རྨོག་ཐང་དཀར་གྱི་བཅད་མ་ཁག་ལྔ།

1881

IMG_0085.JPG

 དབྱངས་ཅན་རྡོ་རྗེ་ཐེག་པའི་ཉམས་མགུར།


གང་ཚེ་སྤྲིན་དཀར་ཕུང་པོའི་ན་བུན་ཀློང་།།

རྫུ་འཕྲུལ་སྟོབས་བཅུའི་གཡུལ་འགྱེད་འཁྲིགས་པའི་གཟིས།།

མཐའ་ཡས་ཤེས་བྱའི་གནས་ལུགས་གསལ་བྱེད་པའི།།

བདེན་པའི་དོན་ཅན་རྙེད་པའི་ངག་རིག་འདི།།

འོད་ཟེར་འབུམ་འཁྱིལ་ནོར་གྱིས་ཡོངས་སུ་གཏམས།།

མ་བཅོས་ངག་གི་རླབས་འཕྲེང་དེ་ཉིད་དུ།།

དོན་དམ་ཞི་བའི་རང་མདངས་གཡུར་ཟ་བའི།།

འདབ་ལྡན་པདྨའི་གེ་སར་ལུ་གུ་རྒྱུད།།

རྟག་ཏུ་འབྱུང་ལ་དངོས་གྲུབ་བསིལ་མའི་དབྱངས།།

སྡེབ་ལེགས་སྒྲོས་འཇམ་སོར་མོས་དཀྲོལ་ལ་མོས།།

ཚངས་དབྱངས་ངག་གི་དབང་ཕྱུག་ངང་མོ་དཀར།།

གདོང་བཞིའི་པད་ཚལ་འགྲེམ་པའི་དཔལ་མོ་ཡི།།

མགྲིན་དབྱངས་དྲི་ཟའི་སྒྲ་སྐུད་ཉེར་དྲངས་ཏེ།།

སྐྱེ་དགུའི་ཡིད་དབང་ཅིར་ཅར་གསོ་བ་འདི།།

དབྱངས་ཅན་ངག་གི་རོལ་མོ་དཀྲོལ་སྟངས་ཡིན།།

འོད་གསལ་གཉུག་མའི་རང་བཞིན་འཁོར་ལོ་ཡི།།

ཡེ་བྲལ་རྩལ་སྦྱོང་གདངས་ཀྱི་ང་རོ་ལས།།

ཀུན་རྟོག་སྣང་བའི་བྲག་ཅ་ར་རོ་བ།།

ཅིག་ཅར་འཇོམས་པའི་རྡོ་རྗེའི་གསོར་མོ་འདི།།

མཐའ་བྲལ་གཞི་དབྱིངས་ངག་གི་སྙིང་པོ་ཡིན།།

སྣ་ཚོགས་གར་གྱི་འདུ་བྱེད་འཕུར་བའི་ངོགས།།

སེམས་ཀྱི་ཆོ་འཕྲུལ་ཀུན་གཞིའི་མེ་ལོང་ལ།།

ཤར་དང་མ་ཤར་དབྱེར་མེད་དེ་བཞིན་ཉིད།།

ཆུ་ལ་ཆུ་བཞག་འཁྲུལ་མེད་དེ་ཁོ་ན།།

སྣང་སྟོང་ལྟ་བ་ངག་གི་དགོངས་སྤྱོད་ཡིན།།

ཞི་བ་ཆོས་ཉིད་དྲོད་ཀྱི་གདན་ས་རུ།།

མི་ཤིགས་སྐྱིལ་མོ་ཀྲུང་གི་གར་སྟབས་ཀྱིས།།

ཐོལ་བྱུང་བདུད་རྩིའི་རོ་བཅུད་བསྙལ་བ་ཡི།།

ཚེ་རབས་ལན་གྲངས་རེས་སུ་འཁོར་བ་ཉིད།།

འཆི་མེད་ཞི་བསིལ་ངག་གི་འབྱུང་གནས་ཡིན།།

མཁའ་ལམ་སྟོང་པ་ཉིད་ཀྱི་བང་རིམ་ལ།།

ཀུན་རྫོབ་འཁྲུལ་བའི་འཇའ་ཚོན་རབ་འཁྱུག་པའི།།

སྣང་བའི་རྫོང་ཁག་བཅོ་བརྒྱད་བརླགས་ནས་སུ།།

བདེ་སྟོང་དབྱིངས་ཀྱི་འཇུག་ངོགས་དེ་ག་ཉིད།།

སྤྲོས་བྲལ་ངག་གི་འཇུག་ལྡོག་གསལ་བྱེད་ཡིན།།

ཕྱི་རུ་ངེས་འབྱུང་ཐབས་ཀྱི་མེ་ཏོག་བཞད།།

ནང་དུ་ཐོད་བརྒལ་ལམ་གྱི་གད་རྒྱངས་སྤྲོས།།

ཕྱི་ནང་ཟུང་འཇུག་ལྷ་ལམ་ཡངས་པོ་རུ།།

རིག་པ་རང་བྱུང་རྩོལ་མེད་ལྷུན་གྲུབ་པའི།།

ལྷན་སྐྱེས་ཤུགས་འབྱུང་ངག་གི་གྲུབ་ལུགས་ཡིན།།

ཀ་དག་རང་མདངས་མ་ཤོར་གཉུག་མའི་གཤིས།།

ཆོས་ཉིད་སྤྲོས་པ་ཀུན་བྲལ་གདོད་མའི་མདངས།།

སྐུ་བཞི་ཟུང་དུ་འཇུག་པའི་གོ་ཆ་ཡིས།།

རིགས་ཤེས་ཀུན་གྲོལ་ཉམས་བརྒྱ་འབར་བ་འདི།།

ཉམས་མགུར་ངག་གི་ཐུན་མིན་ཁྱད་ཆོས་ཡིན།།

ལྟ་བ་རྡུལ་བྲལ་སྟོང་བའི་རྩེ་མོ་ལ།།

སྤྱོད་པ་ཞི་བདེ་རྒྱ་མཚོའི་རྦ་རླབས་ཉིད།།

ཐུགས་ཡིད་སོ་སོར་མ་མཆིས་ང་ཁྱོད་ལ།།

བརྩེ་གདུང་ཡིད་ཀྱི་འཁྲི་ཤིང་ཉམས་དགའ་བ།།

རིག་བྱེད་ངག་གི་འབབ་སྟེགས་མཐར་ཐུག་ཡིན།།


                ཅེས་པ་འདི་ནི་བོད་རབ་རྒྱན་མེ་བྱ་ལོའི་ཟླ་དགུ་པའི་ཚེ་བཅུ་བདུན་གྱི་མཚན་སྨད་ཅིག་ལ་དུས་མཐའི་སྙན་ངག་སྨྲ་བའི་གྲས་སུ་འཚང་བ་རྨོག་ཐང་དཀར་དུ་འབོད་པ་དེས་ཤར་ཛམ་ཐང་གཙང་བ་དགོན་ཇོ་ནང་མཐོ་རིམ་སློབ་གླིང་གི་ལྡིང་ཁང་བར་མ་རུ་ཤར་མར་བྲིས་པའོ།།
IMG_0095.JPG

      བཅོམ་ལྡན་མཆོད་པའི་མགུར་གླུ།


ཨེ་མ་ཧོཿ

རྒྱལ་ཀུན་མཁྱེན་གཏེར་སྤོབས་པའི་གཟི་བྱིན་ལས།།

དག་པ་རབ་རྫོགས་ངེས་པ་འབྱམས་སུ་ཀླས།།

བདེན་བཞིའི་རང་རྣམ་མ་ནོར་གསལ་བྱེད་པའི།།

རྣམ་གྲོལ་ཕན་བདེའི་བྱེད་པོར་ཕྱག་འཚལ་ལོ།།

སྣང་སེམས་གཉུག་མའི་བ་སྤུ་རེ་རེ་ཡང་།།

འགྲོ་བའི་བདེ་སྡུག་གཏོང་ལེན་ལ་གཡོ་བའི།།

ཐུན་མོང་སེམས་ཅན་སྤྱི་ཡི་བགོ་སྐལ་དུ།།

མི་མཇེད་འཇིག་རྟེན་ཞིང་དུ་སྐུ་བལྟམས་སོ།།

དུས་ཀྱི་མཐར་སོན་སྐལ་ལྡན་གདུལ་བྱའི་ངོར།།

གཞན་སྣང་གཟུགས་སྐུའི་ཟློས་གར་མངོན་འཕྲོས་ཏེ།།

མཛད་པའི་རི་མོ་མ་རྙིང་འཕགས་ཡུལ་དུ།།

ངེས་དོན་བདུད་རྩིའི་དྭངས་མ་སིལ་བུར་སྤུངས།།

མཛད་པ་བཅུ་གཉིས་རང་སར་གྲོལ་བའི་སྐུ།།

ཡན་ལག་དྲུག་ཅུ་མངའ་བ་ཚངས་པའི་ངག།

རྟེན་ཅིང་འབྲེལ་འབྱུང་འོད་གསལ་ཆོས་ཀྱི་ཐུགས།།

ཡོན་ཏན་ཁུར་གྱིས་དུད་པའི་ཐུ་བོ་ཆེ།།

སྲིད་པའི་རང་མདངས་སྐྱོ་བའི་ངོགས་སུ་གཟིགས།།

མྱ་ངན་ལས་འདས་ཞི་བདེའི་མཚོ་ལ་ཞུགས།།

ཆོས་ཉིད་ཞི་བའི་འོད་ལམ་འདི་ཀོ་ཞེས།།

ཐར་འདོད་ཀུན་ལ་གདམས་པའི་དགྲ་བཅོམ་པ།།

ཡེ་ཤེས་ཀུན་གསལ་རྗེ་བཙུན་འཇམ་པའི་དབྱངས།།

སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས།།

འཚོ་བྱེད་སྨན་གྱི་བླ་མའི་འོད་ཟེར་ཅན།། 

སངས་རྒྱས་ཀུན་འདུས་ཡི་དམ་ལྷག་པའི་ལྷ།།

སྒྲིབ་གཉིས་གླིང་ཕྲན་བརྒལ་བའི་ཕ་རོལ་ཏུ།།

རིག་སྟོང་ཡེ་ཤེས་སེམས་དཔའི་རང་རྩལ་གྱིས།།

མཉམ་ཉིད་བདེ་བ་ཆེན་པོའི་མཁའ་ཀློང་ནས།།

འཁོར་འདས་གཤིས་ལ་ལྟ་བའི་མིག་མི་ཟིམ།།

གཟུང་འཛིན་བདེན་མེད་ཕུ་ཐག་ཆོད་པ་ཡི།།

ཟས་གཙང་མ་ཡི་སྲས་སུ་ཉེར་བརྟས་ཤིང་།།

སྒྱུ་འཕྲུལ་མ་ཡི་ལྷུམས་ནས་ཉེར་འཁྲུངས་པའི།།

རྒྱལ་བའི་སྲས་པོ་དོན་ཀུན་གྲུབ་པ་མཆོག།

དགག་སྒྲུབ་ཕྱི་ཡི་སྒྲོག་ལས་གྲོལ་བ་ཡི།།

ནང་གི་ཆོས་དབྱིངས་སྐྱེ་མེད་གཉུག་མའི་མདངས།།

གཙང་སྨེ་གཉིས་འཛིན་ཀུན་བྲལ་བདེ་གཤེགས་ལྷ།།

མི་འབྲལ་དད་པའི་གོང་བུར་གཙུག་ན་རྒྱལ།།

ཟབ་རྒྱས་ཆོས་ཀྱི་གདམས་པའི་རྦ་རླབས་འཕྱོ།།

ལེགས་གསུངས་ཆོས་ཀྱི་ཟེགས་མ་ཁྱབ་བརྡལ་བ།།

ཀུན་རྟོག་ཤེས་རབ་ལས་འདས་ཡེ་ཤེས་མངའ།།

སྒྲིབ་གཉིས་དྲུང་ནས་ཕྱུངས་བའི་འགོག་པ་བརྙེས།།

རང་བྱུང་ཆོས་སྐུའི་མལ་སྟན་འཇམ་པོ་ནས།།

བདེན་བཞིའི་རང་སྒྲ་ལྷུན་གྲུབ་དབྱངས་སུ་དྲངས།།

སྣང་སྟོང་འཁོར་འདས་རང་གསལ་ཕྱག་རྒྱ་ཡིས།།

འགྲོ་བ་ལ་ནི་ཞི་བསིལ་ཆར་ཆེན་འབེབས།།

ཐེག་ཆེན་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་གིས།།

གཅིག་ཏུ་མ་ངེས་ཀུན་ཏུ་གནས་པ་ཡི།།

རིགས་ཅན་འགྲོ་ལ་རྗེས་ཆགས་པདྨའི་འཛུམ།།

མངོན་པར་བཞད་པའི་ལེགས་བཤད་དོ་ཤལ་འཐོར།།

སུམ་ཅུ་རྩ་གསུམ་ལྷ་གནས་བར་མ་རུ།།

སྐྱེད་པའི་ཡུམ་ཆེན་སྒྱུ་འཕྲུལ་མའི་དྲུང་དུ།།

དེ་རུ་སྐྱེས་པའི་ཞབས་ཟུང་འགོད་པ་ན།།

ཆོས་ཀྱིས་དྲིན་གཟོ་བུ་ཡི་ཡངས་རྩེ་བསྟོད།།

ཚོགས་དྲུག་མེ་ཏོག་ལྡེམ་པའི་འདོད་ཡོན་ལ།།

ཤེས་རབ་ཀྱིས་ནི་འགྲམ་ལྕག་གཞུ་བཞིན་དུ།།

མ་བཅོས་བྱང་ཆུབ་ལྗོན་པའི་བསིལ་གྲིབ་ངོགས།།

རྣམ་མཁྱེན་རྒྱལ་བའི་གོ་འཕང་གཅིག་ཏུ་བརྙེས།།

སྣ་ཚོགས་ཀུན་རྟོག་མཐུར་མེད་རྟ་ཕོ་ལ།།

སེམས་ཅན་རེ་རེའི་དག་དང་མ་དག་གི།

སྣང་བའི་མེ་ལོང་གང་ལ་གང་འཚམས་པའི།།

ཐེག་པ་ཆེ་ཆུང་གྲུབ་མཐའི་རྣམ་གྲངས་གསུངས།།

བདེ་སྟོང་ཉམས་བརྒྱ་འབར་བའི་གཞི་ཀློང་དུ།།

རིག་འཛིན་མེ་ཏོག་གསར་བའི་ལྟ་གྲུབ་བཏོན།།

འཇིག་རྟེན་འདི་ལ་དྲང་བདེན་གླུ་པ་ཞིག།

ཁྱོད་འདྲ་འབྱུང་བ་སུ་ཡི་བསོད་ནམས་ལགས།།

རྨད་བྱུང་སྟོབས་བཅུའི་ཡོ་ལངས་འཁྲིགས་པ་ཡི།།

མི་འཇིགས་དཔའ་བོའི་ཉི་ཟེར་འོད་ལམ་ལམ།།

མ་འདྲེས་འགྲོ་ལ་བདེ་བའི་ལམ་སྟོན་པའི།།

མཉམ་མེད་ཟླ་བྲལ་ཤཱཀྱ་ཐུབ་པ་མཆོག།

ཟུང་འཇུག་རྡོ་རྗེ་འཆང་གི་ཅོད་པན་ཅན།།

སྤངས་རྟོགས་ཕུན་སུམ་ཚོགས་པའི་མཚན་ཉིད་དུ།།

ཤེས་རབ་རལ་གྲིས་རྨོངས་བའི་དུད་ཁྱིམ་སྤྲུགས།།

ཞི་བའི་ལྷུང་བཟེད་ཆོས་ཀྱི་བདུད་རྩིས་འགེངས།།

མཐའ་གྲོལ་ཅོག་བཞག་ཆེན་པོའི་སྟེགས་བུའི་སྟེང་།།

སྤྲོས་བྲལ་སྟོང་པ་ཉིད་ཀྱི་བུམ་པ་བཞག།

ཆོས་ཉིད་བདེན་པའི་ཐབས་ཀྱིས་འདྲེན་པ་ཡི།།

མཉམ་ཉིད་མཁའ་ལ་འཛེགས་པའི་གཽ་ཏ་མ།།

ཚོགས་གཉིས་ཟུང་འཇུག་གོམས་པའི་རྒྱུ་མཐུན་དུ།།

བསྐལ་ཆེན་དུས་ཀྱི་མེ་ཏོག་མངོན་པར་བཞད།།

ཆགས་ཐོགས་ཀུན་བྲལ་ཞི་བའི་རྣལ་འབྱོར་པ།།

སྐལ་བཟང་སངས་རྒྱས་བཞི་པ་ཁྱེད་ལ་འདུད།།

གང་ཞིག་མཐུ་སྟོབས་ཁྱད་འཕགས་བླ་མེད་ཀྱི།།

མཛད་པ་རི་མོའི་ཕྱོགས་ཙམ་དཔག་དཀའ་ཡང་།།

རིག་བྱེད་ཡི་གེའི་ལྕགས་ཀྱུ་འཁྱུག་པའི་མོད།།

ཅུང་ཟད་ཟིན་པའི་སྣང་བས་དཔལ་དུ་བསྐྲུན།།

དེང་འདིར་ཚིག་གི་འཛུམ་པ་ཅུང་སྤྲོ་བས།།

གང་གི་བདེན་གསུང་ཚད་མའི་ང་རོ་ཡིས།།

བདག་བློའི་ཀུན་ཉོན་མ་རིག་འགོངས་པོ་ཡི།།

མགོ་བོ་གཅོད་པའི་ཉེར་བསྡོགས་ཐོབ་གྱུར་ཅིག།


                  ཅེས་པ་འདི་ནི་སྔོན་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེ་བ་བཞེས་པར་ཆོས་གསུང་ཕྱིར་སྟོན་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷ་རྣམས་ལ་ཆོས་གསུངས་ཤིང་དབྱར་ཞལ་བཞེས་ཀྱིས་བཞུགས་པར་རྒྱལ་པོ་གསལ་རྒྱལ་གྱིས་སྟོན་པ་དྲན་དྲགས་ནས་གནས་བརྟན་མོའུ་འགལ་གྱི་བུས་སྟོན་པ་མི་ཡུལ་དུ་བྱོན་པར་གསོལ་བ་བཏབས་པ་ན་སྟོན་པ་ལྷ་མིའི་འཁོར་དང་བཅས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ནས་སྐས་ལས་བབས་ཏེ་འཕགས་ཡུལ་གསལ་ལྡན་དུ་འབྱོན་པར་མཛད་པའི་དུས་ཆེན་ཉིན་ལ་རིགས་ཅན་སེམས་ཅན་སྤྱིའི་རྒྱུན་ལ་འགྲོས་ཏེ་སྐལ་བཟང་སངས་རྒྱས་སྟོང་གི་ཡ་གྱལ་མཉམ་མེད་ཤཱཀྱའི་དུས་ཀྱི་གདུལ་བྱའི་ཚོགས་སུ་གཏོགས་པའི་ཐ་མལ་པ་རྨོག་ཐང་དཀར་གྱིས་མི་འགྱུར་བསམ་སྦྱོར་གཉིས་ཀྱི་བཏེགས་པ་དགེའོ།། །། 
IMG_0134.JPG

    རིག་འཛིན་མེ་ཏོག་གསར་བའི་བརྡ་གླུ།


དད་པའི་འདབ་སྟོང་ཆུ་སྐྱེས་བཞད་པའི་ཁར།།

གནས་མཆོག་མ་སྐྱེས་ལྷ་ཚོགས་འབྱུང་བའི་ཡུལ།།

ཤེས་རབ་འཛུམ་པའི་འདབ་མ་ཡོངས་གྲོལ་བའི།།

བསུང་ཞིམ་དྲི་ངད་ལྡང་བའི་སྐྱེད་ཚལ་དུ།།

རིག་པའི་གླང་ཆེན་འཁོར་དང་བཅས་པ་ཡིས།།

ཞབས་མཐིལ་ཆིབས་ཁ་བསྒྱུར་འདི་ཨེ་མ་ཧོ།།

རང་བཞིན་རྣམ་དག་ཤེལ་གྱི་མེ་ལོང་ངོར།།

སྤྲོས་བྲལ་ཉི་ཟླའི་རྣ་ལོང་འོད་དུ་འཚེར།།

ན་ཆུང་མ་ཡི་ཟུར་མིག་གཏོང་བ་ཡི།།

དོན་ཀུན་གྲུབ་པའི་ཞབས་རྗེས་འདི་ན་གསལ།།

རྣམ་གྲོལ་ཕན་བདེའི་རྒྱལ་ས་ལ་འགོད་པའི།།

མཁྱེན་བརྩེ་སྤྲིན་དཀར་ལྡིང་བའི་ཐུགས་རྗེ་ཅན།།

བདེན་དོན་མཐར་ཐུག་དོན་ལ་གཞོལ་མཛད་པའི།།

རྣམ་འདྲེན་སངས་རྒྱས་བཞི་པར་ཕྱག་འཚལ་ལོ།།

མི་མཇེད་འཇིག་རྟེན་སྣང་བའི་ཉིན་སྲིབ་ཀུན།།

ཆོས་ཉིད་དབྱིངས་ལ་མིག་གི་དཔྱིད་ལྷུང་བས།།

ལྔ་རིག་བློ་གྲོས་རྒྱས་པའི་གེ་སར་ནི།།

སེམས་ཉིད་གཉུག་མའི་རང་ངོ་འཕྲོད་པའི་ཐབས།།

འདོད་ཡོན་སྣང་སེམས་རྡུལ་འཛིན་མེ་ཏོག་ལ།།

ཆོག་མགུ་དྲངས་བའི་སྙིམ་པ་མ་བསྲིངས་ཤིང་།།

བསྐལ་ཆེན་དུ་མའི་དུས་ཀྱི་སྨོན་ལམ་ལས།།

ཡོངས་སུ་རྫོགས་པའི་འབྲས་བཟང་ལོངས་སུ་སྤྱོད།།

མཛད་པ་བཅུ་གཉིས་རང་སར་གྲོལ་བའི་སྐུ།།

ཡན་ལག་དྲུག་ཅུ་འགག་མེད་ཚངས་དབྱངས་གསུང་།།

རྣམ་དག་དངོས་པོའི་གཤིས་ལུགས་མཁྱེན་པའི་ཐུགས།།

མ་བཅོས་རང་བྱུང་བྱང་ཆུབ་ཤིང་དྲུང་དུ།།

རྫུ་འཕྲུལ་རྣམ་ལྔའི་སྟོབས་ཀྱིས་འོད་བརྒྱ་འཕྲོ།།

གང་གི་བདེན་གསུང་ཚད་མའི་ང་རོ་ཡིས།།

ཀུན་རྫོབ་སྣང་བའི་བྲག་ཅ་གཏོར་བྱེད་པའི།།

སྣང་སྟོང་ཀུན་མཉམ་པད་མ་དཀར་པོ་ནི།།

དམིགས་མེད་ཆོ་འཕྲུལ་སེམས་ཀྱི་མཐིལ་དུ་བཞད།།

སུ་ལ་ཡང་ནི་ངེས་ཤེས་འདྲོངས་ནུས་པའི།།

ནུས་ལྡན་ཚངས་དབྱངས་ངག་རིག་འབྱམས་སུ་ཀླས།།

འགྲོ་བའི་མགོན་པོ་བློ་བཟང་གྲགས་པ་ཉིད།།

སྐུ་ཚེའི་མཛད་པ་ལུང་རིགས་ཟེའུ་འབྲུར་བཞད།།

ཡོངས་འཛིན་འདབ་མའི་མགོ་ལྕོག་ལྡེམ་པའི་ཀློང་།།

ཀུན་རྟོག་བློ་གྲོས་ཟེ་བ་བརྐྱངས་བའི་མོད།།

དགོས་འདོད་འབྱུང་བའི་ཕུན་ཚོགས་མ་ལུས་པ།།

སྒྲིབ་བྲལ་གཤིས་ལ་སེམས་ཀྱིས་སྤྲུལ་ཏེ་འབུལ།།

ཡེ་ནས་དག་པའི་སེམས་ཀྱི་བང་སོ་ནི།།

གློ་བུར་དྲི་མའི་བག་ཆགས་དག་གྱུར་ཅིང་།།

མཚན་འཛིན་བྲལ་ཞིང་གཙང་སྨེ་ཞིག་པ་ཡི།།

རིག་འཛིན་གྲུབ་ཐོབ་གནམ་སའི་ཀློང་ན་རྩེན།།

གཞི་ལམ་འབྲས་བུའི་ཆོས་ཚུལ་སྣང་བ་ལ།།

མཐོང་གྲོལ་དགའ་བའི་ཡིད་བྱེད་རྣམ་པར་གཡོ།།

ཨ་འཐས་ཞེན་པ་ལྕགས་ཀྱུས་གཅོད་པའི་ཕྱིར།།

དོན་དམ་བདེན་པའི་སྤུ་རིས་སེམས་ཀྱིས་ཟིན།།

རྣམ་འབྱེད་བློ་གྲོས་ཡངས་པའི་ཐུ་བོ་ཆེས།།

ནོར་འཛིན་བུ་མོའི་ཁྱོན་ཀུན་ཡོངས་སུ་འགེངས།།

དཀྱུས་རིང་བརྩེ་བའི་སྤྱན་ཟུང་གཡོ་བ་ནི།།

ཕྱོགས་སུ་མ་ལྷུང་དྲི་མེད་སྤྱན་ལྡན་པའི།།

མི་ཕམ་ཆོས་རྗེ་སངས་རྒྱས་གཤའ་མ་ཉིད།།

འདི་སྣང་ལས་ཀྱི་བག་ཆགས་གྲོལ་བ་ལས།།

ཆགས་ཐོགས་བྲལ་བའི་སེམས་ཉིད་གཉུག་མའི་གཤིས།།

མི་འཇིགས་གཏན་བདེའི་དབུགས་དབྱུང་ཐོབ་པ་ལ།།

རྗེས་ཆགས་ཡིད་ཀྱི་སྤུ་ལོང་དྲག་ཏུ་འཁྲིགས།།

སྲིད་པའི་སྐྱོ་ཤས་འཁྱག་རོམ་བག་མཐུག་ཅིང་།།

ཀུན་རྟོག་སྣང་བའི་འདུ་འཛི་རབ་བཅད་པའི།།

ཀ་དག་ཐུགས་ཡིད་འདྲིས་མའི་ངང་བཟང་གིས།།

བདུད་དཔུང་བཅོམ་ལྡན་རྡོ་རྗེའི་གོ་ཁྲབ་ཅན།།

འཇིགས་མེད་སྨྲ་བའི་སེང་གེ་རྗེས་སུ་དྲན།།

སྣ་ཚོགས་མ་ངེས་སྒྱུ་མའི་འཇའ་གཟུགས་ལ།།

ཚོགས་དྲུག་སྣང་བ་ཟུག་པའི་ཉམས་སྣང་ནི།།

བུང་བ་པད་མའི་ཟེའུ་འབྲུར་རྗེས་ཆགས་པའི།།

མགུ་བའི་ཉམས་འདི་ཟིལ་གྱིས་གནོན་པར་ངེས།།

འཁོར་འདས་གླུ་ལ་འགུག་པའི་རིག་བྱེད་ཀྱིས།།

སྐྱོ་བ་དབྱངས་སུ་དྲངས་པའི་མགུར་འདི་བཞེངས།།

མི་རྟག་དངོས་པོའི་ཆོས་ཉིད་མཐོང་བའི་མོད།།

རྟག་བརྟན་ལས་སྣང་འདི་ནི་འཁྲུལ་བའི་ངོགས།།

ཡིད་ཀྱི་བརྟན་པ་ཅིག་ཅར་འཇོམས་བྱེད་ཀྱི།།

འཇོ་སྒེག་དཔལ་ལ་བསྙེས་པའི་ན་ཆུང་མ།།

སེམས་ཉིད་གཉུག་མའི་རྒྱལ་ས་མ་ཟིན་ན།།

ནོར་འཛིན་སྒེག་མོའི་བཞིན་བཟང་དལ་གྱིས་འཁྱུད།།

ལྷུན་ཆགས་སྨུག་སྤྲིན་གར་དུ་གཡོ་བའི་གཟིས།།

མཐོང་སྣང་རི་རབ་རྡུལ་གྱིས་ཁ་དོག་ཀླུབས།།

སྨིན་ལེགས་མིག་གི་རྒྱལ་མོ་ཕེབས་པའི་ཤུལ།།

འཇའ་གཟུགས་སྤྲིན་དཀར་ཕུང་པོའི་ན་བུན་འཐིབས།།

བསམ་གཏན་ནགས་ལ་སེམས་ཀྱི་འདུ་བྱེད་གཡོ།།

བཟོད་པའི་ཕར་ཕྱིན་སྙིང་རྗེའི་སོར་མོ་རྣོ།།

འདབ་ཆགས་འཕུར་འགྲོས་སྙིང་གི་རི་མོ་ལ།།

རྣམ་ཀུན་དུས་སུ་མཚར་བའི་ཟློས་གར་བསྒྱུར།།

ཉི་ཟླ་སྐར་ཚོགས་འོད་ཟེར་ཁྱབ་བརྡལ་བ།།

མཚར་སྡུག་འབུམ་གྱི་ཉིང་ཏིག་ལེན་བྱེད་པའི།།

བསྐལ་བ་དུས་ཀྱི་མཐའ་ལ་ཉུལ་བ་ཡི།།

རིག་པའི་བུ་ཆུང་རྟ་ཕོ་སྒྲོག་ཡན་ལ།།

འགྲོ་མགོན་སངས་རྒྱས་སྟོང་གི་གཟི་བྱིན་ཕོག།

ཕྱི་ནང་རྨ་མེད་གར་གྱི་རྩལ་ཐབས་ཀྱིས།།

སྲིད་པའི་ངམ་གྲོག་རེས་སུ་གཏོང་བ་ལ།།

དབྱེར་མེད་ལྟ་སྤྱོད་ཆེན་པོའི་གྲོགས་སུ་ནི།།

མཚར་བའི་གད་རྒྱངས་སྐྱོ་བའི་གླུ་འདི་སྙན།།

ཚིག་གི་འཛུམ་རིས་སྡེབ་ལེགས་སྒྲོས་འཇམ་གྱིས།།

དགེ་ལེགས་བྱེ་བའི་སྤྲིན་ཕུང་སྤྲོ་བ་ལས།།

རྣམ་དག་བསོད་ནམས་ཡེ་ཤེས་ཟུང་འཇུག་ཕྱིར།།

ཚངས་པ་དགའ་བའི་ངག་རིག་བརྡའ་གླུར་ལེན།།

སྒེག་ལྡན་རྨ་བྱའི་སྒྲོ་མདོངས་སྒུལ་བྱེད་པའི།།

ནང་དོན་བདེན་པའི་ཟེགས་མ་ཁོང་དུ་ཆུད།།

སྙན་དབྱངས་ཐོས་འཛིན་གསོ་བའི་རྣམ་རྩེད་ཀྱིས།།

རིག་གནས་མངར་ལ་སྐྱུར་བའི་རང་མདངས་ཐོན།།

དེ་ལྟར་མ་བཅོས་ལྷུན་གྲུབ་ངག་གི་བཅུད།།

འཇམ་མཉེན་སོར་མོས་རྣོ་སྦྲེང་དཀྲོལ་བ་ལས།།

ཐོལ་བྱུང་གཏམ་གྱི་སྙིང་པོ་འཐུང་བ་ལ།།

དུས་ཀུན་གཡོ་མེད་རྟག་ཏུ་འཇུག་པར་སྤྲོ།།


                    གཞི་དབྱིངས་མཁའ་ལམ་བགྲོད་པའི་གཤོག་རྩལ་རྒྱས་ཕྱིར་ངོ་བོ་སྟོང་ལ། རང་བཞིན་གསལ། གདངས་སྣ་ཚོགས་སུ་ཤར་བའི་བདེ་སྟོང་གར་གྱི་གླུ་ཆུང་འདི་ནི། རི་སུལ་ཞོལ་མའི་མགུལ་ཁུག་ཤིག་ཏུ་དུས་མཐའ་པ་མཚོ་བྱུང་ངག་གི་སྤུ་གྲི་རུ་འབོད་པ་དེས་མེ་མོ་བྱ་ལོའི་ཁྲུམས་སྟོད་ཟླ་བའི་ཡར་ངོས་སུ་སྦྱར་བ་དགེ་ལེགས་འཕེལ།
IMG_0133.JPG

      སིལ་རྒྱན་སྙན་པའི་ཆོ་ག       


ཅིར་ཡང་རྩེན་པའི་སྐུད་པ་ལས།།

ཟག་མེད་དབྱངས་ཀྱི་ང་རོ་ཉིད།།

སྐྱེ་དགུའི་འཁྲུལ་མེད་ཐུགས་ཀ་རུ།།

དངོས་གྲུབ་བདུད་རྩི་བསིལ་མ་སྩོལ།།

གང་གི་སོར་མོའི་སེ་གོར་གྱིས།།

སྲིད་གསུམ་ཉེ་བར་འགུག་པའི་ལྷ།། 

ཞབས་བསིལ་དྲོད་ཀྱི་མེ་ལྕེ་ལས།། 

རྣམ་ཀུན་མཆོག་གི་རོ་བརྒྱ་དབོབས།།

ཚང་ཚིང་སྟུག་པོའི་གཡུལ་ངོ་རུ།།

འདུན་པའི་མེ་ལྕེ་རབ་འབར་ཏེ།། 

ཕྱེ་ལེབ་མེ་ལྕེབས་འཁོར་བའི་གཟིས།། 

མཚར་བའི་ཉམས་ཀྱིས་ཅུང་ཟད་དུད།།

ཀྱེ་མ་དུས་ཀྱི་བགོ་སྐལ་དུ།། 

སྲེད་པའི་ལན་བུ་ཤད་པའི་མི།།

སྒྱུ་མའི་ལུས་ལ་བརྫུས་ནས་ནི།།

གྲིབ་བརྙན་ནང་དུ་འགྲོ་འོང་བྱེད།།

རྫོགས་ལྡན་ཉི་མའི་འཁོར་ཕྱོགས་ནི།།

དུས་གསུམ་ཀུན་ཏུ་ཁྱོད་ཉིད་དེ།། 

གདོང་ལྔའི་པད་ཚལ་ཡངས་པ་ལ།། 

འཛུམ་པའི་ཞགས་པས་དཀྲིས་སྐོར་བྱེད།། 

རྡུལ་ཕྲན་བརྩེགས་པའི་བ་གམ་ལ།།

ཚང་དུ་གཞུག་པའི་ཁུ་བྱུག་ལགས།། 

རིག་བྱེད་འཕྲུལ་གྱི་རྣོ་སྐུད་ཉིད།།

མགྲིན་པའི་སྦུབས་སུ་དྲངས་ལགས་སམ།། 

མི་བཟོད་ལུས་ཀྱི་ཁུང་བུ་རེར།། 

བྱིན་རླབས་ཉི་མའི་མདངས་ཕོག་པའི།།

རྣམ་སྒེག་ལྷ་ཡི་ལང་ཚོ་ནི།། 

མཚོ་བྱུང་པདྨའི་གེ་སར་ཉིད།།

ཨེ་མ་རབ་གསལ་མེ་ལོང་ནང་།། 

ཆུ་ཡི་ཕོན་པོ་ལྷུང་བའི་མིག།

འཁྲུལ་བའི་སྤྱན་རས་གཡོ་བ་ལས།། 

ཕྱོགས་བཅུ་ཀུན་ནས་འོད་ལྔ་འཚེར།། 

འཛུམ་རིས་པད་མའི་མདངས་ཆགས་པའི།།

ཕྱག་རྒྱ་བཅིངས་བའི་ལྷ་ཉིད་ཀྱིས།། 

སྐད་ཅིག་མ་ཡི་དུས་ཡུན་ཏུ།།

ཡིད་འོང་མི་ལ་རེ་ཁཱ་སྩོལ།།

དགེ་ལེགས་དུས་ཀྱི་ཟུར་ཕུད་ཅན།།

འདོད་འབྱུང་ངོ་བོ་ལྷུན་གྱིས་གྲུབ།།

ཕུལ་བྱུང་ལུས་ཀྱི་ཤེ་མོང་གིས།།

སྙན་འགྱུར་གླིང་བུ་ཁུར་དུ་བཟོད།།

འཇམ་མཉེན་ཕྱག་རྒྱ་ཆེན་མོ་ལས།།

རྒུད་པ་འཇོམས་པའི་འཚོ་བྱེད་སྨན།།

ཉེར་འཁྲུངས་ལེགས་པའི་གདེངས་ཀ་ནི།།

མཆོད་འོས་རྒྱན་གྱི་ཆ་ཤས་ཙམ།།

མཁོ་སྤྱོད་རྡུལ་གྱི་མེ་ཏོག་ལ།།

དྲི་ཞིམ་སྨན་བསུང་འཐུལ་འདུག་སྟེ།།

དྲི་འཛིན་བུ་ག་ཉེར་དྲངས་ཏེ།། 

མཆོད་པའི་རྫས་སུ་བླང་དོར་མཛོད།།

གང་ཞིག་སྒྱུ་མའི་འཕྲུལ་ཐབས་ཀྱིས།།

རྡོ་རྗེ་གསོར་བ་འབུམ་དུ་བརྡར།།

ཆགས་ཐོགས་ཀུན་བྲལ་རྣོན་པོ་ཡིས།།

ལས་ཉོན་འདམ་གྱི་དྲི་མ་བསལ།།

རིག་བྱེད་ངག་གི་སྙན་པ་ལ།།

ཐོས་འཛིན་བཅུད་ཀྱིས་ཡོ་བསྲིངས་བའི།།

མཚོ་ཆེན་གངྒཱའི་རྦ་རླབས་ཉིད།།

བདག་མགྲིན་བུམ་པའི་ཁ་ན་འཕྱོ།།

ནེའུ་གསེང་ཚལ་གྱི་ཅ་ཅོ་མཁན།།

ཨུཏྤལ་མེ་ཏོག་ལྡེམ་པའི་རྩེར།། 

བུང་བའི་ཚོམས་ནི་ཅི་དགའ་རུ།།

སྣང་བའི་ཁམས་ནས་རྩེད་འཇོར་རོལ།།

སྐལ་བཟང་བསོད་ནམས་སྟོང་གི་མཐར།།

ལེགས་བྱས་དགེ་བའི་ཆར་ཆུ་བབས།།

དེང་དུས་གནམ་གྱི་ཀ་བ་ནི།།

སྐྱེས་བུ་རྫུ་འཕྲུལ་སྙན་ངག་མཁན།།

སྦས་གསང་ཡུམ་གྱི་སྣང་བ་ལ།།

རྣམ་པར་ངེས་པའི་གྲིབ་མ་ལྡིང་།།

དེ་ཚེ་ཡིད་ཀྱི་ཆོ་ག་ལ།།

སྙན་ངག་གིས་ཀྱང་སྡོངས་གྲོགས་བྱེད།།

བཻཌཱུརྱ་ཡི་གཟི་བྱིན་གྱིས།།

འོད་ཟེར་སྣ་ལྔའི་མདངས་འཕྲོག་ཅིང་།།

སིལ་སིལ་འཁྲོལ་བའི་དོ་ཤལ་ནི།།

ཆོས་ཉིད་སྟོན་པའི་ཅོང་བརྡ་ལགས།།

སྨིན་འཁྱོག་མིག་གི་རྒྱལ་མོ་ཡིས།།

གཅེས་པའི་ནོར་འཛིན་སྦྲུམ་པ་ཡི།།

དཔལ་ལྡན་ཉ་གང་ཟླ་བའི་ཞལ།། 

སྲད་བུར་བརྒྱུས་པའི་མུ་ཏིག་འཐོར།།

མཁའ་དཀྱིལ་ཉི་ཟླའི་ས་ཚིགས་ལ།།

རེ་འདུན་ལག་པ་རྣམ་པར་བསྲིངས།།

ཆུ་བུར་མིག་དང་ལྐུག་པའི་ངག།

བདེ་གཤེགས་ཉི་མའི་བག་ལ་ཞ།།

འགྲོ་བའི་མནར་གཅོད་དུཿཁ་ཉིད།།

བསིལ་སྣང་ལྗོན་པའི་ཡལ་ག་ཡི།།

ལྕུག་ཕྲན་ལྡེམ་པའི་གཡབ་མོ་ཡིས།།

གདུང་བའི་སྐྱོམ་སྒྲ་ཅི་ཡང་བསྐྲད།།

ཡོམ་ཡོམ་འགུལ་བའི་རྒྱ་མཚོའི་རླབས།།

ལང་ཚོའི་ལྕགས་ཀྱུ་ལ་འཁྲིལ་ཏེ།།

ཞི་བ་ཆེན་པོའི་མལ་སྟན་ལ།།

རེ་སྙེག་ཡིད་ཀྱི་འདབ་ལོ་ལྡེམ།།

དུས་ཀྱི་མཐར་སོན་མ་ཡིན་ཏེ།།

ནོར་འཛིན་ཐིག་ལེ་སྙིམ་པ་གང་།།

གཞི་དབྱིངས་གཉུག་མའི་རང་གཤིས་ཀྱིས།།

ལྷུང་བཟེད་ནང་དུ་བྱོ་བར་བྱེད།།

                                        ༢༠༡༧ ༠༦ ༢༩ 

IMG_0129.JPG


      རིག་བྱེད་སྙན་པའི་དིང་གླིང་།            

                          (བསྡུས་དོན།)       

 

རྗེས་ཆགས་འཛུམ་པའི་སྒེག་སྒྲོས་ལས།།

སྙན་ཕུད་དབྱངས་ཀྱི་སྡིངས་ཆ་མཁན།།

སྨིན་དྲུག་ཟླ་བའི་དཀྱིལ་འཁོར་ནས།།

མངོན་གྱུར་ཁབ་ལ་ཚུར་འབྱོན་ཅིག།

རབ་བྱེད་ངག་གི་རྩ་ཡི་སྦུབས།།

གདོང་བཞི་ལྷ་མོའི་འཕྲུལ་ཐབས་ཀྱིས།།

སྙན་ངག་སྨྲ་ལ་ཐོགས་མེད་པའི།།

མཚུངས་མེད་ནོར་འདྲའི་འོད་འགྱེད་ཅིག།

ཉི་ཟླ་ཟུང་དུ་བསྡེབས་པ་ཡི།།

སྨྲ་བསམ་བརྗོད་འདས་དེ་བཞིན་ཉིད།།

དྲུག་འགྱུར་ངག་གི་སྙེ་མ་ལ།།

གཡའ་དག་གསེར་གྱི་འཛུམ་རིས་དོད།།

ཚངས་དབྱངས་ཐོས་པ་ཆེ་བའི་ལྷ།།

གོས་དཀར་སྙན་བརྒྱུད་པི་ཝང་འཛིན།།

ཡོན་ཏན་མ་ལུས་སྐུད་པར་བརྒྱུས།།

རྟེན་འབྲེལ་གླུ་ཡི་བདག་མོ་རྒྱལ།།

འཇའ་ཀློང་གཟུགས་མེད་རྒྱུ་ལམ་དུ།།

སྐུ་ལུས་ཤེལ་གྱི་མདངས་ལྡན་ཞིང་།།

རིག་སྟོང་འོད་ཟེར་འབུམ་འཕྲོ་བའི།།

ངང་པའི་བུ་མོ་ཚུར་གསོན་ཅིག།

དེང་འདིར་སིལ་རྒྱན་སྙན་པའི་ཚིག།

ཟབ་ལམ་འཕོས་པའི་གདངས་དང་བཅས།།

བདག་མགྲིན་པད་མའི་བུ་ག་ལས།།

ཅུང་ཟད་འབྱུང་བར་རམས་འདེགས་སྩོལ།།

སྐྱེ་དགུའི་ཡིད་དབང་འགུག་པའི་ལྷ།།

ཞི་གནས་བལ་འདབ་གདན་སྟེང་དུ།།

ཤེས་བྱའི་པད་ཚལ་རྒྱས་པ་ཡི།།

འཕྲེང་བ་འཛིན་པ་དེ་ཡང་རྒྱལ།།

ཤེལ་དཀར་སྨྱུག་མ་དར་གྱི་སྣེ།།

མ་བྲིས་ངང་གིས་གཅེས་པར་འཛུམ།།

མཁའ་ལྡིང་དབང་པོའི་གྲིབ་མ་ཡིས།།

ས་ཡི་འཇིག་རྟེན་སྨག་ལ་བཏུམས།།

གང་གི་རང་བཞིན་མ་ངེས་པའི།།

ཐིག་ལེ་རབ་རིབ་མག་མོག་དེ།།

ཀུན་རྟོག་འཆར་བའི་མེ་ལོང་ངོར།།

པིར་གྱིས་བྲིས་པའི་ཚོན་རིས་ཉིད།།

ནང་གི་གདུང་བ་མཐར་བྱེད་པའི།།

ཡིག་འབྲུའི་བདེན་པ་དེ་ཁོ་ན།།

སྨྲ་བའི་ལྕེ་རྩེས་བསླངས་པ་ཡི།།

ཡིད་ཀྱི་ཕོ་བྲང་ཀློང་དུ་རྩེན།།

རྔ་ཡབ་རྣམ་པར་གཡོ་བ་ཡིས།།

རླུང་གི་རྒྱུ་བ་དྲངས་དེས་ཀྱང་།།

རྒྱུ་ལས་མ་བྱུང་རྟག་འཛིན་པའི།།

འཇིག་རྟེན་པ་ལ་ཅོ་ཡང་འདྲི།།

སྲིད་པའི་དར་སྐུད་ཕྲ་ལ་ཕྲ།།

སྐྱོ་ཤས་ལྕག་ཚན་ཞགས་པ་ནི།།

ཉམ་ངའི་བ་མོ་འཐུང་བ་ལ།།

དུས་ཀྱི་ཟེར་མ་འཕྲོ་དང་མཚུངས།།

སྦྲང་རྩི་སྣུམ་གྱིས་བངས་པ་ལ།།

ལྗོན་པའི་འདར་ཡོམ་སུག་སུག་ངང་།།

དྲི་ངད་ལྡང་བའི་ཕ་རོལ་ནས།།

བདེན་པའི་སྣང་བ་ཀུན་ཏུ་ཚོར།།

སྐད་ཅིག་མ་ཡི་སྣང་བ་ནི།།

དུག་གི་མེ་སྟག་དེ་ཉིད་དེ།།

ཉི་ཟླ་ཟུང་དུ་བསྡེབས་པའི་འོད།།

དྲོད་འཇམ་མདངས་ལ་ཉེ་བར་ཕོག།

སིལ་བུར་འཐོར་བའི་ལོ་མའི་ངོས།།

སྐམ་ཞིང་གད་པའི་རྩ་ཕྲན་དོད།།

རྒུད་པའི་ཆོ་འཕྲུལ་སོར་རྩེ་ནས།།

དེ་ཉིད་དོན་ནི་གཏན་ལ་ཕབས།།

རང་སྣང་ལོ་ཟླའི་གྲོག་མོར་ལྷུང་།།

དགུ་ཚིགས་ཆུ་ཟླ་འཁྱག་གིས་བཟི།།

སོ་སོའི་སེམས་ནི་ལན་བུ་བཞིན།།

མ་ངེས་རླུང་གིས་མཐའ་ལ་གཏུགས།།

སེམས་ཉིད་རྣལ་ལ་གནས་པ་དེས།།

ངལ་བའི་མྱ་ངམ་བསངས་བྱེད་པ།།

ཆུ་ལ་ཆུ་བཞག་ངོ་བོ་ཉིད།།

འདྲེས་པར་གྱུར་པའི་མིང་དོན་མཆོག།

མདའ་ཡབ་ཐུར་དཔྱངས་སྒོ་ཁྱམས་སུ།།

གཙུག་ཕུད་གྱེན་དུ་ཤད་པའི་མི།།

འཇའ་དང་སྨིག་རྒྱུ་འཐིབས་པའི་མུར།།

སྟོང་འཇགས་མཁའ་ལ་གཅིག་པུར་རྒྱུ།།

ཏིང་འཛིན་ཐིག་ལེ་མ་དོད་ཀྱང་།།

བློ་ལ་རྡོ་རྗེ་ཐེའུ་ཕོག་པའི།།

མཁའ་སྤྱོད་རི་དྭགས་པགས་གོས་ཅན།།

སེང་ལྡེང་ནགས་མའི་ཚལ་དུ་སྤྲོ།།

རྒྱན་གྱིས་སྤུད་པའི་སྒེག་ལྡན་ནི།།

སྲེད་ལྡན་ཡིད་ལ་ག་ཚིལ་སྒོག།

སྨུག་སྤྲིན་ཕུང་བོ་ལ་བཅིབས་ཏེ།།

སྒྱུ་མའི་གཞིས་ཀ་མཐིལ་དུ་ལེན།།

སྔགས་ཀྱི་ཆོ་གས་རབ་བཟུང་བའི།།

ཚིག་གི་རོལ་རྩེད་རྣམ་འཇོ་ལ།།

བློ་གྲོས་སྣང་ལ་མ་ངེས་པའི།།

ལྕགས་ཀྱུ་གཡུག་ལ་ཅི་ཡང་སྤྲོ།།

ཚང་ཚིང་ནགས་མ་གཡོ་བའི་གསེབ།།

རིག་བྱེད་ཀ་ལ་པིང་གའི་གྲོགས།།

ཟངས་ཐལ་ངག་གི་ཕོ་ཉ་མོ།།

སྐྱེ་བ་ཀུན་ཏུ་ཡང་དག་བསྙེན།།

རྡུལ་ཕྲན་སྟོང་གི་མེ་ཏོག་བཞིན།།

ཡོན་ཏན་ཇི་སྙེད་ཁུར་དུ་ལེན།།

འཛུམ་པའི་སྤྱན་རས་གཡོ་བ་ནི།།

ཐུགས་རྗེའི་མཐུ་ལས་གཞན་དུ་མེད།།

དང་བའི་ཆུ་འཛིན་འཁྲིགས་པ་ལས།།

ཆར་བ་ལན་འགར་བབས་པ་དེས།།

རྙིད་ལ་ཉེ་བའི་སྐྱེད་ཚལ་དུ།།

གསོན་པའི་རེ་བ་སྦྱིན་དང་མཚུངས།།

སྐྱེ་འགག་བྲལ་བའི་ཚངས་སྲས་མ།།

མདོ་རྒྱུད་གྲུབ་པའི་ལྷ་ཆེན་པོ།།

བྱིན་རླབས་མ་གཡེལ་མྱུར་བ་མྱུར།།

གྲིབ་མ་བཞིན་དུ་སྲུང་མར་རྒྱུ།།

དེ་ཚེ་བདག་གིས་མཐོང་བ་དེ།།

རྗེས་ཆགས་མཛེས་པའི་གུར་ཀུམ་ལ།།

འཁོར་བའི་སྐད་ཅོར་སྨྲ་མཁན་ནི།།

ཞིམ་པའི་ངད་ཀྱིས་ར་བཟི་འདུག།

ཉམས་ལེན་དྲང་སྲོང་བགྲེས་པོ་ཞིག།

འཁོར་བའི་ལམ་འགྲམ་དེ་གར་ཕྱིན།།

བདག་ནི་སྨྲ་བ་མང་བ་སྟེ།།

ཉིད་ཀྱི་ཟབ་ལམ་བདེ་འམ་ཞུས།།

དྲང་སྲོང་རལ་བ་གསིག་བཞིན་དུ།།

ཕྱག་གཡས་ཐོད་པར་སྦྱར་ཙམ་གྱིས།།

བདག་ཉིད་ཕ་རོལ་ཕྱིན་པ་ནི།།

བདེ་དང་མ་བདེའི་སྣང་བ་མེད།།

གཞི་དབྱིངས་གཉུག་མའི་སྡོང་བོ་ལ།།

རྟེན་འབྱུང་ཉི་ཟླའི་བསིལ་གྲིབ་འཁོར།།

བདག་ནི་དགའ་བ་འབུམ་པ་ཡིས།།

སྦྲང་བུ་ཇི་བཞིན་ཟེའུ་འབྲུར་རྒྱུག།

ལེགས་ཚོགས་བཀྲ་ཤིས་རེ་ཁཱ་ཡི།།

སྣང་སྟོང་ཀ་པ་ལ་ཡི་སྣོད།།

བཻཌཱུརྱ་ཡི་བུམ་པ་ལས།།

འཆི་མེད་བདུད་རྩིའི་ཟེགས་མ་འཐུང་།།

རྐང་གླིང་འབུད་པའི་བྲམ་ཟེ་ཞིག།

ཀུ་ཤའི་རྩྭ་རྐང་མདུད་པའི་སྟེང་།།

སྐྱིལ་མོ་ཀྲུང་གི་འགྱིང་སྟབས་ཀྱིས།།

སེམས་ཉིད་ཡེ་བྲལ་ཀློང་ལ་ཟིམ།།

ཐབས་ཤེས་མེ་ལོང་ཀུན་གཟིགས་ཀྱིས།།

ཆོ་འཕྲུལ་སྣང་བ་དགུང་དུ་བསྟད།།

ཉ་གང་ཟླ་བའི་ཞལ་རས་ཅན།།

མི་འབྲལ་ལུས་ལ་ཀུན་ཏུ་རྒྱུ།།

སྤང་རྟོགས་བརྙེས་པའི་ཞགས་པ་ལས།།

འགྲོ་བའི་བསོད་ནམས་གསར་དུ་སྨིན།།

རྒྱུ་འབྲས་མི་བསླུ་ལུ་གུ་རྒྱུད།།

ཡིད་ལ་དགེ་བའི་ས་བོན་བཏབས།།

ངེས་དོན་སེམས་ཀྱི་གསང་རྒྱ་ཡི།།

རྙི་ལས་ཤོར་བའི་རྣམ་རྟོག་རྒོད།།

ཤུགས་འབྱུང་སྣང་བ་རང་ཡན་འདི།།

བགྲོད་པ་གསར་བའི་དབུ་འཁྱུད་ཉིད།།

མ་བྲིས་རང་བྱུང་གཟུངས་ཐག་ཅན།།

འགྱུར་མེད་གཡུང་དྲུང་པ་ཏྲ་ཅན།།

རྟགས་བརྒྱད་ལེའུ་གསུམ་མངའ་བའི།།

བཅོམ་ལྡན་མཆོད་པའི་ལྷ་མོ་ཀྱེ།།

མ་བཅོས་རང་ལམ་ཟིན་པའི་གླུ།།

གདོད་མ་ལྷ་ཡི་ཞིང་ཁམས་ནས།།

བག་ཆགས་ལྷུག་པོར་གྲོལ་བ་ལས།།

རྨ་བྱ་དགའ་བའི་རོལ་མོ་དཀྲོལ།།

ཚོར་འདུ་ལན་མང་བསྔགས་པ་ལས།།

ཉེ་བར་འཁྲུངས་པའི་སྙན་ངག་ཅིག།

བདག་ནི་བློ་གྲོས་ལྐུག་གྱུར་པས།།

སྲིད་པ་འདི་ལ་བགོ་སྐལ་མེད།།

གཡས་འཁྱིལ་དུང་གི་སྒྲ་དབྱངས་ཉིད།།

ཐོས་འཛིན་བཅུད་དུ་ལྷུང་བ་འདྲའི།།

སེམས་ཀྱི་ཅི་ཞིག་གསོས་པ་བཞིན།།

སྙན་ངག་དགེ་མཚན་ང་ལ་མེད།།

དེ་ཡང་བློ་གྲོས་མ་ཞུམ་པར།།

སྙན་ངག་ཐེག་པ་སྤྱི་བཅིངས་ཞེས།།

འཁོར་འདས་ཕུ་ཐག་མ་ཆོད་པར།།

ཡི་གེའི་བྱེད་པ་འདི་ལ་རྩེན།།

ཚིག་འཕྲུལ་རྣམ་དགུའི་ཟློས་གར་ལ།།

རབ་ཏུ་དགའ་བའི་མིག་ཐོགས་ཤིང་།།

སྒྱུ་རྩལ་འགྲོས་བབ་ཉམས་དགའ་འདི།།

རིན་ཆེན་སྲོག་ལ་འགྲན་བཟོད་སྣང་།།


                    ངག་རིག་ཚིག་རྒྱན་གྱི་ལུགས་སུ་ཅུང་ཟད་བཀྲལ་བ་འདི་ནི།  གངས་ཅན་སྙན་ངག་གི་རླུང་རྟ་ལ་དགའ་མགུ་བླ་མེད་མཆིས་པའི་དུས་མཐའ་པ་རྨོག་ཐང་དཀར་དུ་འབོད་པ་དེས་མདོ་སྨད་རིག་པའི་གྲོང་ཁྱེར་ནས་དབྱངས་ཅན་ཕོ་ཉ་དགྱེས་པའི་ལྷུན་གྲུབ་དབྱངས་སུ་མི་འགྱུར་བསམ་སྦྱོར་གཉིས་ཀྱིས་ཉེ་བར་བཏེགས་པ་འདི་དབྱངས་ཅན་མགྲིན་པ་ཐོབ་པའི་ཉེར་བསྡོགས་ཙམ་དུ་འགྱུར་བར་ཤོག་ཅིག་གུ། །།

 

རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།