བཅད་རྩོམ་རིང་མོ《ཤམ་བྷ་ལའི་འཐབ་རྩོད་དང་རྨི་ལམ།》

2718

 

རྩོམ་པ་པོ།   དུ་བ།    

 

21624095_1547147488676079_1865465562_n.jpg

      ཤ་བྷ་ལའི་འཐབ་རྩོད་དང་རྨི་ལམ།


                1


སྲིད་པའི་གནའ་གཏམ་དབུས་ཀྱི་ཉི་ཟླའི་གཤོག་པ།།
དེ་ཡི་ཁུག་ཏུ་བྲིས་པའི་དབེན་པའི་གངས་རི།།
སྒྱུ་མའི་གཙང་བོའི་ངོགས་སུ་དིང་གླིང་འབུད་པའི།།
མི་སྡེའི་སེམས་ཚེགས་ཁུར་བའི་འཆར་གཞི་རེད་ཨང་།།
དགོས་སུ་བདག་པོ་རང་གི་དྲན་པའི་ཁྲོད་ཀྱི།།
བྲེ་ཡག་འབྲོང་ལོ་འཁོར་སའི་རྨི་ལམ་འདི་ཨང་།།
འཆི་ཁའི་སྨོན་འདུན་བརྒྱ་ཡི་སྡིག་སྒྲུབ་མཐུ་ཡིས།།
སྐྱེ་བའི་ལེ་འུ་འཕྲོ་མའི་རྣམ་ཐར་ཁྲོད་དུ།།
ཅིས་ཀྱང་གཞི་བདག་བྱེད་སའི་ཤཾ་བྷ་ལ་ཡ།།
མཇུག་མཐའི་སྟོན་ཁ་ཚེས་པའི་སྐྱ་རེངས་ཁྲོད་ཀྱི།།
སྨུག་ལམ་ཤོག་ཆེན་བྱེ་བའི་འདུ་འགོད་དབུས་ནས།།
ཁྱེད་རང་མཚམས་པོ་མིན་པའི་སྐར་མ་ཤར་ན།།
ང་ཅག་ཆག་གྲུམ་ཤོར་བའི་སྒེའུ་ཁུང་ནང་ནས།།
འགྲོ་བ་རིགས་དྲུག་རྡིབ་པའི་ཉམས་སྣང་སྐྱེས་འོང་།།


                          2


འུ་ཅག་མཚན་སྨག་ཁྲོད་ཀྱི་རྟ་པ་རེད་ཨང་།།
ད་དུང་མཚན་སྨག་གཅོད་པའི་བྲོས་དམག་རེད་ཨང་།།
ད་དུང་འཐབ་འཁྲུག་ཁྲོད་ནས་ཤི་རྨས་ཐེབས་པའི།།
འབུམ་ཤོག་ཕྱེད་ཀ་གཅིག་གི་ལྷག་མ་རེད་ཨང་།།
དེ་ལྟར་ཕ་ཡུལ་སྐད་པའི་ཁངས་ཆེན་དབུས་ཀྱི།།
གཡུལ་སའི་ཀྭི་སྒྲ་ལྡིར་བའི་སྙན་ངག་ཁྲི་ཕྲག།
ཉི་མ་ལྷ་སའི་གདོང་གི་གྲིབ་ཆེན་ཁ་རུ།།
མི་རབས་འཕྲོ་མ་དག་གིས་ཡང་ཡང་གྱེར་ན།།
དེ་དང་ཐག་རིང་མིན་པའི་ཤཾ་བྷ་ལ་ཡི།།
རིག་ལྡན་དྲག་པོའི་དཔུང་ལ་ཇག་པ་སླེབས་ནས།།
བྱུ་རུའི་ཕོ་བྲང་དཀྲུགས་པའི་རྣམ་རྟོག་སྤྲིན་རིས།།
གདོད་མའི་ཁྲག་རྩའི་སྦུབས་སུ་ཆུ་བཞིན་བཞུར་ནས།།
ཅིས་ཀྱང་རྨུ་ཐག་ཆད་པའི་གནམ་མཐའི་རྒྱལ་རབས།།
ད་དུང་ཅིག་ནས་འཚོལ་བའི་ཞེན་ཆགས་གདུ་འོང་།།

                            3


མི་ཚོགས་སླར་ཡང་ལམ་ཁའི་ཆར་ནག་དབུས་སུ།།
ཉི་ཟླའི་གོང་ཐིག་འཐེན་པའི་སྟ་གོན་བྱས་ནས།།
སྲིད་པའི་ཇག་ལམ་རིང་མོའི་ཆུ་མགོ་དེད་ན།།
ང་རང་ང་རྒྱལ་བརྒྱ་ཡིས་སོལ་བར་གྱུར་ནས།།
དུས་བཞིའི་རྒྱུན་ཐག་ཆད་དེ་རྡུལ་དུ་ཟེགས་ཀྱང་།།
འཁོར་བའི་ཉམས་ཉེས་འདི་ལ་ཞེ་འགྱོད་ཅི་ཡོད།།
མཇུག་མཐའི་སེམས་ཚེགས་འདི་ལ་ངལ་བ་ཅི་ཡོད།།
འོན་ཀྱང་བསང་དུད་འཁྱིལ་བའི་གནའ་བོའི་རི་གྲོང་།།
ཆུ་མཐའི་རྡོ་བ་ཞིག་གི་ངང་ཚུལ་ཁྱེར་དེ།།
དད་པའི་རྡུལ་སྨུག་འཚུབ་པའི་ཤཾ་བྷ་ལ་རུ།།
ཐ་མའི་བརྐྱང་ཕྱག་འཚལ་དེ་མུན་ནག་ཅིག་ཏུ།།
སླར་ཡང་མི་མཐོང་བ་ཡིས་འཆར་ནུབ་བྱེད་པ།།
གྲོང་ཁྱེར་སྨན་ཁང་ནང་གི་གནམ་ཁབ་དག་གིས།།
ཉིད་ཀྱི་རྩ་ཆེན་བཀྲུས་པའི་རྒྱུ་རྐྱེན་རེད་དམ།།

                         4

རི་སྒང་སྨུག་ལོང་འཐིབ་པའི་ཕྱི་དྲོ་ཞིག་ལ།།
ཁོ་བོས་མིག་ནང་འཚུབ་པའི་བྱེ་རྡུལ་གསེབ་ཏུ།།
ཁྲུང་ཁྲུང་གཤོག་རིང་འགའ་ཡི་སྒལ་གཞུང་ཐོག་ཏུ།།
སྤྲིན་ཐོག་ལྡིང་སྐོར་བྱེད་པའི་དྲང་སྲུང་དབུ་དཀར།།
དགོན་རྙིང་ཟླ་འོད་འཕྲོ་སའི་བྱ་འདབས་ཐོག་ཏུ།།
སྨ་ར་བྱུལ་བྱུལ་བྱེད་ཀྱིན་གནམ་འཕངས་བཅད་དེ།།
རྟག་ཏུ་འཛུམ་པའི་ཞལ་ལ་ཞུ་བ་ཁྱེར་ནས།།
བྱང་གི་ཤཾ་བྷ་ལ་ཡི་སྒོ་གླེགས་རྡུང་དུས།།
གཡུལ་སའི་འཐབ་ར་སྟོང་གི་ང་རྒྱལ་ཁྲོད་ཀྱི།།
མཆོད་མེ་རྐོང་བུ་གང་གི་ཁ་རུ་འཐམ་པའི།།
རྣམ་ཤེས་ཡུག་མོ་བྱེ་བའི་འཁུན་སྒྲའི་གསེབ་ཏུ།།
ཅིས་ཀྱང་དཔའ་དར་འཐེན་པའི་ཧབ་རྒོད་བརྒྱ་ཡིས།།
བྲག་དམར་ཡ་རྩེའི་སྤོ་ཡི་བྱ་ཚང་དཀྲོགས་ནས།།
གློ་བ་མཆིན་པ་བཏོན་པའི་སྟོན་མོ་བྱེད་ཨང་།།

                           5


མི་རྣམས་ས་ཚིགས་ཤིག་གི་ནམ་མཁའི་མཐའ་རུ།།
གླུ་སྐད་ལྷག་མ་ཞིག་གི་བརྩེ་དུངས་དབུས་ནས།།
ཐག་རིང་གང་དུ་བསྐྱུར་བའི་ཤཾ་བྷ་ལ་འམ།།
དེ་ཡི་གྲིབ་གཟུགས་ཁྲོད་ཀྱི་ཕ་ཡུལ་ལུང་པ།།
ཅིས་ཀྱང་བྱ་རྒོད་ཅིག་གི་གཤོག་སྟེབ་བཞིན་དུ།།
ཧ་ཅང་ཐག་ཉེའི་མཚམས་ནས་གཤོག་འགྱུར་ངོམ་ན།།
སྲིད་པའི་གངས་རྒན་ཉིལ་བའི་འཆར་སྒོ་རིང་མོ།།
འཆི་བའི་གཙང་ཆེན་བྲུག་པའི་རྟོག་འགྱུ་སྣ་ཚོགས།།
སྒྱུ་མའི་ཐབ་ཚང་འདྲ་བའི་རྨི་ལམ་དབུས་སུ།།
བར་དོའི་སྐར་མ་ཤར་འདྲའི་མེ་བཞིན་འབར་ནས།།
མཇུག་མཐའི་མཚེར་ཤུལ་སྲུང་བའི་ལྷ་སྲིན་སྡེ་བརྒྱད།།
འདི་འམ་ས་ཕྱོགས་གང་གི་ནགས་ཚལ་དབུས་ནས།།
ཅི་ཡང་ཚོར་བ་མེད་པར་ནུབ་པ་དྲན་ན།།
ཉམས་ལ་གནམ་ས་རྡིབ་པའི་ཆོ་འཕྲུལ་ལྡིང་འོང་།།


                          6


ང་ཚོའི་གདོང་གི་ཁ་བ་ཉི་མས་མ་ཞུས།།
ང་ཚོའི་རྒྱབ་ཀྱི་ལོ་མ་རླུང་གིས་མ་ཁུར།།
ང་ཚོའི་མིག་འོད་རྒྱུ་སའི་ནུབ་ཁའི་རི་ལ།།
ཁྲུང་ཁྲུང་ཁྱུ་ཞིག་འཕུར་བའི་ངང་ཚུལ་བྱས་ན།།
ད་ལྟའི་སྙན་ངག་བརྒྱ་ཡི་རི་མོའི་གསེབ་ཀྱི།།
སྨྱུག་མའི་ལྗང་ལོ་འཐོར་བའི་སྟོན་ཁ་རེ་རེ།།
ནམ་ཞིག་འཇག་པའི་དབྱར་ཟླ་ཤར་བ་རེད་དམ།།
དེ་བལྟས་ང་ཚོའི་ཉམས་ཀྱི་སྐྱོ་གདོང་སྣ་ཚོགས།།
ཅི་ཞིག་རེ་ཞིང་སྒུག་པའི་སྐྱ་རེངས་ཡིན་ན།།
དེའི་ཚེ་ལོ་ཟླས་སྨྲེང་བའི་ཤཾ་བྷ་ལ་ཡ།།
རྡུལ་དང་བྱེ་མའི་གཟུགས་ཀྱིས་མར་མར་ཉིལ་བ།།
གནམ་སའི་སྐུད་པ་ཁྱེར་ནས་བཀག་པ་ཨེ་རེད།།
ཡིན་ན་ཤཾ་བྷ་ལ་ཡི་ཇག་ལམ་སྣ་ཚོགས།།
འབྲོང་དམག་བྱེ་བའི་ཚོགས་ཀྱིས་རྡུལ་དུ་འཐོགས་ཤིག།

                             7

འཆི་བའི་རྡུལ་སྨུག་འཚུབ་པའི་གནམ་སའི་གངས་རི།།
སྐྱེ་བའི་ཐག་མགོར་བཏགས་པའི་མཁར་རྫོང་ཨེ་རེད།།
མཁར་གྱང་རེ་རེའི་གསེབ་ཀྱི་ནགས་ཚལ་ནང་དུ།།
མི་རྟ་འབུམ་ཤོག་བྱེ་བའི་དཔའ་སྐད་ལྡིར་གྱིན།།
གཉུག་མའི་རི་གྲོང་ཞིག་གི་ཕ་མཐར་ཆས་པ།།
བསང་དྲི་བག་ཙམ་བྲོ་བའི་དགོན་རྙིང་ཞིག་གི།།
གསེར་གྱི་བྱ་འདབས་མཐའ་ནས་མཇལ་ཏུ་རེག་ཀྱང་།།
གདོད་མའི་རི་དྭགས་ཞོགས་སའི་ལབ་རྩེའི་ཕར་ནང་།།
ལོ་ཟླའི་གོད་ཆག་ཁུར་བའི་མེ་ལོང་ཡིན་ན།།
དེ་ཡི་ངོགས་སུ་འཐོར་བའི་རུས་པའི་རྐང་གླིང་།།
མི་རབས་འཕྲོ་མའི་ངག་གི་གདངས་ཆ་ཡིན་པས།།
ད་ནི་རི་སྡེའི་ཤོག་ཁ་ཆུ་ལ་ཤོར་ནས།།
མུ་གེའི་ན་བུན་འཐིབ་པའི་ཕྱི་དྲོ་ཡིན་པས།།
ཁྱོད་ཀྱང་ལྐུག་པའི་ཚུལ་གྱིས་ཡིབ་དོན་ཅི་ཡོད།།

                        8


འུ་ཚོས་སྙན་ངག་འབྲི་བཞིན་རི་སྒང་དག་ཏུ།།
ནུབ་ཁའི་ཉི་མ་ཞིག་ལ་སྨོན་ལམ་རྒྱག་གིན།།
མཐའ་མེད་མུན་པའི་འོབ་ཀྱི་ཚེ་སྲོག་མཐའ་དག།
རིང་ནས་མེ་ཏོག་གད་པའི་ལག་པ་བརྐྱངས་ཏེ།།
གཉུག་མའི་ཆག་སྡང་གདུ་བའི་དག་ཞིང་རེ་རེ།།
འཁོར་བའི་སྡིག་སྒྲུབ་ཕོག་པའི་གྲིབ་ཆེན་ཡིན་ནམ།།
སྐྱེ་བའི་བག་ཆགས་རྙིད་པའི་སྟོན་ཁ་བཞིན་གྱི།།
ཐ་མའི་རང་ཉིད་འཚོ་བའི་འཇིག་རྟེན་ཞིག་གི།
གནམ་སའི་སྒོ་མོ་རྒྱག་པའི་དངངས་སྐྲག་ཅིག་གིས།།
ཉིད་ཀྱི་དབུགས་རྒྱུན་མཐུད་པའི་ལྗང་ལོ་མཐའ་དག།
དུས་ཚིགས་རེ་རེ་འཁོར་བའི་སྐུད་ལམ་ཁྲོད་དུ།།
ཅིས་ཀྱང་བར་དོའི་སྣང་བའི་མིག་ཟུང་བཙུམ་སྟེ།།
དུག་གི་རླངས་པ་མཆེད་པའི་གླུ་སྐད་རེ་རེས།།
དབང་བོའི་ཁམས་ཀྱི་ངོགས་སུ་གྲུ་ཆུང་གཏོང་ངོ་།།


                        9


དོ་ནུབ་མཁའ་མཐའི་སྤྲིན་རྒྱབ་འབྲུག་སྟོང་གྲགས་ནས།།
གསེར་གྱི་རྒྱ་ཕིབས་འགའ་རེ་ལམ་སེང་རིག་ན།།
དེ་ལས་གློག་ཞགས་འགྱུ་བའི་མཚན་སྨག་ཀུན་དུ།།
སྤྱི་ཚོགས་རྙིང་བའི་ལུགས་ཀྱི་གཞི་བདག་དེ་དག།
ད་དུང་རྟ་པ་བྱས་ཤིང་མདུང་རིང་ཐོག་སྟེ།།
ནགས་ཚལ་ལམ་ཕྲན་ཀུན་ནས་འདི་གར་འོང་བའི།།
རྟ་རྨིག་ཁྲོབ་སྒྲའི་གསེབ་ཀྱི་ཀི་སྒྲ་ལྡིར་ན།།
ལྷ་སའི་བར་སྐོར་གླིང་གི་ཆང་མ་དེ་ཡི།།
ལག་གི་དཀར་ཡོལ་འབྲུག་མ་ས་རུ་བརྡབས་ནས།།
ཇོ་ཇོ་འཕུར་ལམ་གོང་མའི་ཉག་ཁ་དེ་ནས།།
ཁྲུང་ཁྲུང་ཁྱུ་ཞིག་འདི་གར་བུད་འོང་ཟེར་གྱིན།།
ཡུན་གྱིས་གྲིབ་གཟུགས་ཤིག་ལྟར་མུན་པར་འདྲེས་ན།།
ཉི་ཟླའི་ཚོ་ཤོག་གཅིག་གི་རྨི་ལམ་འདི་ཡང་།།
གཞི་བདག་རྟ་དམག་ཅན་གྱི་དཔའ་ཐུལ་སུས་ཤེས།།

                        10

ད་ལྟ་ཁྱེད་རང་རྒས་ཀྱིན་སྨ་རའི་ཁྲོད་དུ།།
ཁ་ཆར་བུ་ཡུག་མང་བའི་ནམ་ཟླ་ཚེས་ཏེ།།
ཉི་ཟླའི་གོ་དམག་འཐག་པའི་རི་རྩ་རེ་རེའི།།
སྐྲ་ལོ་ཚེར་ཁུར་འགའ་རེ་པང་དུ་བླངས་སྟེ།།
ཡོད་ཚད་མཇུག་སྡོམ་ཐེབས་པའི་སྒོ་ར་ཞིག་ཏུ།།
ཚེ་སྲོག་འཇགས་པའི་སྒྲ་ལ་ཞིབ་ཀྱིས་ཉན་ཚེ།།
རང་ཡང་གདོད་མ་ཞིག་ནས་ཤི་བ་ཡིན་ནམ།།
ཡང་ན་ད་ལྟ་ཉིད་ནས་འཆི་བ་འདྲ་བའི།།
གློ་རྡེག་འཕགས་འཚགས་བྱེད་པའི་བྲེད་ཤ་ཞིག་གིས།།
སྣང་བའི་ཡོལ་ཆུང་འཐེན་པའི་གཡུལ་ས་ཞིག་ལས།།
སླར་ཡང་ཀི་སྒྲ་ལྡིར་བའི་དཔའ་སྐད་ཚོར་ན།།
ཁྱོད་ཉིད་འཆུག་པ་མེད་པ་མེད་པར་དེ་ལ་ཉོན་དང་།།
དེ་ནི་ཁྱོད་ཀྱི་བླ་ཡི་སྐུད་སྣེ་རེ་རེའི།།
ཆགས་སྡང་རྩད་ནས་དྲོས་པའི་སྒྲ་དབྱངས་ཉིད་དོ།།

                             11

གྲོང་ཁྱེར་གློག་ཞུའི་འོད་དུ་རྒྱུ་བ་དེ་དག།
བྲང་གཞུང་བ་སྤུ་གཏུབ་པའི་མུན་པ་དེ་དག།
སླར་ཡང་ངན་སོང་བསྙེགས་པའི་ཕྱེ་ལེབ་དེ་དག།
ཐོག་མའི་རྩྭ་ཐང་ཞིག་གི་ལྡེབ་རིས་ངོས་ཀྱི།།
དབྱངས་རྟ་ལྷག་མ་ཞིག་གི་མཚེ་རོགས་སྐད་ཀྱང་།།
ད་ནི་གཉུག་མ་བོར་བའི་རྒྱལ་རབས་ཤིག་གི།
མེ་ཏོག་འདབ་ལོ་འཐོར་བའི་རི་མོ་ཡིན་ན།།
ངེད་ཀྱི་རྒྱུན་སྐུད་ཐོག་གི་གྲོང་ཁྱེར་སྣ་ཚོགས།།
དེ་ཚོའི་རྨུ་ཐག་བརྒྱུས་པའི་རྫོགས་ལྡན་རྒྱལ་ཁབ།།
དེ་ཡི་འོད་ཟེར་བྱེ་བའི་རྨི་ལམ་མཐའ་དག།
ནུབ་རིའི་ཉག་གར་བུད་པའི་ཚེས་རིས་ལྟར་གྱི།།
ཐ་མའི་ཚོ་ཤོག་ཅིག་གི་ལག་ཟུང་བཀྱག་སྟེ།།
ཚེ་མཐའི་སྨོན་འདུན་ཁྲོད་དུ་ལོག་ཕེབས་ཞུས་ན།།
སྡེ་མཐའི་ཁྱི་སྡོམ་དག་གི་བླ་འདི་སུས་སྲུང་།།

                             12

གཞི་ནས་རྣམ་ཤེས་རྙེད་པའི་རྟ་ཁ་ཀློད་ནས།།
མུན་པའི་མེ་འོབ་ཁྲོད་དུ་ཚིག་པ་དེ་དག།
དེ་དང་ལྷན་དུ་ཆག་པའི་ཉི་ཟླའི་གཤོག་པ།།
བས་མཐའི་རྨི་ལམ་འཆར་སའི་ཤཾ་བྷ་ལ་རུ།།
ཡང་བསྐྱར་ས་སྲོས་ཤིག་གི་ཉི་ནུབ་ཅི་བཞིན།།
སྐྱེ་བ་སྔ་ཕྱིའི་མཚམས་ནས་འཆར་ནུབ་བགྱིས་ན།།
བདག་གིས་ཉེས་དམིགས་མཐའ་དག་མཆིན་པར་སྦས་ནས།།
ངན་སོང་སྟོང་གི་སྒོ་ཐེམ་ལག་པས་བཅད་དེ།།
ཅིས་ཀྱང་སྡིག་སྒྲུབ་བྱེ་བའི་གྱོད་དོན་མཐའ་དག།
ངོས་ཀྱི་ཟིན་ཐོའི་སྣེ་རུ་འབྲི་བར་བཏུབས་ཏེ།།
འཇིག་རྟེན་བླ་འོག་བསྒྱུར་བའི་འཐབ་འཁྲུགས་ཐེངས་ཤིག།
བར་དོའི་གཙང་ཆེན་ཁ་ནས་རྒྱག་པར་སྲིད་དེ།།
མ་མཐའི་རེ་བ་ཐེངས་ཤིག་གང་ནས་འོང་ན།།
འུ་ཚོས་སྙིང་སྲོག་ཁྱེར་ནས་དམར་མཆོད་ལོས་བྱེད།།                     

                           13

ད་ནི་བདག་ཅག་འཚོ་སའི་གཞིས་ཁུལ་མཐའ་དག།
སྨག་པའི་རྟ་ཁྱུ་གཤར་སའི་རི་ཉག་ཁ་ཡི།།
མེ་ཏོག་འདབ་ལོ་ཆག་པའི་སྒྲ་དབྱངས་ལྟར་དུ།།
ཤིན་ཏུ་སྐྱོ་བའི་ཚུལ་ཀྱི་གླུ་སྐད་འགའ་རེ།།
གངས་རིའི་བྱང་ཁོག་གཤགས་ཏེ་ལྷོད་ཀྱིས་ལྡིང་ན།།
འཇག་མའི་ཟམ་ཆུང་ཞིག་གི་ལྷོ་བྱང་གཉིས་སུ།།
ཚེ་མཐའི་རྡེའུ་ཆུང་ནོག་པའི་མི་ཚོགས་མཐའ་དག།
གནམ་སའི་ཆག་འཇིག་འཁོར་བའི་ཟམ་སྣེ་རེ་ནས།།
རྟག་ཏུ་རང་ལྕེབས་བྱེད་པའི་སྣང་བརྙན་མ་ལུས།།
ཅིས་ཀྱང་ཤཾ་བྷ་ལ་ཡའི་དག་ཞིང་དེ་རུ།།
སྐྱེ་བ་སྔ་ཕྱི་མེད་པར་ཁྲིད་དུ་གསོལ་རོགས།།
མིན་ན་ང་ཚོའི་ལས་ཀྱི་ཐིག་རིས་ཁྲོད་དུ།།
གནམ་གྱི་སྤྱན་ཟུང་བཙུམ་པའི་ཉེས་ཆད་ཕོག་པས།།
ཐ་མའི་གནས་ཡུལ་ཤོར་ཀྱང་འོས་ལངས་སྒྲོགས་ཤོག།


                                2017.12.10——2018.1.14 མཚན་མོ།  00:29རྫོགས་པར་བྲིས། 


རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།    

 

0

One Response to བཅད་རྩོམ་རིང་མོ《ཤམ་བྷ་ལའི་འཐབ་རྩོད་དང་རྨི་ལམ།》

  1. སྒྲོག་གུ ལགས་ཀྱིས:

    ཞིབ་ཀྱིས་བཀླགས་ན་ནང་སེམས་ལ་ང་རྒྱལ་གནང་བའི་སྙམ་ངག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།