བཅད་རྩོམ་རིང་མོ《འཕྱོངས་རྒྱས་ཟླ་བ་སྒྲོལ་མ།》

9429

 

རྩོམ་པ་པོ།   གྲོག་མ།    

0204_1 (1).jpg


          འཕྱོངས་རྒྱས་ཟླ་བ་སྒྲོལ་མ།

                           གླེང་གཞི།


ཕར་ལ་གཟིགས་དང་གཡུ་ཐོག་ཟམ་པའི་སྟེང་།།

ལྷ་སའི་རྒྱུ་སྐར་དབུས་ཀྱི་ཟླ་བ་དེ།།

ཞལ་རས་མདངས་གསལ་སོ་ཕྲེང་དཀར་བ་ཡི།།

སྐྱེ་འབྲས་མེ་ཏོག་བཞིན་དུ་མཚར་བ་དེ།།

འཕྱོངས་རྒྱས་ཟླ་བ་སྒྲོལ་མ་མི་ཟེར་རམ།།

ཤིན་ཏུ་སྐྱོ་ཞིང་གདུང་བའི་ཉམས་འགྱུར་གྱིས།།

ཁྱོད་ཀྱིས་འདི་ནས་སུ་ཞིག་སྒུག་གིན་ཡོད།།

གཡུ་ཐོག་ཟམ་པའི་ཟླ་བ་སྒྲོལ་མ་ལགས།།

མཛའ་བོ་རྒྱང་རིང་ཡུལ་དུ་སོང་ངམ་ཅི།།

སོང་ནས་ཕྱིར་ཡོང་མེད་པ་མིན་ནམ་ཅི།།

ཁྱོད་ཀྱི་སྐྱོ་བའི་གླུ་དང་ཆང་གི་གཞས།།

གདུང་བའི་གླུ་དང་དྲན་པའི་མགུར་མ་སོགས།།

ཡ་གི་རི་བོའི་རྩེ་དང་ཐང་གི་དཀྱིལ།།

འབྲོག་པའི་ལྷས་དང་ཞིང་གི་ར་བ་རུ།།

ལྷང་ལྷང་ལེན་ཞིང་སིང་སིང་གྲག་གིན་གདའ།།

ཟླ་བ་སྒྲོལ་མའི་སྤྱན་གྱི་གཟིགས་ཕྱོགས་ཀྱང་།།

ཀུན་གྱི་སེམས་ན་ཡོད་དོན་ཅི་ཞིག་ལགས།།


                  ལེའུ་དང་པོ།


ལྷོ་ཁ་འཕྱོངས་རྒྱས་རྒྱ་གྲོང་ཆེན་མོ་ཡི།།

དཀྱིལ་དུ་ཡོད་པའི་ནོར་བུའི་ཆང་ཁང་དུ།།

ཆང་མ་ཟླ་བ་སྒྲོལ་མས་ཆང་མགྲོན་བསུ།།

ཆང་ཕོར་བཏེགས་ཤིང་ཆང་གཞས་བླངས་བའི་ཚེ།།

ནས་ཆང་སེར་པོ་བདུད་རྩིའི་བཅུད་དུ་གྱུར།།

ཆང་འཐུང་མང་པོའི་སེམས་རྩ་དྲག་ཏུ་བསྒུལ།།

མིག་ཆུ་ཤམ་ཤམ་འབབ་པར་བྱས་པ་ན།།

ཁྱོད་ཀྱི་ཆང་གཞས་བརྩིས་ན་གྲངས་མེད་ཅིག།

རྒན་དར་གཞོན་གསུམ་ཀུན་ཀྱི་ངག་ལ་ཕོག།

གངས་རི་ཡོམ་ཡོམ་རྒུལ་ཞེས་གཏམ་དུ་གྲགས།།

ཟླ་སྒྲོན་ལང་ཚོ་དར་ཞིང་སྙན་པ་འབར།།

གཟུཊ་བྱད་མཛེས་ལ་མཛངས་མའི་གཤིས་ཉམས་ལྡན།།

སྣང་བ་དགུང་ལས་མཐོ་བའི་སྟག་ཤར་ཡང་།།

སྨན་ཆུང་ཁྱོད་ཀྱི་མདུན་ནས་ཚུགས་ཀ་འཆོལ།།


             ལེའུ་གཉིས་པ།


རྒྱལ་དབང་ལྔ་པ་པོ་ཏ་ལ་རུ་བཞུགས།།

ལྷ་སའི་གྲོང་དུ་སྟོན་ཀའི་ཉི་མ་ཤར།།

ལྷ་ཀླུ་འདམ་རའི་རྩྭ་ས་ཡངས་པོ་རུ།།

ཕྱོགས་ཀྱི་ཨར་ལས་ཆེན་མོ་ཚུགས་པ་ན།།

ཟླ་སྒྲོན་ལྷ་སར་ཡོང་བ་མ་ཡིན་ནམ།།

རྒྱལ་ས་ལྷ་སའི་མི་ཚོགས་འདུ་འཛི་རྒོད།།

འདམ་རའི་རྩྭ་ལྡུམ་ལས་ཀ་ཁུར་དུ་ལྕི།།

མགོ་དཔོན་བཙན་ཞིང་འོག་སྡེ་ཉམ་རེ་ཆུང་།།

ཁྲུང་ཁྲུང་རྣམས་ཀྱང་ལྷོ་ཁའི་ཕྱོགས་སུ་འཕུར།།

དེ་ཚེ་ཟླ་བ་སྒྲོལ་མའི་ངག་སྒོ་ནས།།

མི་སེམས་གཡོ་ཞིང་ཡིད་དབང་འཕྲོག་པ་ཡི།།

ངལ་རྩོལ་གདུང་གླུ་ཕ་ཡུལ་དྲན་པའི་གླུ།།

མི་རྟག་སྐྱོ་བའི་གླུ་དང་དད་པའི་མགུར།།

བརྒྱ་སྟོང་མང་པོ་བླངས་ཤིང་གང་སར་ཁྱབ།།

ཟླ་བ་སྒྲོལ་མའི་གླུ་དབྱངས་སྙན་མོ་དག།

གོང་གི་དཔོན་པོས་གྱེར་ཞིང་གཡོག་པོས་འགུགས།།

སྲང་གི་འཁྱམ་པོས་ལེན་ཞིང་སྤྲང་པོས་འཐེན།།

དེ་ནི་རྩྭ་ཐང་མེ་ལ་ཤོར་བ་བཞིན།།

བོད་ཁམས་ལུང་པ་ཀུན་དུ་ཁྱབ་པ་དང་།།

ལྡུམ་རའི་ནང་གི་བུང་བ་འཕུར་སྟངས་ཀྱིས།།

རྒྱལ་དབང་ཆེན་པོའི་སྙན་གྱི་པདྨོར་བབས།།

དེ་ཚེ་བོད་ཀྱི་ས་སྐྱོང་ཆེན་པོ་འམ།།

སྙན་ངག་སྨྲ་བའི་ཚངས་ཆེན་ཐུགས་གཡོས་ཏེ།།

གླུ་འདི་སུ་ཡིས་བླངས་ཞེས་ནན་ཏན་མཛད།།

འཕྱོངས་རྒྱས་ཡུལ་གྱི་ཟླ་བ་སྒྲོལ་མ་དེ།།

ཡི་གེ་མི་ཤེས་གཞུང་ལུགས་མ་སྦྱང་ཡང་།།

སྙན་ཚིག་ཐོལ་བྱུང་འཛད་པ་མེད་པ་དང་།།

ངག་རྩལ་རྫོགས་ཀྱང་བྲན་མོའི་ལས་གཟིགས་ནས།།

ལྷ་ཀླུའི་འདམ་རའི་ནང་དུ་ཨར་ལས་དང་།།

ནོར་བུ་གཞིས་ཀའི་གཡོག་མོ་མི་དགོས་པའི།།

ཆག་ཡང་ཡོངས་རྫོགས་ལྔ་པ་ཆེན་པོས་བསྩལ།།


           ལེའུ་གསུམ་པ།


རྒྱ་གར་ཡུལ་གྱི་དུང་དང་མུ་ཏིག་སོགས།།

བོད་དུ་འདྲེན་ཞིང་བོད་ཀྱི་སྨན་རྫས་རྣམས།།

ཡང་བསྐྱར་ཕྱི་ལ་འཚོང་བའི་ཚོང་དཔོན་ཆེ།།

ཕོ་མཛངས་ཉི་མ་བཟང་པོའི་དུངས་པའི་མདའ།།

ཟླ་བ་སྒྲོལ་མའི་བརྩེ་བའི་འབེན་ལ་ཟུག།

བཀྲ་ཤིས་གཡང་དུ་འཁྱིལ་བའི་ཇ་ཁང་དུ།།

ཆུ་ཁོལ་ལྷོག་ལྷོག་གདུ་བའི་རླངས་པ་འཕྱུར།།

ཇ་དང་འོ་མ་འདྲེས་པའི་བསུང་ཞིམ་འཐུལ།།

ཉི་མ་བཟང་པོ་སྙིང་གཏམ་ཤབ་ཤུབ་སྨྲ།།

ཟླ་བ་སྒྲོལ་མ་དུངས་གླུ་ཟ་ཟི་ལེན།།

ཕྱི་ཡི་གཡོག་དང་བྲན་གྱི་འཆིང་བ་གྲོལ།།

ནང་གི་དབུལ་ཞིང་ཕོངས་པའི་གདུང་བ་ཞི།།

ཚེ་རབས་སྔོན་གྱི་ལས་འཕྲོ་དུས་སུ་སྨིན།།

བརྩེ་དུང་མི་འགྱུར་དར་གྱི་མདུད་པ་ཐེབས།།

ཉི་མ་བཟང་པོ་རྒྱ་གར་སྐོར་ནང་ཡོང་།།

འབྱོར་ཕྱུག་ལྡན་ལ་ཕོ་སྒོ་ཤིན་དུ་བཟང་།།

རྟ་དྲིལ་དེད་ཅིང་ལག་དོ་ཁྲིད་དེ་ཡོད།།

སྟོང་སྡེ་ནག་པོས་སྨོན་པའི་མགོ་ལྕོག་ལྡེམ།།

ཟླ་བ་སྒྲོལ་མས་ལྷ་སའི་གླིང་སྐོར་བྱེད།།

ཤིན་ཏུ་དེས་པའི་དགེ་བའི་སེམས་ཀྱིས་ནི།།

རྒན་པ་བཀུར་ཞིང་ཉམ་ཆུང་བྱམས་ཀྱིས་སྐྱོང་།།

སྐབས་རེ་བྱིས་པ་རྣམས་དང་ལྷན་གཅིག་རྩེ།།

གླུ་དབྱངས་ལེན་ཞིང་གར་གྱི་སྟང་སྟབས་ངོམ།།

དེ་དུས་ལྷ་ལྡན་ཞིང་གི་སྐྱེ་བོ་རྣམས།།

སྐྱབས་མགོན་རྒྱལ་བ་གཏམ་དུ་མི་གླེང་པར།།

འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཁ་རུ་ཐོགས།།

སྒྲོལ་མའི་ཕྱག་བསྟོད་རིང་མོ་མི་འདོན་པར།།

གཞས་ཆུང་དྭངས་མོ་ལེན་བཞིན་གླིང་སྐོར་འགྲོ།།


            ལེའུ་བཞི་པ།


ལྷ་སའི་གྲོང་དུ་སྟོན་རླུང་ངེས་མེད་གཡུག།

སྡོང་ལོ་སེར་པོ་དག་ཀྱང་གང་སར་འདེད།།

རེས་འགའ་ཁ་བའི་འདབ་མ་ཐ་ཐོར་རེ།།

ཅུང་ཟད་གདུང་བའི་ཉམས་ཀྱིས་ས་རུ་ལྷུང་།།

ཁྲེལ་སྡུག་ཉི་མས་གླིང་བཞི་བསྐོར་ནས་བྱུང་།།

མག་མོག་ཟླ་བ་འཇིག་རྟེན་མཐའ་ནས་འཁོར།།

ཐག་རིང་མགྲོན་པོ་གཅིག་ཐོན་གཉིས་འབྱོར་རེད།།

ནམ་ཟླ་དུས་ཀྱི་ལྷ་མོ་སྐུ་རྒས་ཀྱང་།།

ཉི་བཟང་རྒྱ་གར་ཡུལ་ནས་མ་འཁོར་ལ།།

ཆ་དང་ཡི་གེ་ཙམ་ཡང་མ་བྱུང་བས།།

དགོང་དྲོའི་གཡུ་ཐོག་ཟམ་གྱི་རྒྱ་ཕིབས་འོག།

ཟླ་སྒྲོན་ཁྱོད་ཀྱིས་དྲན་པའི་གདུང་གླུ་ལེན།།

ཨ་ཅེ་ཁྱེད་རང་ཤིན་དུ་སྐྱོ་བའི་ཉམས།།

ང་ཚོས་མཐོང་ན་སེམས་རྩ་ཆུ་ལས་གྲང་།།

ཁྱོད་ལ་སེམས་གསོ་ཕོད་པ་ལྟ་ཅི་སྟེ།།

གཡུ་ཐོག་ཟམ་པའི་མགྲོན་པོའང་རེ་ཞིག་ཆད།།

ཉི་བཟང་དྲན་ཞིང་སྒུག་པའི་གླུ་ཡི་འཕྲིན།།

སྐྱི་སེར་རླུང་ལ་བསྐྱོན་པའི་ཕོ་ཉ་བཞིན།།

མདོ་དབུས་ཁམས་ཀྱི་ལ་ལུང་ཀུན་དུ་སོང་།།

རོལ་མོའི་དབྱངས་དང་སྡེབ་སྟེ་ལེན་བཞིན་གདའ།།

འཕྱོངས་རྒྱས་གླུ་མའི་གངས་དཀར་སེམས་ཁོང་གི།

ཁྲེལ་གཞུང་གཙང་ཆེན་རིང་མོ་གང་དུ་འབབ།།

མི་ལོ་དགུ་ལ་བསྒུགས་ཀྱང་མི་ཡོང་བའི།།

ཉི་མ་བཟང་པོ་ཁྱོད་རང་གང་དུ་སོང་།།

ཟླ་བ་སྒྲོལ་མས་དྲན་གདུང་མི་བཟོད་པར།།

གཡུ་ཐོག་ཟམ་པའི་སྟེང་ནས་རྒྱང་ལྟ་བྱེད།།

                                             2017.10.23

 

རྫ་ཆུའི་རླབས་སྒྲའི་པར་གཞན་གྱིས་དགོལ་བར་མི་བྱའོ།།

 

0

4 Responses to བཅད་རྩོམ་རིང་མོ《འཕྱོངས་རྒྱས་ཟླ་བ་སྒྲོལ་མ།》

  1. བཙན་ཞགས། ལགས་ཀྱིས:

    ལྷོད་ཆགས་པའི་ཚིག་སྡེབ་ཀྱི་དབྱངས་འགྲོས་ན་སྙན་ཞིང་འཇེབས་པའི་འགྱུར་ཁུག་ལྡེམ་ཞིང་། སྙིང་ལ་སིམ་པའི་ཡིད་བརྙན་གྱི་གསང་ཁུག་ནང་ན་མེ་ཏོག་གི་ཟེའུ་འབྲུ་སྨིན་པའི་གཏམ་རྒྱུད་ཅིག་གིས་མི་སེམས་རབ་ཏུ་རྐུ་བར་བྱེད། བཙན་ཞགས་ཀྱིས།

  2. རྩེ་རི་ཚེ་དབང་རྒྱལ་པོ། ལགས་ཀྱིས:

    སྤྱིར་བཅད་རྩོམ་སྙན་ངག་ཟེར་བ་འདི་གང་གི་ཆ་ནས་བལྟས་ཀྱང་སྲོལ་རྒྱུན་སྙན་ངག་ལས་འགོང་དགོས་པ་འདྲ་ཞིག་འདུག་ཞེས་བཤད་རྒྱུ་ཡིན་ལ་དེ་ཡང་སྲོལ་རྒྱུན་སྙན་ངག་གི་སྒྱུ་རྩལ་བརྐུས་བའི་གཞི་རྩའི་སྟེང་དུ་སྒྱུ་རྩལ་གཞན་ཞིག་གིས་རྒྱན་ཆ་འདོགས་ཀྱིན་པའི་ཁུལ་ཡིན་པས་གཅིག་གི་ཁར་གཅིག་བསྣན་ན་གཅིག་ལས་མང་བ་འདི་ཆོས་ཉིད་ཡིན་པ་དེས་ཀྱང་ངོ་།།ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་བཅད་རྩོམ་ལ་ཉེ་བར་བཅར་བའི་གཞོན་པ་འདི་དག་གི་རིག་གནས་ཀྱི་རྨང་གཞི་དང་ཐ་སྙད་བཙོ་སྦྱངས་ལ་བྱང་ཆ་མེད་པ་སོགས་ཕྱོགས་གང་ཐད་ནས། ད་དུང་བཅད་རྩོམ་སྙན་ངག་ནི་ཚུགས་ཐུབ་ཀྱིས་འབུར་ཞིང་ཐུན་མིན་གྱི་རང་གཤིས་ཤིག་གིས་ལྷང་ལ་བུད་འདུག་པ་ཞིག་གང་ནས་ཡིན།

    • འབྲོག་རེ་ལྡེ། ལགས་ཀྱིས:

      དེ་ན་བཅད་རྩོམ་ག་འདྲ་བྱས་ནས་འབྲི་དགོས་པ་རེད། བཅད་རྩོམ་ཡིན་ན་སྲོལ་རྒྱུན་སྙན་ངག་ལས་འགོང་དགོས་པའི་རྒྱུ་མཚན་ཅི་ཡོད། ཡང་ན་ཁྱེད་ཀྱིས་ཡ་དཔེ་ལ་ཞྭ་འཕེན་འོས་པའི་བཅད་རྩོམ་ཡག་པོ་དེ་འདིར་ཁྱེར་ཤོག་དང་། ད་གཟོད་ལབ་པར་བྱ།

  3. འབྲུག་མོ། ལགས་ཀྱིས:

    འཕྱོངས་རྒྱས་ཟླ་བ་སྒྲོལ་མ་འདི་མི་ནས་སྙན་ངག་དང་། སྙན་ངག་ནས་སྒྲུང་གཏམ། སྒྲུང་ནས་ལྷ་རུ་འགྱུར་བཞིན་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།