ཁྲོམ་ཆེན་དབུས་ཀྱི་གར་མ་གཉིས། (ཞར་བཀོད་བརྒྱད)

12448



                                                  རྩོམ་པ་པོ། དུ་བ།



   ཁྲོམ་ཆེན་དབུས་ཀྱི་གར་མ་གཉིས།
 

ཁྲོམ་པ་མཁའ་ཡི་ལྡིང་ཁང་།།
མི་ཚོགས་སྤྲིན་གྱི་ཡོ་ལང་།།
དཀར་ནག་སྒྱུ་མའི་འབྲུག་ཆུང་།།
ང་རེའི་འཁྲིས་སུ་འགྱུ་བ།།
བདུད་པོའི་རྩལ་ལག་འཁྱུག་པའི།།
ཤུག་ཆུང་གསེབ་ཀྱི་རི་དྭགས།།
རོལ་མོའི་རྒྱུན་སྐུད་ཐོག་གི།
སྲོག་གི་ལྡེམ་ཆ་རེད་ཨང་།།
ང་འདྲའི་ཁྲོམ་པའི་སྙིང་ལ།།
སྦྲུལ་གྱི་ཞགས་པ་རེད་ཨང་།།

             ༢༠༡༨.༡༠.༢༧
 
   ཨ་ཅེའི་སྐྱེས་སྐར་གསོལ་སྟོན་ཐོག་ཏུ།
 

ཨ་ཅེ་ལྷ་ཡིས་མངགས་ལེ་འདྲ།།
ལྷ་ཡི་བུ་མོ་རྨ་བྱ་ཡག།
ཨ་ཅེ་ཀླུ་ཡིས་བཞེངས་ལེ་འདྲ།།
ཀླུ་ཡི་བུ་མོ་དུང་སྐྱོང་འཚོ།།
ཨ་ཅེ་ཟླ་བའི་ཞལ་ཁྱིམ་ཡིན།།
འོད་སྣང་ང་ཡི་སེམས་འབུ་ཡིན།།
ཨ་ཅེ་དངུལ་དཀར་མེ་ལོང་ཡིན།།
ངོགས་ཀྱི་ཤོག་བྱ་ང་རེ་ཡིན།།
ལོ་རྒན་སུམ་ཅུའི་རི་བོ་ཨ།།
ཕྲག་པར་ཁུར་ན་ཨེ་ལྕི་ལགས།།
 
          ༢༠༡༨.༡༡.༢༤ལ།
 
 ལན་གྲུའི་མཁར་གྱི་དབྱར་གཞུང་དང་སྤུན་ཟླ།
 

ལན་གྲུའི་མཁར་ནི་ཉི་འོད་འབར་བ་ཡི།།
བྱེ་ཚན་གདུ་བའི་གཞུང་པ་དེ་ག་རེད།།
དེ་ཡི་ཟམ་སྣེའི་གླིང་ཕྲན་ཆུང་ཆུང་འདི།།
དུས་བཞིའི་སྐུད་པ་འཁེལ་བའི་བུ་མོ་སྟེ།།
སྣ་ཚོགས་ལན་བུའི་མེ་ཏོག་གད་པ་ཡི།།
རི་ཆུའི་མཛེས་པ་དག་ནི་ཨེ་མ་ཧོ།།
དེ་དག་ལས་ཀྱང་མཆོག་ཏུ་མཛེས་པ་ཡི།།
གྲོང་གི་རི་དྭགས་འདྲོགས་འདྲའི་མོ་སྨད་ཚོ།།
བར་སྐབས་འདི་རུ་བྲང་ཁེབ་སྟོན་གྱིན་ཏུ།།
སྤུན་ཟླ་འུ་ཚོར་གཟས་ནས་ཡོང་བ་གན།།
དབྱར་གྱི་གླང་སྨྱོན་རྩ་ཆེན་དྲོས་འདྲ་ཡི།།
འབྲོག་ལུང་རི་བོའི་སྐེད་ནས་འོང་བ་ཡི།།
ཕོ་གཞོན་སྤྲིན་ནག་འཁྲུགས་པའི་གདུང་བ་ལས།།
གསང་བའི་ཤོག་ལྷེ་རླུང་གིས་ཡོམ་ཡོམ་སྐྱོམ།།
                                 ༢༠༡༨.༣.༢༤
 
        བར་སྐབས་ཀྱི་དྲན་པ།
 

བར་སྐབས་འདི་ནི་གཙང་པོ་བྲུག་འདྲ་རེད།།
བར་སྐབས་འདི་ནི་ཆར་ཞོད་བཤོས་འདྲ་རེད།།
གྲོགས་པོས་ལམ་སེང་ཆང་ཕོར་འགྱོག་བཞིན་ཏུ།།
ང་ཡི་སྨིན་མར་འོད་ཀྱི་ཐིག་ལེ་འབྲི།།
དེ་རྗེས་ད་དུང་ང་ཡི་མཁུར་ཚོས་ལས།།
ཤོག་བུའི་གྲུ་ཆུང་འགའ་རེ་ཕར་ཕར་བསལ།།
ང་ནི་དེ་རྗེས་ལས་ཀྱི་མཚན་ཁྲོམ་ཁར།།
གཅིག་པུར་རྒྱུ་བའི་དབྱངས་མཁན་ནད་པ་སྟེ།།
ལམ་འགྲམ་དག་ཏུ་ཆུ་ཕྲན་བྲུ་ཞིང་འགྲོ།
ཆུ་ཕྲན་རེ་རེར་རི་མོ་གྱ་གྱུ་འབྲི།
རི་མོའི་གསེབ་ཏུ་སུས་ཀྱང་མི་ཚོར་བའི།།
བསྐལ་བའི་ཁུར་ཙ་ལྔ་བརྒྱ་བསྐང་སྟེ་འགྲོ།

         2018.6.23ལ་ཕ་ཡུལ་གསེར་ཐལ་ནས།
 
           ཕ་ཡུལ་ཕྱོགས་སུ།


ཕ་ཡུལ་མདའ་རྒྱང་གང་གི་མཚམས་རེད།།
མ་རེད་མིག་རྒྱང་གང་གི་དྲོད་རེད།།
ང་ནི་ལོ་ཕྱེད་རླུང་གིས་ཁྱེར་ནས།།
ད་ཚོད་བར་དུ་ཡུལ་ལ་མ་ལོག།
 
ཕ་ཡུལ་གཞུ་རྒྱུན་གཅིག་གི་ལྡེམ་རེད།།
མ་རེད་གངས་རིའི་མཐའ་ཡི་འཇའ་རེད།།
དོ་ནུབ་ལ་མོ་བརྒྱ་ཡི་ཕ་མཐའི།།
འབྲོག་སྡེ་རི་ཤོར་སྐོར་ཞིག་དྲན་བྱུང་།།

              ༢༠༡༨.༡.༢༤ལ་ཁྲིན་ཏུའུ་ནས།
 
              གངས་རི།

སྲིད་པའི་གངས་རྒན་རྨོག་དཀར་མནབ་འདྲ་བོ།།
སྨ་ར་ཤད་པའི་བགྲེས་སོང་ཁོ་རེད་ཟེར།།
འགྲམ་དུ་བཏུད་ཚེ་ཉིལ་ཞིང་འགྱེལ་བ་བོ།།
མཐའ་རུ་ཉི་མ་ལྷག་ཏུ་ཚ་བ་བོ།།

                 བྱ་ཁྱུ།

སྡོང་སྐམ་ཁེར་རེ་བ་ཞིག་ལྷག་པ་གན།།
སྤྲིན་པ་ལྷོ་བཞུད་སྐོར་ཞིག་རྒྱུ་བ་གན།།
མཁའ་རུ་འཇའ་ཚོན་དག་པའི་དཔྱིད་ཁ་གན།།
དུས་བཅད་བཏབ་པའི་མཐའ་ཡི་ཕ་ཡུལ་རེད།།

          ཕྱིར་ལོག་མེད་པའི་རྟ་ཡན།
 
སྲིད་པའི་ཇག་ལམ་འདི་ནི་གང་ཞིག་རེད།།
བཙན་དམག་སྡེ་བརྒྱད་གཤར་སའི་སུམ་མདོ་རེད།།
ཁྲག་གི་ཆར་ནག་འབབ་ས་གང་ཞིག་རེད།།
བར་དོའི་མིང་ཡིག་གསེབ་ཀྱི་ཕ་གཞིས་རེད།།
འདི་ནི་བསྐལ་བའི་སྡིག་སྒྲིབ་མཐུག་པོ་ཡི།།
སྤྲིན་པ་ལྡང་བའི་ཕྱི་དྲོའི་རླུང་དམར་ཏེ།།
རི་ཡི་ཕར་ངོགས་ཆས་ན་ཕྱིར་འོང་མེད།།
ཕྱིར་འོང་ཡོད་ཀྱང་གཏན་དུ་སྡོད་དབང་མེད།།

                  ཕ་ཡུལ།
 
སོང་གིན་སོང་གིན་རྡོག་སྒྲ་བོར་ནས་འགྲོ།།
བསྡད་ཀྱིན་བསྡད་ཀྱིན་གྲིབ་མ་ལྷག་ནས་འགྲོ།
ཕྱོགས་དང་ཕྱོགས་སུ་མུན་ནག་འཐིབ་པ་ཡི།།
ཉི་མ་དམར་ལྡང་འཆར་བའི་ལུང་པ་འདི།།
རྩྭ་སྐྱ་འཇག་མའི་མཁར་གྱི་རབ་གསལ་ཁར།།
སྲོག་གིས་འབུད་ཤིང་བྱེད་པའི་དཔའ་རྟུལ་ཡིན།།
                        ༢༠༡༨.༩.

0

2 Responses to ཁྲོམ་ཆེན་དབུས་ཀྱི་གར་མ་གཉིས། (ཞར་བཀོད་བརྒྱད)

  1. གླིང་རུ་དཔལ་རྡོར། ལགས་ཀྱིས:

    རྗེས་ཀྱི་ཚན་པ་བཞི་དེ་ཧ་ལས་པ་ཡག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།