ཐེའུ་རང་གི་ལྷུག་རྩོམ་གཅིག་དང་སྙན་ངག་གཉིས།

36902

        བརྩེ་གདུང་གི་ཆག་འཇིག

                             —བརྩེ་གདུང་གི་ཆག་འཇིག་ནི་ཕན་ཚུན་ཁ་བརྡ་ཆད་པ་ནས་དབུ་བརྙེས་སོ།།

                      

                                  གཅིག

       བརྩེ་གདུང་ནི་སེམས་ཁུར་གྱི་ནང་ན་ཡོད་པ་དང་།  སེམས་ཁུར་ནི་སྐད་ཆའི་ནང་ན་ཡོད་པ་ཞིག་རེད།  ཤ་ཉེ་རིང་དང་། མཐུན་མཛའ་ཡ། གྲོགས་བཟང་ས་སུ་ཞིག་ཡིན་ཡང་ཆོག   ཕན་ཚུན་བར་ན་ཤ་ཚའི་ཉི་འོད་དྲོད་ལམ་མེར་འཕྲོ་ཞིང་། སེམས་ཁུར་གྱི་རླུང་བུ་འཇམ་བསིལ་བསིལ་གྱིས་རྒྱུ་བ་དང་། ཁ་བརྡའི་གཙང་བོ་སྔོ་ལྟེམ་མེར་འཁྱིལ་ནས་ཡོད་ན།  སོ་སོའི་ནང་སེམས་ན། བརྩེ་གདུང་གི་འཇིག་རྟེན་ལྷུན་ཆགས་ཡིད་དུ་འོང་བ་ཞིག་ཡོད་པ་གདོན་མི་ཟའོ།།

                                       གཉིས།


     སྤྱིར་བཏང་དུ། མི་དང་མིའི་བར་གྱི་ཤ་འདང་རུས་འདང་ནི། ཡུལ་དུས་ཀྱིས་རིང་དུ་མི་ཆོད་ལ་ཉེ་རུ་བསྟུང་ནུས་པ་ཞིག་ཀྱང་མ་ཡིན།  འོན་ཏེ། ཕན་ཚུན་བར་ཁ་བརྡ་དང་སྙིང་གཏམ་མེད་ཚེ། མཛའ་ཡ་ཡིན་རུང་ག་ལེར་ག་ལེར་རྒྱང་ཐག་རིང་འགྲོ་བ་དང་། གཉེན་ཉེ་ཡིན་ཡང་ག་ལེར་ག་ལེར་ཆ་མེད་དུ་འགྱུར་འགྲོ་བ་ཞིག་རེད། མི་སེམས་ཀྱི་བར་ཐག་ནི་ས་ལེ་བར་སྟོང་ཕྲག་ཅེས་བརྩི་རྒྱུ་མེད་ལ། ལོ་ཟླ་བ་བརྒྱ་ཕྲག་ཅེས་བགྲངས་རྒྱུའང་མེད། མི་སེམས་ཀྱི་བར་ཐག་ནི། ཕན་ཚུན་ཁ་བརྡ་མང་བ་ནས་ཉུང་བ་དང་། ཉུང་བ་ནས་མེད་པ། ཕན་ཚུན་ཤ་ཚ་ཆེ་བ་ནས་ཆུང་བ་དང་། ཆུང་བ་ནས་བོར་བ།  ཕན་ཚུན་རྟག་པར་དྲན་པ་ནས་མཚམས་རེར་དྲན་པ། མཚམས་རེར་དྲན་པ་ནས་གཏིང་ནས་བརྗེད་པའི་གོ་རིམ་ཞིག་རེད། 

                                      གསུམ།


      སེམས་ཁུར་དང་ཤ་ཚ། དྲན་གདུང་སོགས་ནི་ནང་སེམས་ཀྱི་བྱ་བྱེད་ཅིག་སྟེ། མཐོང་རེག་ཐོགས་གསུམ་ཀྱིས་སྟོངས་པས། སྐྱེ་བོ་སོ་སོའི་ནང་སེམས་ཀྱི་བརྩེ་གདུང་དང་དགའ་སྐྱོ། སྐྱིད་སྡུག་སོགས་ནི། ཐད་ཀར་དབང་པོའི་གཟུང་ཡུལ་དུ་ངེས་པ་ཞིག་མ་ཡིན་ནའང་།དེ་ཉིད་སྐད་ཆ་སྟེ། ཁ་བརྡའམ་སྙིང་གཏམ་ལ་བརྒྱུས་ན། སོ་སོའི་ནང་སེམས་སུ་གསལ་དག་བདེན་གསུམ་གྱིས་ར་སྤྲོད་ཐུབ་ཀྱི་ཡོད།   དེ་བས། སྐད་ཆ་ནི་མི་དང་མིའི་བར་ལ་བརྡ་སྤྲོད་པའི་ལག་ཆ་ཙམ་མ་ཡིན་པར། མི་དང་མིའི་ནང་སེམས་ཀྱི་སྐྱིད་སྡུག་སྦྲེལ་བའི་གསེར་ཟམ་དངུལ་མཁར་ཡིན་ནོ།།

                                      བཞི།


        མི་ནི་གོམས་གཤིས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། དེ་བཞིན་དུ། མི་དང་མིའི་བར་གྱི་བརྩེ་གདུང་ཡང་། གོམས་གཤིས་ལ་བརྟེན་ནས་ཆགས་གནས་འཇིག་གསུམ་བརྒྱུད་ཀྱིན་ཡོད། མི་ཕན་ཚུན་བརྩེ་བ་དང་དྲན་པ་གོམས་གཤིས་སུ་ཆགས་རྒྱུ་ཡོད་ལ། ཕན་ཚུན་ཤ་ཚ་སེམས་ཁུར་གནང་ཞིང་། ཁ་བརྡ་སྙིང་གཏམ་མོལ་བའང་གོམས་གཤིས་སུ་ཆགས་རྒྱུ་ཡོད། དུས་ཚོད་སྐར་མ་རེ་ལའང་།  ཕན་ཚུན་སྐད་ཆ་མ་ལབ་ན་མི་ལོབས་པའི་གོམས་གཤིས་ཆགས་རྒྱུའང་ཡོད།  དེ་ནི་མི་སེམས་སུ་བརྩེ་གདུང་ཆགས་པ་དང་གནས་པའི་གོ་རིམ་ཡིན། དེ་བཞིན་དུ། མི་སེམས་ཀྱི་བརྩེ་གདུང་འཇིག་པའི་གོམས་གཤིས་ཀྱི་གོ་རིམ་ཡང་ཡོད་དེ།  སྔོན་མར། དུས་ཚོད་སྐར་མ་རེ་རེར་ཕན་ཚུན་ཁ་བརྡ་མ་བྱས་ན་མི་ལོབས་པའི་གོམས་གཤིས་དེ། ཡུན་དང་ཁད་ཀྱིས་ཉིན་ནས་གཟའ་དང་། ཟླ་ནས་ལོ་རུ་འགྱུར་ཏེ། མཐའ་མར་ཁ་བརྡ་བྱེད་མི་འདོད་པའམ། ཁ་བརྡ་བྱེད་རྒྱུ་མེད་པའི་གོམས་གཤིས་སུ་ཆགས་འགྲོ་བ་དང་། ཡང་ནམ་ཟླ་དྲོ་འཁྱག་བྱུང་ཚེ། སོ་སོའི་ལུས་ལ་ན་ཚ་འབྱུང་ཨེ་འགྲོ་སྙམ་པའི་སེམས་ཁུར་དང་། རྒྱང་བཞུད་གནང་དུས། ཕན་ཚུན་ལམ་གྱི་བདེ་འཇགས་ལ་གཟབ་པར་བསྐུལ་བའི་ཤ་ཚ། ཐ་ན། མཚན་མོར་གཟིམ་བདེ་ཞུ་བ་དང་། ནངས་པར་ཁམས་བདེ་འདྲི་བའི་ཆེས་སྤྱིར་བཏང་གི་ཁ་བརྡ་ཡིད་དུ་འོང་བ་དེ་དག་ཀྱང་ག་ལེར་ག་ལེར་བརྗེད་ཅིང་བོར་འགྲོ།  དེ་ནི་ནང་སེམས་ཀྱི་བརྩེ་གདུང་འཇིག་པ་དང་རྒུད་པ་དང་ཉམས་པར་གྱུར་པའི་གོམས་གཤིས་ཀྱི་གོ་རིམ་ཡིན་ནོ།།

                                           ལྔ།


         ད་ལྟའི་དུས་འདིར། ང་ཚོས་ཉིན་གཅིག་གི་དུས་ཚོད་མང་ཤོས་བརྡ་འཕྲིན་གྱི་ངོས་སུ་གཏོང་གིན་འདུག་ཅེས་ན་ཐལ་མི་ཆེ་སྟེ། ཞོགས་པར་གཉིད་ལས་སད་པ་ནས། དགོང་མོར་མལ་དུ་གཟིམ་པའི་བར་དུ་ང་ཚོའི་ལག་ཏུ་ཁ་པར་ཐོགས་ཤིང་།  མིག་གིས་ཁ་པར་འཚོས། རྣ་བས་ཁ་པར་ལ་མཉན་ནས་ཡོད་ནའང་། དོན་དུ། ང་ཚོས་བརྩེ་གདུང་དང་འབྲེལ་བ་མེད་པའི་འཕྲིན་ལམ་ཞིག་ན། བརྩེ་གདུང་དང་འབྲེལ་བ་མེད་པའི་སྐད་ཆ་རེ་ལབ་ནས་བསྡད་ཡོད།   ད་ལྟ། ང་ཚོ་ནི་རང་གི་མཛའ་གཅུགས་སྙིང་ཉེ་དག་བརྗེད་དེ། ཆ་མེད་རྒྱུས་མེད་ཀྱི་མི་ལ་ཁ་ཡག་ངོ་དགའ་ལབ་པར་དགའ་བ་ཞིག་དང་། ང་ཚོ་ནི་རང་གི་བག་ཆགས་འདུ་ཤེས་བོར་ཏེ། གཟུང་མེད་བཅུད་མེད་ཀྱི་རང་གཤིས་ལ་ཨ་གསར་སྤྲེལ་ལད་བྱེད་རྒྱུར་མོས་པ་ཞིག་ཏུ་ཆགས་འདུག  ད་ལྟ། ང་ཚོའི་ནང་སེམས་ཀྱི་བརྩེ་གདུང་ནི་རྩ་མགོའི་ཟིལ་བ་བཞིན། བསེར་བུ་ལྡང་ཙམ་གྱིས་འཁུར་སླ་བ་ཞིག་དང་། ང་ཚོའི་རིག་གནས་ཀྱི་དད་མོས་ནི་ནུབ་ཁའི་ཉི་མ་བཞིན། མུན་པ་འཐིབ་ཙམ་གྱིས་ཡལ་འགྲོ་བ་ཞིག་རེད་གདའ།  ད་ལྟའི་དུས་འདིར། མི་དང་མིའི་བར་གྱི་བརྩེ་གདུང་དང་ཡིད་ཆེས་ནི་ཉག་ཕྲ་བ་ལ། ཡུལ་གྱི་བར་ཐག་ཙམ་གྱིས་ཆོད་འགྲོ་བ་ཞིག་རེད། ད་ལྟའི་དུས་འདིར། མི་དང་མིའི་བར་གྱི་ཤ་ཚ་དང་ཁ་བརྡ་ནི་ཉམ་ང་བ་ལ། བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་བརྗེད་འགྲོ་བ་ཞིག་རེད།

                                         དྲུག


      རྒྱུན་ལྡན་དུ། ང་ཚོས་མཛའ་གྲོགས་ཕན་ཚུན་གྱི་བར་ཐག་དེ། ཡུལ་དང་དུས་ཚོད་ཀྱི་སྟེང་ན་ཡོད་པ་དང་། མཛའ་གྲོགས་ཕན་ཚུན་བར་ཁ་བརྡ་ཇེ་ཉུང་དུ་འགྲོ་དོན་ནི། བྱ་བའི་བྲེལ་འཚུབ་ཀྱིས་ལན་པར་འདོད་ཀྱིན་ཡོད་མོད། དེ་ནི་ང་ཚོས་རང་སེམས་ལ་དག་འབུད་བྱེད་སྟངས་ཤིག་ལས་གཞན་མ་ཡིན། གནའ་དེང་མར། ས་ལམ་ཆུ་ལམ་མི་བདེ། རུ་ཐག་ལམ་ཐག་མི་ཉེ་ནའང་། ཤ་འདང་རུས་འདང་ཟབ་པའི་མི་རྣམས་ཀྱིས་གཉེན་གྲོགས་ནང་འཕྲད་གནང་བར། རྟ་ཞོན་ཞིང་བྲོ་ཁྱེར་ནས་ཉིན་ལམ་མཚན་གྱིས་བཅད།  ཐ་ན། ངག་འཕྲིན་ཚིག་ཅིག་ཞུ་བ་ལའང་། མྱི་རྟ་བརྒྱ་གཤར་བརྒྱུད་དགོས་ཡོད་རེད། དེ་དག་གིས་དེ་ལྟར་ཚད་བཙུགས་ཤིང་ཚེགས་བརྒྱབ་ནས། སྙིང་གི་ཟླ་བོར་ཐུག་འཕྲད་དང་། གཉེན་དང་ཕུ་ནུ་ལྷན་འཛོམས། གྲོགས་དང་མནའ་སྤུན་དུས་བཅད་བཏབ་ནས་འོངས། དེ་དག་ནི་དེ་ལྟར་ཡུལ་དུས་ཀྱིས་བར་བཅད། མི་ཁོམ་པས་ལུས་བསྡམས་ནའང་། གནམ་ལ་ཉི་ཟླ་དང་། མཚོ་ལ་ཉ་སྲམ། ས་ལ་རྩི་ཐོག་ནང་བཞིན་ཆ་འགྲིག་འགྲིག་དང་། ནང་མཐུན་མཐུན་དུ་ཡོད་པ་ཤ་སྟག་རེད་ཨང་། 
     དེ་དང་བསྡུར་ན། བརྡ་འཕྲིན་རླུང་ལ་འགྲན་པའི་དུས་འདིར། སྙིང་དུ་སྡུག་པའི་སྐྱེ་བོ་སུ་ཞིག་ལ་སེམས་ཁུར་གྱིས་ཁམས་བདེ་ཞུ་བ་དང་། ཤ་ཚས་སྙིང་གཏམ་མོལ་བ་ནི། དུས་ཚོད་སྐར་ཆ་ཁ་ཤས་ཀྱི་ཡུན་དུ་འགྲུབ་འགྲོ་བ་ཞིག་མ་ཡིན་ནམ། དུས་ཚོད་སྐར་ཆ་ཁ་ཤས་ཀྱི་ནང་ལ། གོ་ལའི་ཤར་ནུབ་དང་། གླིང་བཞི་གླིང་ཕྲན་ཀུན་ཏུ། ངག་འཕྲིན་གཏོང་བ་ལ་ཐོགས་རྡུགས་མེད་པའི་ད་ལྟའི་དུས་འདིར། ང་ཚོས་རྟག་པར་ཆ་མེད་ཀྱི་མི་ལ་དགོས་མེད་ཀྱི་གཏམ་སྨྲས་ཏེ་ནམ་ཚ་ཆུད་དུ་ཟ་བ་ལས། རང་གི་ཕ་མ་དང་། གཉེན་ཉེ། གྲོགས་པོ། མཛའ་ཡ་སོགས་ལ་ཁམས་བདེ་ཙམ་ཡང་ཞུ་ལོང་མེད་པར་ཆགས་ཡོད་པ་འདི། དུས་རབས་འདིར་འཚོ་བའི་མི་རབས་འདིའི་སེམས་ཁམས་ཀྱི་ཉེན་ཚབས་ཤིག་དང་། བརྩེ་གདུང་གི་ཆག་འཇིག་ཡ་ང་བ་ཞིག་མ་ཡིན་ནམ།

                                             བདུན།

           ཁག་མི་འདུག་སྟེ། སྟབས་བདེ་མྱུར་མགྱོགས་ཆེ་བའི་བརྡ་འཕྲིན་དུས་རབས་འདི། ང་ཚོའི་ནང་སེམས་ཀྱི་སྤང་ལྗོངས་སུ་ཆུ་ལོག་བཞིན་བརྒྱུགས་པ་ནས། ང་ཚོའི་སེམས་ཁོང་གི་སྙིང་རྗེའི་རི་རབ་ཉིལ། དད་མོས་ཀྱི་ཉི་ཟླ་བསྒྲིབས། ཡིད་ཆེས་ཀྱི་ཆུ་རྒྱུན་ཆད། མཛའ་མཐུན་གྱི་རྩི་ཐོག་རྙིད། ཤ་ཚའི་ལྗོན་དབང་བསྐམས། མི་གཤིས་ཀྱི་བཅུད་ཤོར། རིག་གནས་ཀྱི་སྟོབས་ཉམས། དེ་ཡི་ཤུལ་དུ་གཡོ་སྒྱུའི་རྡུལ་སྤྲིན་འཁྲིགས། རྫུན་གཏམ་གྱི་རྩྭ་ལུད་རྒྱས། ཧམ་སེམས་ཀྱི་རླུང་དམར་གཡོས།  ཚུལ་འཆོས་ཀྱི་སྨུག་པ་ཡན། གདུག་པའི་སེམས་སྐྱེས་ཤིང་སྨྱོན་པའི་གར་བསྒྱུར་ནས་ཡོད་རེད།  

                                        བརྒྱད།

       རེད་དེ། དེང་ཐོག འབུ་གྲོག་མ་ཞིག་གདུག་གསོད་བྱེད་པའི་བརྙན་ཐུང་ཙམ་ལའང་ལྟ་བས་མི་བཟོད་པའི་ང་ཚོས། ད་ལྟ་མི་མགོ་གསོན་འབྲེག་དང་། ཤ་ཁྲག་རྔམ་འཐུང་།དབྱུག་པས་རྡུང་བ་དང་མེ་ལ་མུར་པ་སོགས། གདུག་ལས་གདུག་སྤྱོད་ཡ་ང་བ་དག་ལ་ཅི་མི་སྙམ་པར་ལྟ་ཕོད་པ་དང་། ཅི་མི་སྙམ་པར་བསྐུར་ཕོད་པ་མ་ཟད། གདུག་ལས་གདུག་སྤྱོད་དེ་དག་ནི། སོ་སོའི་ཕྲུ་གུ་རྣམས་ལ་དགའ་ཁ་སློང་བ་དང་། སྐྲག་དངངས་འཕུད་པའི་རྩེད་མཚར་གྱི་རྒྱུ་རུ་གྱུར་ཡོད། སྔོན་མར། ལམ་འཕྲད་ཀྱི་གོད་ཆག་ཅི་རིགས་ལ། བསམ་ལོང་དྲན་ལོང་མེད་པར་བསམ་པ་རྣམ་དག་གིས་རོགས་བྱེད་པར་གོམས་པའི་ང་ཚོས།ད་ལྟ། མིག་མདུན་གྱི་ཉེན་ཁ་དང་ན་ཚ་དང་ཆག་འཇིག་སྣ་ཚོགས་ཅི་མི་སྙམ་པར་བསྐྱུར་ཏེ། དེ་དག་བརྙན་ལ་ཕབ་ཅིང་པར་དུ་བསྐྱོན་པར་ལག་སྔ་རྩོད། སྔོན་མར།ལུང་པ་ཕུ་མདོ་ཙམ་མ་ཟད། ས་ཆ་སྟོད་སྨད་བར་གསུམ་གྱི་མི་སུ་ལ་ཕྲད་ནའང་། ཚིག་དང་ཚིག་སྣ་གཏུག་ན་ཡིད་ཆེས་བརྟན་པ་དང་། ཚིག་རྟིང་མནའ་ཡིས་མནན་ན་འགྱུར་བ་མེད་པའི་དྲང་པོའི་མི་གཤིས་དེ། ད་ལྟ། དྲྭ་ལམ་གྱི་ཚོང་རྫས་ཙག་ཙིག་ཉོ་ཚོང་ཙམ་ལའང་། མནའ་ཟ་ཁྲག་འཐུང་དང་སྒ་འགྱུར་སྟན་འགྱུར་བྱེད་པར་ཡ་ང་མེད་པ་ཞིག་ཏུ་ཆགས་འདུག  སྔོན་མར། ཡུལ་དུས་གང་དུ་ཕྱིན་ཡང་། སྐྱིད་སྡུག་ཅི་ལ་ཕྲད་ཀྱང་། ཕན་ཚུན་ཤ་ཚ་སེམས་ཁུར་གནང་བ་དང་། ཁ་བརྡ་སྙིང་གཏམ་གློད་པ། ཡིད་ཆེས་རྒྱབ་རོགས་མཛད་པའི་འདང་བརྩེ་དང་ཕྱི་ཐག་གི་རི་མོ་ཡིད་དུ་འོང་བ་དེ། ད་ལྟ།  ཁོར་ཡུག་གི་འདུ་འཛི་དང་། བྱ་བའི་བྲེལ་ཟིང་། བརྡ་འཕྲིན་གྱི་བསླུ་བྲིད་སོགས་ཀྱིས་གསུབ་སླ་ཞིང་བཅོ་བདེ་བ་ཞིག་ཏུ་བཏང་འདུག་ཨང་།

                                                 དགུ།

  ང་ནི་བརྩེ་གདུང་ལྡན་པའི་མི་ཞིག་ཡིན། ངས་རྟག་པར་ང་ནི་བརྩེ་གདུང་ལྡན་པའི་མི་ཞིག་ཡིན་ཞེས་བཤད་མྱོང་། དེ་བཞིན་དུ། ང་ལ་བརྩེ་གདུང་ལྡན་པའི་དགེ་རྒན་དང་། ཤ་ཉེ། མཛའ་ཡ། ནང་གྲོགས་མང་པོ་ཡོད། དེ་དག་གིས་ང་རང་བསྐྱོར་མྱོང་། གཅེས་མྱོང་། འོན་ཀྱང་། ད་ལྟ། ངས་རང་ཉིད་ནི་བརྩེ་གདུང་ལྡན་པའི་མི་ཞིག་ཡིན་ཞེས་བཤད་མི་ཕོད། ང་རང་ཉིད་ལ་ཐེ་ཚོམ་སྐྱེ་ཡི་འདུག  སྔོན་ཆད། གྲོགས་བཟང་ས་དང་། གཉེན་ཉེ་དུ་མང་པོས་ཡང་དང་ཡང་དུ། “ཁྱོད་ཀྱིས་འབྲེལ་བ་གཅིག་ཀྱང་མི་བྱེད་དོན་ཅི་ཡིན”ཞེས་དྲིས་མྱོང་། ཡང་གྲོགས་པོ་ལ་ལས། “སྐད་འཕྲིན་ལས་ཁྱོད་ལ་ཐེངས་བཅུ་ཕྲག་བོས་ཀྱང་ཁ་ནི་མི་གྲགས། ཁྱོད་ལ་འབྲེལ་བ་བྱེད་རྒྱུའི་དཀའ་ཞིག་མི་འདུག”ཅེས་ཁོ་ཆད་པའི་ཚིག་ཀྱང་གླེང་མྱོང་། བདེན། ང་ནི་དེ་ལྟར། ཤེས་མེད་ཚོར་མེད་དུ། སྙིང་ཉེ་བའི་ཚོགས་དང་ཁ་བརྡ་མི་བྱེད་མཁན་ཞིག་འགྱུར་གྱིན་འདུག་ལ།  ད་ལྟ།  གྲོགས་པོ་དེ་དག་ཀྱང་ང་ཡི “ངག་བཅད”ལ་ལོབས་འདུག་པ་འདྲ།

          བདག་གིས་དེ་ལྟར་མི་ཁོམ་པ་ལ་ཁ་གཡར་ཏེ་ཁ་བརྡ་མ་བྱས་པས། སངས་རྒྱས་ཀྱི་ན་བཟའ་ཀླུབ་པའི་གྲོགས་པོ་ཞིག་མུན་ཁང་དུ་བཞུད་ནས་ཟླ་བ་ཁ་ཤས་ཕྱིན་པའང་ཧ་མ་གོ། བྱ་བཞག་དང་བར་ཐག་ལ་ཁག་བཞག་སྟེ་ཁ་བརྡ་ཆད་པས། འདང་རྩིས་ཆེ་བའི་གྲོགས་པོ་ཞིག་དོན་རྐྱེན་དང་ཕྲད་དེ། ལོ་ཕྱེད་ཙམ་ལ་རྒྱང་དུ་བཞུད་པའང་ཧ་མ་གོ། ལག་ཏུ་བརྡ་འཕྲིན་གྱི་ཡོ་བྱད་བཟུང་བཟུང་ལ་ཡོད་ནའང་། ནང་གྲོགས་ཀྱི་ཚོགས་ལ་ཁ་བརྡ་མ་བྱས་པས། བཙོན་ཟས་བཙོན་ཆུ་འཐུང་རོགས་ཁ་ཤས་རང་དབང་གི་པང་དུ་ལོག་པའང་ཧ་མ་གོ  ང་ནི་དེ་ལྟར། “ངག་བཅད།”ལ་གོམས་པས། གྲོགས་མོ་ཞིག་དང་ལོ་ངོ་ཧྲིལ་པོ་གཅིག་ལྷག་ལ་ཁ་བརྡ་མ་བྱས་པར་ལུས་ཤིང་། མཐའ་མ་ཡང་མར། ཁམས་བདེ་ཙམ་ཡང་མ་འཕྲོད་པའི་གྲོགས་མོ་དེ་ནི། རླུང་ཁའི་མར་མེ་བཞིན་གློ་རྡེག་ལ་ཚེ་ཡི་འདུ་བྱེད་རྫོགས་སོང་།

                                               བཅུ།

   ཉི་མ་འདི་དུམ་ལ། ང་རང་སྐྲག་སྣང་སྐྱེ་ཡི་འདུག  སྐྱོ་སྣང་སྐྱེ་ཡི་འདུག  སྟོན་རླུང་གིས་ཁུར་པའི་སྡོང་ལོ་སེར་པོ་དག་མཐོང་དུས། ངས་གྲོགས་དང་མཛའ་ཡ། ཕ་མ་སྤུན་མཆེད་དྲན་འོང་། མི་རྟག་པ་དྲན་འོང་། བརྩེ་གདུང་དང་མཛའ་བརྩེ་དྲན་འོང་། ཤ་ཚ་དང་སྙིང་གཏམ་དྲན་འོང་། ངས་ཉྭ་སྲིན་པོ་ལགས་ཀྱིས་ཁ་བ་སྙིང་ལྕགས་རྗེས་དྲན་གྱི་རྩོམ་ཞིག་ཏུ། འདས་པོ་སྙིང་ལྕགས་ལགས་ནི་གྲོགས་པོ་ལམ་འཇུག་བྱེད་པར་དགའ་བོ་ཡོད་པ་དང་། ཁོས་རྟག་པར་རང་གི་གྲོགས་པོ་རྣམས་ལ། ཚེ་མི་རྟག་པ་སྟེ། ཉིན་གཅིག་གི་ལམ་འཇུག་ནི། ཚེ་གཅིག་གི་ལམ་འཇུག་མིན་པའི་ངེས་པའང་མེད་པས། གྲོགས་པོ་ཕན་ཚུན་ལམ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ།། ཞེས་བརྗོད་མྱོང་ཞེས་པའི་སྐད་ཆ་འདི་དྲན་བྱུང་། སྐད་ཆ་འདིའི་གཏིང་ན་འཁྱིལ་པའི་འདས་པོ་སྙིང་ལྕགས་ལགས་ཀྱི་བརྩེ་གདུང་གི་རྒྱ་མཚོ་ཟབ་ཅིང་བརླིང་པ་དེ་མཐོང་བྱུང་།

                                          བཅུ་གཅིག

          བོར་སྟོར། འདུ་བྲལ། ལོག་ཕེབས། སྐྱིད་སྡུག  ཤི་གསོན། ད་ལྟ། ང་རང་ང་ཡི་སྨྲ་བཅད་ངག་སྡོམ་གྱི་འོབས་སུ་ལྷུང་སྟེ། མཚན་མོ་འདིའི་མུན་པ་བཞིན་ནང་སེམས་ནག་ཐོམ་ཐོམ་དུ་གྱུར་སོང་།

            ཤིན་ཏུ་མཛེས་པའི་ནག་མོ།

               
                    —ཡིད་སེམས་བྱམས་དང་བརྩེ་བས་ཕྱུག་པའི་གྲོགས་མོ་ཞིག་གློ་རྡེག་ལ་ཚེ་ཡི་འཕེན་པ་རྫོགས་པར།


ནག་མོ་ཁྱོད་ཀྱིས།
འཁྱགས་པའི་སྒང་ལ་བརྩེ་བའི་མེ་ཏོག་བཏབ།
བྱེ་མའི་ཐང་དུ་རེ་བའི་ཆུ་མིག་དྲངས།
 
ནག་མོ་ཁྱོད་ཀྱིས།
རྒས་པོ་ཉམ་ཐག་ཚོའི་བུ་མོ་བྱས།
བྱིས་པ་དྭ་ཕྲུག་ཚོའི་ཨ་མ་བྱས།
 
ནག་མོ་ཁྱོད་ནི།
མགོ་ཁྱིམ་ཕུག་གི་ཐབ་ཀ་བཞིན་འཁོར་ན་དྲོད་ས་ཞིག་ཡིན།
ལོ་ལོན་ལག་གི་དབྱུག་པ་ལྟར་འཁེན་ན་སྲ་ཡོད་ས་ཞིག་ཡིན།
 
ནག་མོ་ཁྱོད་ནི།
འཚོ་བའི་སྲིབ་འཁྱག་ནང་གི་ཉི་ཐིག་ཅིག་ཡིན།
ཚེ་སྲོག་གི་ལྗང་བུ་ཉག་ཕྲ་བ་དག་དྲོད་ཀྱིས་བསྐྱངས།
ནག་མོ་ཁྱོད་ནི།
བརྩེ་བའི་རྒྱུད་སྐུད་སྟེང་གི་རོལ་མོ་ཞིག་ཡིན།
མི་སེམས་ཀྱི་ཁེར་རྐྱང་ཡ་ང་བ་དག་རེ་བས་གསོས།
 
ཤིན་ཏུ་མཛེས་པའི་ནག་མོ་ཁྱོད་ནི།
ཤིན་ཏུ་མཛེས་པའི་མེ་ཏོག་ཅིག་སྟེ།
 
མུན་པ་དང་གྲང་འཁྱག་གི་གཉེན་དུ་སྐྱེས་པས།
ཚེ་མཇུག་གི་དབུགས་དང་ཤ་རུས་ཀྱང་།
ཕ་ཡུལ་གྱི་གྲང་འཁྱག་གི་མཚན་མོར་ཕུལ་ནས་བུད་སོང་།

     

                 མི་ཚེ།


རླུང་བསིལ་མོ་བསིལ་མོ་དེ།
ཤར་གྱིས་སླེབས་ཤིང་ཤར་གྱིས་འཇགས།
སྤྲིན་བོངས་ཚོ་བོངས་ཚོ་དག
དལ་གྱིས་འཕྱོ་ཞིང་དལ་གྱིས་ཡལ།
 
ནམ་མཁའ་སྟོང་བ།
དུས་ཚོད་ཀྱི་ཐ་གུར་དཔྱངས།
ཚེ་སྲོག་གི་ཐིག་ལེ་རྒྱ་མཚོར་ལྷུང་།
ཉི་འོད་ལྟེ་ཐག་བཞིན་ཆད་རྗེས།
མུན་པའང་ཐག་མི་རིང་ངོ་།།
 
ཟས་ཐུན་གཅིག་ནི་འཚོ་བ།
མཚན་ལམ་གཅིག་ནི་མི་ཚེ།
དེ་གཉིས་སྦྲེལ་བྱེད་ཀྱི།
ཐ་གུ་ཕྲ་མོ་ཕྲ་མོ།
 
སྣེ་གཅིག་ན་ཉི་འོད་འཁྱུག
སྣེ་གཅིག་ན་ཟླ་འོད་འཚེར།
 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།