ཁྲུང་ཁྲུང་དང་འབྲེལ་བའི་སྙན་ངག་ཁག་གསུམ།

6010

རྩོམ་པ་པོ།  འཕན་ཕྲུག་ཆོས་འཕེལ།

       

      ཁྲུང་ཁྲུང་འཕུར་སོང་།


ཁྱེད་རང་རྙེད་པ་ནས་བཟུང་།
ང་ལ་ཡང་གཤོག་པ་ཆ་གཅིག་སྐྱེས།
སུས་ཀྱང་གཅོད་མི་ཐུབ་པའི་གཤོག་པ་གཉིས།
ག་ལེར་ནར་སོན་བཞིན་འདུག

གྲོ་ཞིང་ཁ་ནས་ཁྱེད་ཚོས་ཞོགས་ཉི་བསུ་དུས།
ཞི་བའི་ངག་ལས་མཆེད་པའི་སྒྲ་ཤད་རེ་རེ།
རུ་དཔུང་དང་གུ་ཡངས་ཀྱི་དམར་ཐིག་ལས་བརྒལ་མ་ཐུབ།
མཚམས་སྤྲིན་གྱི་བང་ཁ་ནས་ཁྱེད་ཚོ་འོད་ལ་བཅིབས།
དེ་དུས་ང་རང་བྱ་ཞིག་ཡིན་ན་བསམ།
ཁྲུང་ཁྲུང་དཀར་མོ་ཞིག་ཡིན་ན་བསམ།

རི་རྩེའི་རླུང་དར་མ་བསྐྱོད་གོང་།
སོ་མར་རྙེད་པའི་ཁྱེད་རང་སླར་ཡང་བོར་དགོས་འདུག
ན་སྤང་གི་སྨྲེང་གླུ་དལ་བུར་འཇོ་དུས།
རི་དྭགས་ཀྱི་རྨིག་རྗེས་ལས་ཉི་འོད་ལ་སྡང་བའི་མེ་ཏོག་བཞད།
ད་ནི་ཁྲུང་ཁྲུང་འཕུར་རན།

འོ། ཁྲུང་ཁྲུང་འཕུར་ཟིན།

སྟོན་ལོ་ཕྱེད་ཀས་སྐྱེལ་མ་ཞུས།
སྟོན་ལོ་ཕྱེད་ཀས་རེ་སྒུག་ཞུས།

བྲང་ཁས་རླུང་དམར་བཤགས་ཏེ་འཕུར་སོང་།
ཁ་བ་སྡེར་མོ་གང་གི་རྒྱགས་ཕྱེ་བསྣམས་ཏེ་འཕུར་སོང་།

དུས་ཚིགས་དེ་ནས། ངས་ཁྱེད་རང་བློས་གཏན་ནས་མི་ཐོང་།
དཔྱིད་ཀ་ཚེས་རྗེས། ངའི་སྙན་ངག་གི་རུ་མ་ཁྱེད་ཁོ་ན་ཡིན།

                                    2018/11/27
 

      ཁྲུང་ཁྲུང་གི་སྐྱེས་རབས།



ཁྱེད་ཀྱི་སྐད་ངག་ལས་ངས་བཙན་པོ་སྲོང་བཙན་དྲན་འོངས།
ཉི་ནུབ་ཀྱི་མཚམས་ནས་རལ་གྲི་དང་རྟ་ཕོ་ཡང་དྲན་འོངས།
མ་རེད།
ཁྱེད་ནི་བཙན་པོ་ཚོའི་རྣམ་ཤེས་ཀྱི་རྨུ་སྐས་ཡིན།
བདག་གི་རུས་པ་དཀར་པོ་ཡིན།

ཁྱེད་རང་འཕུར་ཤུལ་ནས་ངས་དབྱངས་གསལ་དྲན་འོངས།
པོ་ཏི་དང་གླེགས་བམ་ཁོག་གི་གསེར་ཡིག་ཀྱང་དྲན་འོངས།
མ་རེད།
ཁྱེད་ནི་སྐད་དང་ཡི་གེའི་གཡུ་ཟམ་ཡིན།
བདག་གི་བླ་དང་སྲོག་རྩ་ཡིན།

ཁྱེད་རང་གི་གཤོག་རླབས་ཁྲོད་ངས་ཕ་ས་ཕ་ཡུལ་དྲན་འོངས།
གནམ་སྔོན་པོ་དང་གངས་རི་དཀར་པོའི་གན་གྱི་ཉི་ཟླ་དྲན་འོངས།
མ་རེད།
ཁྱེད་ནི་སྨུག་པོ་བོད་ཀྱི་ཐབས་དང་ཤེས་རབ་ཡིན།
བདག་གི་ཞི་བ་འདྲེན་མཁན་ཡིན།

                       2018/12/6

       མཐོ་སྒང་དང་ཁྲུང་ཁྲུང་།


ཁྱོད་ཀྱི་རྩོལ་བས་བརྩེག་མི་དགོས་པའི་ཕ་ཁྱིམ་འདི་རུ་ཡོད།
སྟོད་ལ་མཚེའུ་ཆགས་ཡོད།
སྨད་ལ་གཙང་ཆབ་བཞུར་ཡོད།

ཁྱོད་ཀྱི་ངལ་བས་གཡོ་མི་དགོས་པའི་ཞིམ་ཟས་འདི་རུ་ཡོད།
ལྷོ་རུ་ཞིང་ཐང་སྔོ་ཡུག་ཡུག
བྱང་ལ་ན་ཐང་སེར་ཐིང་ཐིང་།

ཁྱོད་ཀྱིས་བརྩེ་བས་བསྙོར་མི་དགོས་པའི་ཚེ་སྲོག་ཁྱུ་གཅིག་གནས་དེར་འཁོར་ཡོད།
གནམ་སྔོན་པོ་མལ་ལ་བཙེམས་ཡོད།
ས་ཆེན་པོ་གདན་དུ་བཏིངས་ཡོད།

ཁྱོད་ཀྱི་མོ་ཕྱྭས་འགུག་མི་དགོས་པའི་གཡང་ཆགས་སྐོར་ཞིག་ཚང་དེར་ལོག་ཡོད།
གངས་རིའི་རྩེ་མོ་རྡོག་པས་བརྫི་མཁན།
རྒྱ་མཚོ་ཆེན་པོ་ཧབ་འཐུང་བྱེད་མཁན།

              2018/11/16
0

One Response to ཁྲུང་ཁྲུང་དང་འབྲེལ་བའི་སྙན་ངག་ཁག་གསུམ།

  1. དགུན་རུ་ངག་དབང་ནོར་བུ། ལགས་ཀྱིས:

    ཡག་གོ

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།