གློག་འོད་འོག་ཏུ།(ཞར་བཀོད་གཉིས)

5200


བརྙན་རིས་འདིར alt གཏོགས་གཤིས་སྟོང་བ་ཡོད་འདུག དེའི་ཡིག་ཆའི་མིང་ནི། 48358758_1156342497859691_1677798282346102784_n.jpg
རྩོམ་པ་པོ།  བྱ་མདོ་བདེ་སྐྱིད་སྒྲོལ་མ།

       
          གློག་འོད་འོག་ཏུ།

མི་ཚོགས་ཀྱི་རླབས་རྒྱུན་བཞུར་བས།
རྒྱབ་གཟུགས་ཤིག་མིག་ལ་ཐིམ།
སྐར་མདའ་ཞིག་མཚོ་ལ་ལྷུང་བ་ནང་བཞིན།

ས་སྲོད་འདིས་ངག་སྒོ་མི་འཕྲོད་པ་ལྟར། གློ་བུར་དུ་ཁུ་སིམ་མེར་བསྡད།
མི་རྣམས་ཀྱིས་ངལ་དུབ་ཁུར་ནས་རང་ཡུལ་ལ་ལོག
ངས་རྒྱུས་ཡོད་ཀྱི་འབབ་ཚིགས་ཤིག་ཏུ།
མགྲོན་པོ་ཞིག་གི་ལོག་ཕེབས་ལ་སྒུག་ཡོད།

        ཕམ་ཁའི་རྗེས་སུ།

དབྱར་ཟླ་དེ་དེ་ལྟར་་བཞུད་སོང་།
དགུན་ཟླ་འདིའང་ཚར་ལ་ཉེ།
ན་བུན་དང་སྨུག་པ་ཡལ་རྗེས།
འཚོ་བ་སྔར་བཞིན་འཇམ་ཅག་གེར།
གནམ་གྱི་ཕ་མཐའ་གཤོག་པས་འཇལ་དཀའ་ཡང་།
ང་ནམ་ཡང་འཕུར་བསྐྱོད་ལ་གོམས་ཡོད།

        དྲན་པ་འགུལ་བ།

དཔང་མཐོ་བའི་རི་བོས།
བསྐལ་བའི་རྡོ་རིང་ལྟར་སྨྲ་བ་བསྡམས།
ཞོགས་པ་ག་ལེར་འཛུམ་འོང་དུས།
སྐར་ཚོགས་ཀྱི་འུར་ཟིང་སྔ་མོ་ནས་འཇགས།

མཚོ་མཐར་བབས་པའི་ཆུ་སྐྱར།
རང་དབང་དང་དབུལ་ཕོངས་ཁུར་ཏེ།
རྒྱ་མཚོའི་ཁེར་རྐྱང་ལ་འདྲོགས་ནས་རྒྱང་ལ་བྱེར་སོང་།
ཁྱོད་ཀྱང་རང་གི་ལམ་དུ་འགྱེལ་སོང་།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།