གསུམ་གྱི་མཚན་ཉིད་འདི་ཀོ་ཞེས།།

མི་རྟག་ཆོས་གླུའི་རང་སྒྲ་སྒྲོག་པ་འདི།།

སྲིད་པའི་མཚང་ལ་རྒོལ་བའི་རྣམ་འགྱུར་ལགས།།

རྣམ་རིག་ཤེས་བྱའི་རྟ་ཕོ་སྒྲོག་ཡན་ལ།།

བཅིབས་ཏེ་རྒྱལ་ཁམས་འགྲིམ་པའི་དགེ་ཆོས་ཀྱིས།།

འཁོར་འདས་གཉིས་ཀྱི་ས་མཚམས་མ་དབྱེ་གོང་།།

སྲིད་པའི་འབྱོར་བ་ལ་ཁའི་ན་བུན་ཞེས།།

འཇིག་རྟེན་འདི་ལ་སྐྱོ་བའི་དཔེ་རེ་བཞག།

འོན་ཀྱང་མ་དག་སེམས་ཅན་སྣང་ངོ་ལ།།

གཟུང་འཛིན་རྟོག་པའི་དྲ་བ་མ་ཞིག་པར།།

སྐྱོ་བའི་གཡང་ལ་དགའ་བས་འཇུག་པ་འདི།།

བཟློག་མེད་ཆོས་ཉིད་ཅིག་གིས་དེད་ནས་འགྲོ།།

བཅོས་མེད་ལས་ཉོན་གཉིས་ཀྱིས་འཁྲིད་ནས་འགྲོ།།

སྣང་སེམས་གཉུག་མའི་ཀུན་གཤིས་ལྷོད་པོ་ཡིས།།

མ་བརྟག་ཉམས་དགའི་འཇིག་རྟེན་འདི་ཀོ་ལ།།

ཅུང་ཟད་བལྟས་པའི་ཉམས་སྣང་སྐྱོ་བོ་འདི།།

བྱིས་པས་བྱིས་པ་མགུ་བའི་བསླུ་བྲིད་ཀྱིས།།

དོན་མེད་འཇིགས་རུང་གནས་སུ་བརྫངས་དང་མཚུངས།།

ཚེ་སྔོན་ལས་ཀྱི་བསོད་ནམས་མཐུག་པ་དང་།།

ཚེ་འདིར་འཕྲད་པའི་ཆོས་དང་བཤེས་གཉེན་ལ།།

བྱང་ཆུབ་དོན་གྱི་རྟོགས་པ་མ་འཕོ་བར།།

དབྱེར་མེད་ཚོམ་བུ་གཅིག་ཏུ་འཁོད་པ་དང་།།

འབྲལ་མེད་སྲུང་འཁོར་བཞིན་དུ་གནས་པར་སྨོན།།

སྤྲོས་བྲལ་ཡིད་ཀྱི་རྒྱུ་བ་བརྗོད་དུ་མེད།།

བརྗོད་མེད་རྣམ་དག་གཞི་དབྱིངས་འཕོ་ཚུལ་མེད།།

མེད་དགག་སྟོང་རྐྱང་མ་ཡིན་ཆོས་ཀྱི་དབྱིངས།།

ཆོས་དབྱིངས་སྐྱེ་མེད་འཇིག་མེད་དེ་བཞིན་ཉིད།།

མཐར་ཐུག་དོན་གྱི་རྒྱལ་ས་ཟིན་གྱུར་ཅིག།


    ཁེར་རྐྱང་གི་ཆིག་ལབ།



ཆུ་རིས་མ་དོད་སྤྱན་གྱི་གདེངས་ཀ་ན།།

བས་མཐའི་གཅོང་ནད་མིག་ཆུའི་སྲད་བུར་བརྒྱུས།།

གྲིབ་མ་ཞིག་ལ་གྲིབ་མའི་ཟོལ་བཟུང་བས།།

སྐྱོ་སྣང་གཡག་ལ་བཀལ་བའི་འུ་ཐུག་བྱུང་།།

བརྩེ་འདང་དགུ་ཚིགས་སྔོན་མོའི་འོག་གཞི་ནས།།

མཚན་མོའི་རྨི་ལམ་གཞུང་ལ་འཁྱག་རོམ་བབས།།

བཟོད་མེད་འཕག་ཚག་ཤིག་ཤིག་ཡོམ་ཡོམ་དུ།།

གདུང་བའི་སྣང་བ་ཁབ་དང་སྐུད་པས་བཙེམས།།

ནམ་མཁའི་སྐར་ཚོམ་གློ་ཁུག་ནང་དུ་བཅུག།

གཙང་འགྲམ་ཉ་པ་དག་ཀྱང་ཀོ་གྲུར་བསྡད།།

ཉེ་ཆར་རྒྱ་མཚོའི་རྦ་རླབས་ཞི་གྱུར་པས།།

ངང་པ་ཁྱོ་ཤུག་གཉིས་ཀྱང་ཁ་འཐོར་བྱུང་།།

ས་སྲོད་མཚམས་སྤྲིན་དུས་ཀྱི་གཞོགས་ལ་སླེབས།།

ནད་ཀྱིས་ཟིན་པའི་སྙིང་ལ་རླུང་སྣེས་རེག།

ཡི་ག་ཆད་པའི་དངན་པ་རིང་མོ་ཡིས།།

ལུས་ཀྱི་ལྭ་རིང་འདབ་ཁ་ཡང་ཡང་སྤུར།།

དྲན་པ་རྒྱ་སྟག་ངར་མའི་བང་རིམ་གྱིས།།

སྐྱོ་བ་སྒྱེ་ནང་བཅུག་ནས་རྒྱང་དུ་བསྐྲད།།

མ་ངེས་སྐྱི་བསེར་རླུང་བུ་ཕྱིར་འོང་གིས།།

གདུང་བ་གཞན་དང་སྦྲགས་ཏེ་ང་སར་གཡུགས།།

ཉེས་མེད་ཤ་ཁྲག་འདྲིས་མའི་ཚང་ཚིང་ན།།

ཕྱིར་དྲན་དུས་ཚིགས་གཤག་པའི་གློ་གྲི་འདི།།

རྣམ་རིག་རྡོ་ལ་བརྡབ་པའི་རྫ་བུམ་ནང་།།

ལོ་ཟླ་ཆུ་དང་མེ་ཡིས་མ་འཇིགས་སོ།།

སྐྱེ་བ་སྔོན་མའི་ན་ཚོད་ཡོལ་བའི་གཞུག།

ཚེ་རབས་ལས་ལ་མདོག་མེད་བྱ་སྤུ་འཐོར།།

པིར་གྱིས་བཞེངས་པའི་སྣུམ་ཚོན་རི་མོའི་ནང་།།

མ་འོངས་འུ་གཉིས་ལུང་བསྟན་གཅིག་པུར་ལུས།།

འཁྲུལ་སྣང་རབ་རིབ་སྨིག་རྒྱུ་ལང་ལོང་བཅས།།

འཇའ་སྤྲིན་གློག་ཞགས་འཁྱུག་པའི་ཆང་ཁང་ན།།

ལས་ཀྱི་རབ་ཁར་བསྙེས་པའི་ན་ཆུང་མས།།

བདག་གི་མི་ཚེ་སྐུད་པ་སྐྱ་ཞིག་འཁེལ།།

ལོ་ཟླ་ཡུན་གྱིས་བཞུར་བའི་རྨི་ལམ་ནང་།།

སྣང་བ་གཉིས་སུ་གས་ཏེ་རྨ་ཁ་དོད།།

ནམ་ཡང་སོས་པ་མེད་པའི་རྨ་ཁ་ལ།།

ཚྭ་སྒོག་གཡེར་མ་བཏབས་པའི་ན་ཟུག་ལངས།།

སྨྲེ་ངག་རྩམ་སྐྱ་གཏོར་བའི་རླུང་ཆེན་ནི།།

འགྲོ་འོང་ངེས་མེད་སེམས་ཀྱི་སྲུབས་ཀར་ཟགས།།

མི་སྡུག་ཀེང་རུས་སྣང་བའི་འཇིག་རྟེན་ན།།

ཉམ་ཐག་ཚེ་ཡི་ཡལ་ག་ངང་གིས་ཟད།།

འདི་ནས་རྒྱང་རིང་ཕ་གིའི་བྲག་ཐེམ་ན།།

གནམ་སའི་དབྱེ་བ་མ་འཁོར་གླག་རྒོད་ཅིག།

འཕུར་བསྐྱོད་འཇིག་རྟེན་མཐོན་པོའི་ཡངས་རྩེ་ནས།།

དགའ་འཛིན་ཡིད་ལ་ཀི་འབོད་གཏོང་བར་བྲེལ།།

ཁྲི་གདུགས་ཉི་མ་ནམ་མཁའི་གོང་བ་ཅན།།

ས་འཛིན་མཛེས་པའི་མེ་ཏོག་ལྡུམ་ཚལ་དུ།།

ཅུང་ཙམ་འཕོས་པའི་ཡུན་གྱི་སྐད་ཅིག་མར།།

གདུང་བ་ཡོངས་སུ་མ་ཞུ་འགྲེ་ལོག་རྒྱག།

ཡིད་ཀྱིས་རྣམ་བཞེངས་སྒྱུ་མའི་ཕོ་བྲང་སྟེ།།

རྟོག་འགྱུའི་བང་རིམ་བརྩེགས་པའི་ཐེམ་སྐས་སུ།།

སྲིད་པ་ཟིལ་གནོན་རྨ་བྱའི་ཤོམ་ར་ལ།།

སྙན་འཇེབས་རྐང་གླིང་བུས་པའི་སྐྱེས་འདི་བཞེས།།

སྨུག་སྤྲིན་གྱིས་བཟུང་བའི་སྒོམ་ཆེན་བྲག་རི།

གནས་ཀ་དག་འཇིག་རྟེན་རྩེ་མཐོང་གི་སྟེགས་བུ།།

སེམས་དག་སྣང་བོགས་འདོན་ཤུགས་འབྱུང་གི་ཉམས་གླུ།།

ཕྱི་མ་སྤྲོས་གདོད་མ་ལྷུན་གྲུབ་ཀྱི་ཞིང་ཁམས།།

ནང་མ་བཅོས་སྒོམ་ཆེན་བྲག་རི་དེ་སྐྱིད་པོ།།

ཐབས་སྒྱུ་འཕྲུལ་རིག་པ་ངོ་འཕྲོད་ཀྱི་གནས་མཆོག།

སྐུ་མི་འགྱུར་ཟུང་འཇུག་གོ་ཁྲབ་ཀྱི་ནར་བུ།།

གསུང་མི་འགག་ཡེ་བྲལ་རྩལ་སྦྱོང་གི་མགུར་མ།།

ཐུགས་ཞི་གནས་ས་ལམ་ཐོད་བརྒལ་དེ་སྐྱིད་པོ།།

ཡབ་བླ་མ་ཨོ་རྒྱན་མཚོ་སྐྱེས་ཀྱི་འཕྲུལ་ཐབས།།

ཡུམ་མཁའ་སྤྱོད་བདེ་སྐྱོང་ལྷ་ཚོགས་ཀྱི་ལྷུམས་ཞུགས།།

གྲོགས་བདེ་སྟོང་ཏིང་འཛིན་རེག་འཇམ་གྱི་ལོ་མ།།

དུས་ཀུན་ཏུ་སྲིད་ཞིའི་མཐར་སོན་དེ་སྐྱིད་པོ།།

འཇའ་སྨུག་སྤྲིན་འཁྱིལ་བ་རི་ཁྲོད་ཀྱི་ཡར་སྟེང་།།

ལྗོན་ནགས་ཀླུང་སྐྱེས་པ་རི་ཁྲོད་ཀྱི་མར་ཞབས།།

མཛེས་མེ་ཏོག་ནེའུ་གསིང་སྐྱེད་ཚལ་གྱི་ཁོར་ཡུག།

བྱ་འདབ་ཆགས་ཚོགས་ཀྱི་སྡིངས་ཆ་དེ་སྐྱིད་པོ།།

མགོན་བླ་མ་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ།།

ཆོས་ཟབ་མོ་ཨ་ཏི་ཡོ་ག་ཡི་མཐིལ་བཞག།

ཐུགས་འོད་གསལ་མཉམ་ཉིད་ཁྱབ་བརྡལ་གྱི་སྣང་བ།།

རྟེན་ཚེ་གཅིག་རྡོ་རྗེ་ཀུན་བརྩོན་དེ་སྐྱིད་པོ།།

ཐུགས་ཞི་ཚུལ་སྙིང་རྗེའི་རང་གཟུགས་སུ་འཆར་བ།།

ཐུགས་ཁྲོ་ཚུལ་རྟ་མགྲིན་རལ་གྲི་ཡི་རྣོ་དབལ།།

སེམས་འཆིང་བ་ཀུན་གྲོལ་རིག་སྟོང་གི་རྣལ་འབྱོར།།

རྫས་སྣ་ཚོགས་གཏན་བྲལ་བྱ་བཏང་དེ་སྐྱིད་པོ།།

རྣ་ཕར་གཏད་ཆོས་ཀྱི་རང་རྣམ་དེ་ཚོར་འོང་།།

བློ་ཚུར་གཏད་འོད་གསལ་ཞི་བ་དེ་ཤར་འོང་།།

སེམས་གཉུག་མའི་རང་གཤིས་བདེ་གཤེགས་ཀྱི་སྙིང་པོ།།

དྲོད་མལ་སྟན་སྐྱིལ་ཀྲུང་མཉམ་བཞག་དེ་སྐྱིད་པོ།།

གནས་ངེས་མེད་ཤིང་དྲུང་བྲག་ཕུག་གི་དྲང་སྲོང་།།

ཟས་བསོད་སྙོམས་འཚེ་མེད་གོས་ཧྲུལ་གྱི་བྲམ་ཟེ།།

སེམས་ངེས་འབྱུང་བརྟན་པའི་བར་སྣང་གི་རས་པ།།

ཐབས་ཆོ་འཕྲུལ་སེམས་ཉིད་སྣང་སྟོང་དེ་སྐྱིད་པོ།།

སྣང་སྲིད་སྒྱུ་མར་སྟོན་པའི་བརྡ་གླུ།

རྟག་པ་མ་ལགས་འཇའ་ཡི་གཟུགས།།

གློ་བུར་ཡལ་བའི་སྣང་བརྙན་གྱིས།།

མི་ཚེའི་ཕུགས་སོ་རིང་བ་ཡི།།

འཇིག་རྟེན་པ་ལ་ཅོ་ཡང་འདྲི།།

འདི་འདྲ་འདི་ལ་ཅི་བྱ་སྟེ།།

ཚིག་གི་རོལ་རྩེད་ཕྲ་མོ་ཡིས།།

གཏིང་གི་གནས་ལུགས་མི་རྙེད་པས།།

དྲང་སྲོང་རྣམས་ཀྱང་བྱ་ཐབས་བྲལ།།

མ་སྤྲོས་རང་སར་བཞག་ཙ་ན།།

འཁོར་འདས་ཕྱོགས་དང་རིས་སུ་ལྷུང་།།

ཟབ་ཞི་སྤྲོས་བྲལ་བསྟན་པ་ན།།

ཆོས་ཉིད་བདེན་པ་བསམ་མི་ཁྱབ།།

དེས་ན་རྣམ་རྟོག་རྒོད་པོ་ཡི།།

སུ་ཡི་ཁོང་དུ་ཆུད་མི་འགྱུར།།

ཞི་བའི་གླུ་དབྱངས་སྙན་མོ་འདི།།

རིག་པ་གྲོལ་བའི་བརྡ་ཐབས་མཛོད།།

བརྟན་པ་མ་ཡིན་ཐེར་ཟུག་མིན།།

གློག་ཕྲེང་བཞིན་དུ་གློ་བུར་བ།།

ཕྱི་ནང་སྣོད་བཅུད་ཡོད་དོ་ཅོག།

བློས་བྱས་སྤྲོས་པའི་རྟེན་འབྲེལ་ཙམ།།

རྟེན་འབྲེལ་འཁོར་ལོའི་ངང་ཚུལ་གྱིས།།

ལུ་གུ་རྒྱུད་དུ་རྣམ་པར་འཁྱམས།།

ཟོ་ཆུན་འཁྱུད་མོའི་རྣམ་དཔེ་ལ།།

ངེས་ཤེས་བརྟན་པོ་རྙེད་དམ་ཅི།།

འཁྲུལ་སྣང་སྒྱུ་མའི་རོ་ལངས་ལ།།

བློ་བརྟན་ཕེར་པོ་འབྱུང་ངམ་ཅི།།

རྨི་ལམ་ནང་གི་རྟ་གླང་ལ།།

ཤ་ཤེད་ཅི་ཙམ་ཡོད་སྲིད་དམ།།

ཀུན་རྫོབ་གཤིས་ཀྱི་ལང་ཚོ་ནི།།

མ་བརྟག་ཚུར་སྣང་ཉམས་དགའ་ཡང་།།

རང་ཚུགས་ཐུབ་པ་ཡོད་རེ་སྐན།།

བདེན་སྣང་ཕུ་ཐག་མ་ཆོད་ན།།

རྫུན་སྣང་འདུ་ཤེས་ལ་ཞུགས་ནས།།

སྲིད་པ་ལས་ཀྱི་གཞན་དབང་གིས།།

རྟག་ཏུ་ཉམས་པར་གྱུར་ཏ་རེ།།

རང་བྱུང་རིག་པའི་རལ་གྲི་ཡིས།།

མཚན་འཛིན་རྟོག་པའི་དྲ་བ་གཅོད།།

དབྱིངས་རིག་ནམ་མཁའ་ཡངས་པོ་རུ།།

བདེ་སྟོང་གཤོག་ཟུང་མཉམ་བརྐྱངས་ཀྱིས།།

ཐབས་ཤེས་ཟུང་དུ་འཇུག་པ་ལས།།

ཕྱིར་མི་ལྡོག་པའི་སྤྲིན་དཀར་ཀློང་།།

རོ་མཉམ་དག་པའི་བདུད་རྩི་ཡིས།།

དགའ་བའི་སིམ་པ་ཅི་ཡང་སྟེར།།

དེ་འདྲའི་ཉམས་དགའི་རོལ་མོ་འདི།།

རྒྱུད་མངས་སྔོན་མོའི་སྐུད་པ་ལས།།

མ་བཅོས་རང་བབ་གཏམ་གྱི་མཛོད།།

གསོས་འདེབས་ཚིག་གསུམ་གླུ་རུ་ལེན།།

སྒྱུ་མ་རྨི་ལམ་དུ་མ་གཏོགས་པའི་གླུ་ཆུང་།

རྗེས་ཆགས་བརྩེ་བའི་ཨུཏྤལ་ལྡེམ་པ་ལས།།

འཛུམ་པའི་སྤྱན་གྱི་ཞགས་པས་སྐེ་སོ་ལྟ།།

ང་ནི་རིག་བྱེད་ལྷ་མོའི་དབྱངས་ཀྱི་ཁྲོད།།

བདེ་ཆེན་ཉི་ཟླའི་འགྲོས་དང་མཉམ་པར་སྤྱོད།།

ཉམས་དགའི་བ་གམ་རྡུལ་དུ་བརྩེགས་པའི་དབུས།།

མཉམ་ཉིད་གདངས་ཀྱི་བྱིན་རླབས་ཞུགས་པ་ཡི།།

སྲིད་པའི་སྐྱོ་ཤས་འཇོམས་པའི་བྲག་ཅ་ཞིག།

སྒྱུ་མས་མ་བསླུས་འཁྲི་ཤིང་དཔལ་དུ་སྡུག།

སྣང་བས་མ་བྲིད་འཁོར་འདས་གྲུ་ཆུང་གཡོ།།

བདེ་སྟོང་འཇའ་ཟེར་འབུམ་དུ་བརྡལ་བ་ལས།།

ཀུན་ཤེས་ཡིད་ལ་ཝ་ལེར་རྒྱུ་བ་ནི།།

མཁའ་ལམ་གཅོད་པའི་རྒོད་པོ་མ་ཡིན་གྱི།།

དྲི་ཟ་ལྷ་ཡི་མགྲིན་པ་ཟངས་རྐུད་ཉིད།།

གཙང་འགྲམ་ངང་མོ་དེ་དང་ཁྱུ་བྱས་པའི།།

མ་ཧཱ་སྐྱེད་ཚལ་འགྲིམ་པའི་གླིང་ཕྲན་ན།།

རྨ་བྱའི་སྒྲོ་ཕྲན་འགུལ་བའི་ཉམས་ཟིལ་གྱིས།།

ཀུན་བཏགས་བློ་ཡི་གཏིང་དུ་མགུ་བ་དྲངས།།

ཀུན་གཞི་སེམས་ཀྱི་རྒྱ་གྲམ་བསྣོལ་མ་ལ།།

རླུང་ནག་འཚུབ་མའི་ཐིག་ལེ་དཀར་དམར་འཁྱུག།

དེ་བཞིན་ཉིད་ཀྱི་བ་གམ་གསེར་བྲིས་མ།།

ཡིད་ཀྱི་བརྟན་པ་བཅོམ་ལ་རང་དབང་འབྱོར།།

སྣོད་བཅུད་མེ་ཏོག་འཐོར་བའི་མྱ་ངན་ལ།།

ཀུན་ཁྱབ་སྤོས་ངད་རྫིང་བུའི་དྲི་བསུང་གཡོ།།

རྫུ་འཕྲུལ་འཁོར་ལོའི་ཞགས་པ་འཕེན་པ་ལ།།

ཞུམ་མེད་སྤོབས་པའི་རང་མདངས་ཚར་དུ་དངར།།

ཤུལ་བཞག་འདི་ཕྱིའི་སྣང་བ་ཕྲག་ཏུ་འཁུར།།

རྗེས་མེད་སྒྱུ་མའི་འཇའ་ལ་འཐབ་མོ་བྱེད།།

ཤེས་བྱའི་གཟུང་སྤོབས་བླ་མེད་བརྗིད་ཆགས་པ།།

སྣང་སྲིད་སྒྱུ་འཕྲུལ་རྟ་ཕོའི་བང་རྩལ་ལས།།

པདྨའི་བཅུད་ལ་གཡོ་བའི་བུང་བའི་ཚོགས།།

འཁོར་འདས་སྨག་དང་འོད་ཀྱི་ངོགས་སུ་འཕྱན།།

རིག་བྱེད་ངག་རིག་བདུད་རྩི་ཟ་མ་ཏོག།

མི་ཕྱེད་རིགས་པའི་ངར་ལ་འོད་འཁྱུག་གོ།

གྲིབ་བརྙན་ནག་པོའི་གཡང་ལ་ལྕེབས་པ་ཡི།།

འཁྲུག་ཆ་དོད་པོའི་གནམ་གཤིས་གནག་ན་ཡང་།།

ཉམས་བཟང་རྨི་ལམ་གཏོང་བཞིན་སྙན་ངག་མཁན།།

བདེ་ལྕག་འཁྱུག་པོའི་ངང་ནས་སྐད་སྒྲ་གྱེར།།

ལྷོ་ནུབ་ཆུ་སྤྲིན་ཁྲོད་ཀྱི་སྐར་མ་རེ།།

གཉུག་མ་ཀུན་གཞིའི་ངོ་བོར་ཤར་ཙ་ན།།

བདེ་སྟོང་མཉམ་པར་བཞག་པའི་དྲང་སྲོང་ངས།།

ཁྱབ་འཇུག་ལྷ་དབང་ཆེན་པོར་གཞོགས་འཕྱ་བྱེད།།

ཉི་མའི་དྲོད་དང་ཟླ་བའི་བསིལ་འཇམ་ལས།།

ཚེ་རབས་སྣང་བའི་ཆོ་འཕྲུལ་སྣ་ཚོགས་པ།།

ལུ་གུ་རྒྱུད་དུ་འབྱུང་བ་འདི་ཀོ་ཡང་།།

རང་སེམས་དབྱིངས་ལ་བཅོལ་བའི་ས་བོན་ཙམ།།

      ༢༠༡༧ ལོའི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་བྲིས།



སྒྱུ་འཕྲུལ་མེ་ཏོག་ཚལ་གྱི་དིང་གླིང་།



རྒྱལ་ཀུན་གསང་བའི་ཡབ་གཅིག་བླ་མ་རྗེ།།

རྫུ་འཕྲུལ་སྟོབས་བཅུའི་འདྲེན་པ་སྣ་ཚོགས་ཀྱིས།།

མ་ལུས་མི་ལུས་ལུས་པ་མེད་པ་ཡི།།

འགྲོ་ལ་བསིལ་སྦྱིན་ཡི་དམ་དགོངས་སུ་གསོལ།།

ཏིང་འཛིན་གཡུ་ལོ་རྒྱས་པའི་ནགས་ཚལ་གྱི།།

སེམས་ཉིད་ངལ་བ་གསོ་བའི་བསིལ་རླུང་གིས།།

ལང་ཚོའི་སྐྱེ་མཆེད་སྨིན་པའི་རས་པ་ཞིག།

རང་སེམས་བདུད་རྩིའི་རྫིང་ནས་ཁྲུས་ལ་རོལ།།

ཚེ་ཡི་རྟོད་ཐག་རིང་མོ་ཆོས་ལ་གཏད།།

ཆོས་ཀྱི་དབྱིངས་རིག་ཡེ་ཤེས་སེམས་སུ་ཤར།།

སྣང་སེམས་མ་བུ་ངོ་འཕྲོད་བྱུང་བ་ཡི།།

གཞོན་ནུ་སྙིང་རུས་ཅན་གྱི་གླུ་ལ་ཉོན།།

ངག་རིག་དབྱངས་ཀྱི་འགྱུར་ཁུགས་སྙན་པ་ཡི།།

མགྲིན་པའི་རྩ་གནད་ལྷོད་པ་མ་ཡིན་མོད།།

སྣང་སྲིད་མཉམ་པ་ཉིད་ཀྱི་གདེང་ཤར་བས།།

སེམས་ངོ་མཛུབ་བཙུགས་ལྟ་བུའི་ཟབ་ཆོས་མགུར།།

ཀ་དག་ཁྲེགས་ཆོད་ཆོས་ཉིད་འོད་གསལ་གྱི།།

རྟེན་འབྱུང་ལྟ་བའི་མཐིལ་དུ་བབ་པ་ཡི།།

རྩིབས་སྟོང་འཁོར་ལོའི་གཟི་འབར་འོད་པོ་ཆེ།།

སྒྱུ་མའི་ཆོ་འཕྲུལ་དཀྲུགས་པའི་གཉེན་དུ་རྣོ།།

སྣང་སྲིད་རྣམ་པར་དག་པའི་གཞི་དབྱིངས་སུ།།

འཁོར་འདས་སྒྱུ་མའི་བྲག་ཅ་འཁོར་བ་ན།།

ཀུན་རྫོབ་སྣང་བ་ནུབ་པའི་དཀྱིལ་འཁོར་དུ།།

སེམས་བསྐྱེད་ཐུགས་གཤིས་མཐོན་པོའི་ཉམས་རེ་ཐོན།།

ཆོས་དབྱིངས་སྐྱེ་འཆི་བྲལ་བའི་ནམ་མཁའ་ལ།།

རིག་པ་རང་བྱུང་གདོད་མའི་ཚོན་འཁྱུག་སྟེ།།

ཐབས་ཤེས་མེ་ལོང་གསལ་བའི་བརྡ་འཕྲོད་དེ།།

འོད་གསལ་ཀུན་གཞིའི་བློ་ངོར་གདེང་རེ་ཐོབ།།

སྟེང་འོག་ཕྱོགས་མཚམས་དུས་ཀྱི་འཚུབ་ཡུག་ཁྲོད།།

འདུ་འབྲལ་སྒྱུ་མའི་རང་གཟུགས་ངོམ་ཙ་ན།།

སེམས་ཉིད་གཉུག་མའི་རང་མདངས་དག་པ་ལ།།

སྒྲིབ་བྱེད་སྐྱོན་གྱིས་མ་གོས་ལྷུན་གྱིས་གྲུབ།།

ཀ་དག་དབྱིངས་ཀྱི་སྣང་བ་གསལ་བའི་ངོགས།།

དོན་དམ་རིག་བྱེད་སྒྲ་ཡི་གདངས་སྙན་གྱིས།།

ཆོས་ཚུལ་རྟ་བདུན་དབང་པོའི་ཟེར་བརྒྱ་བཞིན།།

ཀུན་རྟོག་སྒྱུ་མའི་མཐིལ་ཡང་དྲོད་ཀྱིས་བསྐྱངས།།

ཀུན་ཉོན་རྣམ་བྱང་འབྱེད་པའི་རིག་རྩལ་གྱིས།།

མཚན་འཛིན་རྟོག་པའི་རྒྱུ་བ་རྨང་ནས་བཤིག།

ཆགས་ཐོགས་བྲལ་བའི་གཞི་ཡི་ཡེ་ཤེས་ལ།།

རབ་འབྱམས་དག་པའི་སྣང་བ་འབའ་ཞིག་ཤར།།

བདེན་རྫུན་ཡུལ་གྱི་གཤིས་ལུགས་སྣ་ཚོགས་ཀྱང་།།

ཡུལ་ཅན་བློ་གྲོས་རྫོགས་པའི་རིམ་པ་ལ།།

མཉམ་པར་བརྡལ་བའི་ཆོས་ཀུན་འབྱམས་ཀླས་པ།།

ཆོས་དབྱིངས་སྒྱུ་མའི་རྫས་སུ་དབྱེ་བ་མེད།།

གཟུང་འཛིན་མདུད་པ་གྲོལ་བའི་གུར་ཁང་ནས།།

ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་ཅན།།

ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཡིས།།

བརྟན་གཡོའི་རྒྱུད་ལ་མངོན་དུ་འགྱུར་བར་བརྩོན།།

ཚོགས་དྲུག་སྣང་བའི་གློག་འཕྲེང་འཁྱུག་པ་ཡིས།།

སྣ་ཚོགས་ཤེས་བྱའི་ཐང་སྟོང་བཅད་ཙ་ན།།

ཕྱི་རོལ་དོན་ལས་ལྡོག་པའི་རང་རིག་ཏུ།།

སྐུ་བཞི་གཅིག་ཏུ་ཤེས་པའི་སེམས་ངོ་འཕྲོད།།

མཐའ་བྲལ་སེམས་ཀྱི་རང་བཞིན་འོད་གསལ་བ།།

སྒྱུ་མ་སྨིག་རྒྱུས་མ་བཟུང་གཡའ་དག་པ།།

སྒྱུ་འཕྲུལ་བརྡ་ཡི་རྟོགས་པ་ཁོང་ཆུད་དེ།།

མི་འཇིགས་སྤོབས་པའི་གདེངས་ཀ་ཉེ་བར་ཐོབ།།

བསྐྱེད་རྫོགས་བྱང་ཆུབ་སེམས་ཀྱིས་ཐོག་དྲངས་ཏེ།།

བསམ་གཏན་བསྒོམ་པའི་གནད་ལ་མཐར་ཕྱིན་ཅིང་།།

ཞི་བའི་ནགས་ཚལ་འགྲིམ་པའི་ཤིང་དྲུང་པས།།

སྣང་སྲིད་དག་མཉམ་ལྟ་བའི་དོ་ཧ་འཐེན།།

ད་ནི་གང་དག་སྲིད་པའི་རྫོང་ཆེན་གྱི།།

མ་རིག་གདོན་གྱི་ཆོ་ངེ་འཇོམས་པ་ཡི།།

ལྷུན་རྫོགས་རྡོ་རྗེ་རྣོན་པོའི་གོ་ཆ་ཡིས།།

ཚིམ་པ་དགའ་ལྡན་ཆོས་ཀྱི་སྤྱིལ་བུ་རྙེད།།

སྡེ་གསུམ་ཀློང་དགུའི་མན་ངག་གནད་དུ་བྱང་།།

བརྒྱུད་གསུམ་ཐུགས་རྗེའི་རྟོགས་པ་ཁོང་དུ་ཆུད།།

རང་རིག་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་།།

རིག་པ་རྗེན་འཆར་ཤར་བ་དེ་ཁོ་ན།།

ཇི་ལྟ་ཇི་སྙེད་ཤེས་བྱའི་པད་ཚལ་ནས།།

རིག་པའི་རྩེད་འཇོ་སྦྲང་རྩིའི་བརྒྱག་པ་ཡི།།

ཐབས་ཤེས་རིག་པའི་རྩལ་ཆེན་གཤོག་ཟུང་གིས།།

སྟོང་ཆེན་སྲིད་པའི་སྣང་བ་ཡལ་བར་དོར།།

སྟོབས་ལྡན་ཕྱག་རྒྱ་ཆེན་པོའི་རོལ་གར་གྱིས།།

ངེས་ལེགས་རྣམ་པར་གྲོལ་བའི་ལམ་བཟང་དུ།།

རིག་སྟོང་སེམས་དཔའི་ངོ་བོར་འཕོས་པའི་དཔྱིད།།

སྐྱེ་འཆིའི་བགྲེས་རྒུད་བོར་བའི་གླུ་འདི་སྙན།།

ད་ནི་མི་འདུག་སེམས་ཀྱི་རང་ངོ་འཚོལ།།

སེམས་ཉིད་གཉུག་མའི་གཤིས་ལུགས་རྙེད་ཙ་ན།།

འཛིན་པ་ཀུན་བྲལ་རྡོ་རྗེ་འཆང་ཆེན་དང་།།

དབྱེར་མེད་མཁའ་དཀྱིལ་དྭངས་བའི་ཉི་ཟླ་ལགས།།

      ཞེས་ཀུན་རྫོབ་གློ་བུར་པའི་སྣང་བ་ཞིག་ཅིང་དོན་དམ་གཉུག་མ་འོད་གསལ་གྱི་རང་མདངས་རྒྱས་པའི་གླུ་ཆུང་འདི་ནི་བོད་རབ་རྒྱན་ས་ཁྱི་ལོར། འདུལ་བ་གཞི་གསུམ་གྱི་ཡ་གྱལ་དབྱར་སྔ་མར་གནས་པའི་དུས་སུ་སྙན་ངག་ལ་མི་ཕྱེད་པའི་དགའ་བ་ཐོབ་པའི་མཚོ་བྱུང་ངག་གི་སྤུ་གྲིའམ་རྨོག་ཐང་དཀར་དུ་འབོད་པ་དེས་མི་འགྱུར་དགེ་བའི་བསམ་སྦྱོར་གྱིས་ཉེ་བར་བཏེགས་པའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།