
རས་པ་ཞིག་གི་ཕྱི་ནང་།
–––– ཀུན་བཟང་ཡེ་ཤེས་སྙིང་པོར་ཕུལ་བ།
སེམས་རྟོག་པའི་རི་མོ་མགུར་ལ་དྲངས།།
མགུར་སྙན་མོ་ཕར་ཀའི་བྲག་ལ་བླངས།།
བྲག་སྐྱ་མོས་ཨ་ལན་མི་གདའ་ཡང་།།
སྐྱིད་སྣང་བ་མཚོ་མོ་རང་འཁྱིལ་ཡིན།།
ཤིང་ལྗོན་པའི་དྲི་བཟང་རླུང་དང་བསྡེབས།།
རླུང་བསིལ་བུའི་རྐང་ཆུང་རྩྭ་ལ་ཐོགས།།
རྩྭ་རྩི་ཐོག་ལྡེམ་པའི་རི་ལུང་ན།།
ཤྭ་ཡུ་མོའི་རྩེད་བྲོ་ཡིད་དུ་འོང་།།
གནས་དབེན་པའི་བྲག་ཕུག་སྐམ་པོ་ན།།
རྒྱུ་ནོམ་པ་སོག་རུང་མ་སོག་རུང་།།
དོན་གཉུག་མ་ཡེ་ཤེས་མཁའ་འགྲོ་མས།།
དབུ་པང་དུ་བཞག་ནས་འཛུམ་ཆུང་སྟོན།།
བརྡ་ལག་ཏུ་སྤྲད་ཅིང་གམ་དུ་བཞུགས།།
2017.10.28

དྲན་མགུར་མེ་ལོང་མ།
ལམ་ཀྱག་ཀྱོག་བརྒྱུད་པའི་སྣེ་མོ་ན།།
གནས་བྱིན་ཆེན་ཤུག་དྲི་ཐུལ་ལེ་ཡོད།།
རྫ་ཁྲ་ཡག་རི་དྭགས་རྒྱུ་ལམ་ན།།
རྒོད་ཐང་དཀར་གཤོག་སྒྲོ་སྤུངས་སེ་ཡོད།།
ཤིང་ལྕང་མ་གུག་པའི་རྩེ་མོ་ན།།
བྱེའུ་མཆིལ་བ་འུར་ཟིང་ཉིལ་ལེ་ཡོད།།
ཆུ་རང་རྡོལ་གཡས་སུ་འཁྱིལ་བ་ན།།
ལས་ཟླ་དཀར་ཚེས་པའི་རང་གཟུགས་ཡོད།།
ཁྱེད་ཕེབས་སམ་ཡིད་ཀྱི་ཐིག་ལེ་མ།།
རི་ལ་ལུང་ཞབས་ཐང་ཕེབས་རྐྱེན་གྱིས།།
སྐུ་ངལ་བ་བྱུང་ན་ངལ་གསོ་མཛོད།།
ཞལ་མེ་ཏོག་འཛུམ་པའི་སྐྱེད་ཚལ་ནས།།
སྤྱན་བུང་བའི་འཕུར་ཕྱོགས་ང་ལ་གཏོད།།
ངའི་སེམས་པ་ཁྱེའུ་ལག་རིང་པོས།།
སྐྱེམས་ཞིམ་པོའི་མཆོད་ཁ་ཁྱེད་ལ་ཡོད།།
སྤྲིན་དར་དཀར་ཡོལ་བའི་ཀློང་རུམ་ན།།
དགུང་ཉི་མའི་འོད་མདངས་ལམས་སེ་ལམ།།
རླུང་ཟ་ཟི་ལྡང་བའི་ཉག་ག་ན།།
མདོག་སྣ་ལྔའི་དར་ལྕོག་ལྷབས་སེ་ལྷབ།།
གྲོགས་ན་ཟླ་འཛོམས་པའི་གཞི་དཀྱིལ་ན།།
སེམས་སྤྲོ་བའི་གླུ་ཆུང་སེངས་སེ་སེང་།།
མི་སྣ་ཚོགས་བགྲོད་པའི་རྐང་ལམ་ན།།
སྨན་ན་ཆུང་གོམ་འགྲོས་ལྡེམས་སེ་ལྡེམ།།
ཁྱེད་ཕེབས་སམ་ཡིད་ཀྱི་ཐིག་ལེ་མ།།
ཁངས་ཕར་འབབ་ལྷགས་པ་ཚུར་འཁོར་གྱིས།།
སྐུ་བསིལ་བ་བྱུང་ན་མེ་ཁ་གསོས།།
སྨག་རབ་རིབ་འཐིབ་པའི་ཁང་ཁྱིམ་ནས།།
ཐུགས་ཉི་མའི་འཆར་ཕྱོགས་ང་ལ་གཏོད།།
ངའི་སེམས་པ་ལུག་ཆུང་ཚ་དཀར་འདིས།།
དྲོད་འཇམ་པོའི་མཆོད་ཁ་ཁྱེད་ལ་ཡོད།།
2017.11.1

དཔེ་འཇོག
དགུང་ཨ་སྔོན་ཁ་ཞེང་ཚད་མེད་རེད།།
དེའི་དཔེ་ལ་ཁྱོད་ཀྱི་བྱམས་བརྩེ་འཇོག
དུང་ཟླ་བའི་རང་མདོག་འགྱུར་མེད་རེད།།
དེའི་དཔེ་ལ་ང་ཡི་འདང་འདུན་འཇོག།
ཆུ་པདྨའི་མཛེས་སྡུག་ལྷན་སྐྱེས་རེད།།
དེའི་དཔེ་ལ་ཁྱོད་ཀྱི་བློ་རིག་འཇོག།
ཆབ་ཆུ་བོ་བཞུར་རྒྱུན་ཆད་མེད་རེད།།
དེའི་དཔེ་ལ་ང་ཡི་སྙིང་གཏམ་འཇོག།
སྟོད་གངས་དཀར་དབུ་འཕང་ཇེ་མཐོ་རེད།།
དེའི་དཔེ་ལ་ཁྱོད་ཀྱི་ལས་བསོད་འཇོག།
འབྲོང་བྲེ་ལོའི་སྙན་གྲགས་ཇེ་དར་རེད།།
དེའི་དཔེ་ལ་ང་ཡི་རླུང་རྟ་འཇོག།
… … …
དཔེ་འདི་ཚོ་ཡི་གེ་དྲུག་མ་རེད།།
དོན་བྲག་རིའི་ངོས་ལ་རང་དོད་རེད།།
མིག་ཁྲ་ཆུང་ལས་སྐལ་མ་དམན་ན།།
ཚིག་སྙན་མོ་འཇའ་ཚོན་རང་ཤར་རེད།།
2017.11.26

ཞིང་བཀོད།
ཕྱི་ཅང་མེད་ནམ་མཁའ་སྟོང་པ་ལ།།
བློ་གཟེགས་པོ་ཁྱེའུ་ཤེས་མེད་འདིས།།
འོད་ཟ་ཟི་ཅན་གྱི་ཉི་ཟླ་བྲིས།།
དབུ་དགུང་ལ་སྙེག་པའི་གངས་རི་བྲིས།།
སྤང་ན་ཁུད་རེ་ལ་སྡེ་རེ་བྲིས།།
ལུག་གཡང་དཀར་སྤྲིན་དང་འདྲེས་ལེ་བྲིས།།
ཕྱུགས་སྒོ་ཟོག་འབྲོང་དང་ནོར་ལེ་བྲིས།།
ཡང་རྫ་སྤང་གཉིས་ཀྱི་འདྲེས་མཚམས་ན།།
སྨན་བུ་མོ་མེ་ཏོག་འདྲ་བ་བྲིས།།
ངག་སྙན་འཇེབས་གླིང་བུའི་འགྱུར་ཁུགས་ལ།།
ཞེ་དུང་བའི་ཚིག་འབྲུ་གསལ་བ་བྲིས།།
ལུས་གོམ་ཆུང་སྤོས་པའི་རྗེས་ཤུལ་དུ།།
བག་མེད་པའི་རི་དྭགས་འཆི་བ་བྲིས།།
དབྱངས་གསལ་བྱེད་སྦྲེལ་བའི་ཆོ་ག་ལ།།
ཡིད་རྟེའུ་ཆུང་ཤོར་བའི་སེམས་ཅན་ང་།།
ལུས་འབྱུང་བཞི་རང་སར་ཐིམ་པའི་རྗེས།།
ཞིང་དེ་རུ་སྐྱེས་ན་བློ་རེ་བདེ།།
འདི་ནི་རྩོམ་ཡག་རྨད་དུ་བྱུང་བ་ཞིག་གོ ཨེ་མ་ཧོ།