
གུང་ཐང་བསྟན་པའི་དབང་ཕྱུག
ཧི་མ་ལ་ཡི་རི་ཟོམ་མན་ཆད་ནས།།
ཆུ་ཆེན་རྒྱལ་མོའི་འགྲམ་རྒྱུད་ཡན་ཆད་དུ།་
གྲགས་པའི་སྙན་པ་ས་སྟེང་འབར་གྱུར་བའི།།
གངས་ཀྱི་མི་ཕོ་མཇིང་བ་ཅན་ལ་མདུད།།
ཁྱེད་ནི་རིགས་ཀྱི་ཉི་མ་འབའ་ཞིག་སྟེ།།
གཡུ་རལ་སྲུང་བའི་མི་འཇིགས་ང་རོ་ཅན།།
མུན་པའི་རྒྱལ་ཁམས་འགྲིམས་པའི་སྤྱན་ཤེལ་ཅན།།
སྒམ་ལ་དཀྱེལ་ཆེ་གཏམ་གྱི་རྩལ་པོ་ཆེ།།
ལན་རེར་གསེར་གྱི་ཁྲི་འཕང་འཐོན་པོའི་སྟེང་།།
མགོ་ནག་རྩམ་ཟན་ཀུན་ལ་བུམ་ཆུ་ལྡུད།།
སྐབས་རེར་མངའ་རིས་གོང་ཐང་ནས་ཁྱེར་བའི།།
ཤིང་གི་སྒྲ་སྙན་དམར་སྨུག་གསེགས་ཏེ་བསྣམས།།
སྙན་པའི་རྒྱུན་སྐུད་རེ་རེ་དཀྲོལ་བ་ན།།
གངས་དང་འབྲོང་ཁྱུ་ཡིད་ལ་དཔར་དུ་བཏབ།།
བདག་གིས་ཁྱེད་ཀྱི་མཚན་ཙམ་ཐོས་པའི་ཀྱང་།།
མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་གཡོ།།

སེམས་ཀྱི་འཇིག་རྟེན་དཀར་ནག་མ།
ད་ནི་ཆུ་བོའི་ཤང་སྒྲ་ག་ལེར་འཇགས།།
མེ་ཏོག་མཆི་མ་དང་བཅས་རྙིད་པར་རྩོམ།།
དུས་ཀྱི་འདབ་ཆགས་གཤོག་རྩ་ཁྲག་གིས་ཟོས།།
ཚང་ཚང་ནགས་ཀྱིས་གློ་བུར་དགུན་ཉམས་སྟོན།།
གློག་འོད་དཀར་ཚུབ་བྱེད་པའི་མཁའ་འཐའ་ན།།
ནག་རོག་སྤྲིན་པ་ཐར་ཐར་ནུབ་ཏུ་རྒྱུག།
ལྟོས་དང་ཡུལ་འདིའི་རྟ་དང་འབྲོང་ཁྱུ་ཡང་།།
མ་ངེས་ཕྱོགས་འཐའ་ཀུན་ལ་ཚོམ་སྟེ་གཤར།།
ཕར་བལྟས་མུ་མེད་བྱང་ཐང་སྐྱ་བོ་ན།།
བྱེ་མའི་ཁ་ཆར་འབབ་ཞིང་འཚུབ་སྐོར་རྒྱག།
ཨ་ཙི་ཉམས་ཆུང་ཨ་སྐྱོའི་ལྷམ་ཆུང་ཡང་།།
ཙག་དང་ལྷགས་པས་ཡང་དང་ཡང་དུ་འཇུམས།།
མར་གའི་ཁེར་རྐྱང་སྲང་སྟོད་སྲང་སྨད་ན།།
གཞིས་ཁྱིམ་ཤོར་བའི་སྲོག་ཐོགས་ཇེ་མོད་རེད།།
སེམས་ཀྱི་དྲོད་ཐིགས་ཡིན་པའི་འཛའ་གྲོགས་ཀྱང་།།
སྤྱན་ཆབ་བསིལ་བཞིན་རྒྱང་ལམ་རྡོག་པས་སྣོན།།
སྐྱོ་བའི་གཞས་ཆུང་མང་པོ་བླངས་བླངས་འཐར།།
སྐྲ་ནག་མ་ཕྱེད་དཀར་ཕྱེད་ནག་རེད།།
སྐྱོ་ཤས་འཁོར་བའི་རང་ཡུལ་ཁྱིམ་གཞིས་སུ།།
རྒྱུས་མེད་མི་ཚོགས་དགོད་དང་ངུ་བའི་གཟུགས།།
རང་སེམས་སྟོན་སའི་གྲོགས་དང་ན་ཟླས་ཀྱང་།།
སྨྲ་བ་སྡོམ་བཞིན་མིག་ཆུའི་ཕྲེང་བ་གཏོར།།
གནས་ཡུལ་གངས་ཐང་འགྲིམས་པའི་མགྲོན་པོ་སྟེ།།
འཁྱག་གྲང་ལྟོགས་སྐོམ་མྱངས་བའི་ཁེར་རྐྱང་བས།།
ཡུར་གྱར་གཞས་པའི་གླུ་ངག་འདར་འདར་ཁྲོད།།
དེ་ལྟར་བསམ་བཞིན་མིག་ཆུ་རྡོག་འགོར་ཟགས།།

ལྭ་ནག་གྱོན་པའི་མི་ཕོ།
དོ་ནུབ་དཔྱིད་འགོའི་མཚན་ཟླ་དཀར་སེང་ངེར།།
ཞི་བའི་རྟུལ་ཞུགས་བཟུང་ནས་ཕྱོགས་བཅུར་འཕྲོ།།
ཕོ་བྲང་སྒོ་ཐེམ་རྩྭ་ལོས་འཇག་གླུ་ལེན།།
དྲང་ཐད་རི་ཚོགས་ཕྲེང་བ་མོག་མོག་པོར།།
ཟླ་འོག་འགྱིང་ཞིང་གྲང་འདར་རྒྱག་སྙམ་བྱེད།།
སྐབས་འདིར་གློ་བུར་རྟ་ཕོ་རྐྱང་ནག་གིས།།
འཚེར་ཆུང་བྱེད་ཞོར་ལག་རྡེབ་བྱེད་པ་ཐོས།།
དེ་ནས་ལྭ་ནག་གྱོན་པའི་མི་ཕོ་ཞིག།
མུན་ཁྲོད་སྒྲོན་མེའི་ཟུར་ནས་ཡར་ལངས་ཏེ།།
རྟ་ཕོར་གསེར་སྒ་བསྟད་དེ་ནུབ་ཏུ་ཆས།།
ལམ་བར་རི་ཆུའི་མཛེས་པ་སྐྱ་ཐང་ཐང་།།
འུར་འུར་ལྷགས་རླུང་བརྒྱ་ཡིས་ལུས་སེམས་བཅུམས།།
སོང་སོང་འཐའ་ལ་ཕྱོགས་ཀྱི་ཉག་ཁ་རུ།།
ཞྭ་མོ་ཕུད་དེ་ངལ་གསོ་བྱེད་དུས་ན།།
རི་རྩེའི་སྨུག་པས་སྐྱོ་བའི་ཁ་དོག་བརྗེ།།
མདུན་ཕྱོགས་ཆུ་བོའི་ངུད་མོ་སྦུད་སྦུད་འཐེན།།
དེ་ནས་སླར་ཡང་རྟ་ཕོ་རྐྱང་ནག་ལ།།
ཞོན་ཏེ་རྒྱང་རིང་མིག་གིས་འཚོས་ཏེ་སོང་།།
ཉི་འོད་འཐུང་བའི་རང་ཡུལ་དྲོན་མོ་ཡང་།།
རྒྱང་ནས་རྒྱང་དུ་བྱེར་ཏེ་མཐོང་མེད་ཡལ།།

མྱ་ངམ་ཐང་།
ང་ཡི་སྨྲེང་སྐྱོ་རི་རྒྱབ་ཉི་མ་ཡིན།།
ནགས་ཁྲོད་སྙེག་པའི་བྱེའུ་ཁེར་རྐྱང་ཡིན།།
ལན་རེར་འཚོ་བ་སྦྲང་རྩིའི་ཞིམ་རེད་འདོད།།
ནང་སེམས་མེ་ཕུང་གསོས་ཏེ་སྣང་བ་བསྟད།།
སྐབས་རེར་འཇིག་རྟེན་སྣང་བ་འཇའ་རེད་སྙམ།།
ལན་ཆགས་འཁོར་བ་འདི་ལ་ཞེ་རེ་མེར།།
ང་ལ་སྐྱོ་བའི་ཆུ་འཁྱགས་འཐུང་འདོད་མེད།།
ངུས་པའི་མིག་ཆུ་ལྷག་མ་མཐོང་མི་འདོད།།
ང་ལ་དགའ་བའི་གླུ་གཞས་གཏོང་འདོད་མེད།།
སྦས་པའི་སེམས་གཏམ་མགྲིན་པར་ལུས་ཡོད་དོ།།
འོན་ཏེ་ང་ཡི་རེ་བ་འདི་ཙམ་སྟེ།།
ནམ་ཞིག་ཆུ་བུར་མིག་ཟུང་གཉིས་པོ་འདིས།།
ཚེ་ཡི་ཉི་འོད་འཐའ་མ་རོལ་དུས་ན།།
རྟག་ཏུ་རང་སེམས་གཏིང་དུ་གབ་གྱུར་བའི།།
ཡས་ཀྱི་མི་སྡུག་མྱ་ངམ་ཐང་ཆེན་དུ།
སྐྱོ་གདུང་ཆེན་པོས་རང་གི་མིང་ཡིག་ནས།།
བོས་ཏེ་གནས་དེར་བྲག་ཅ་ཞིག་འཇོག་འདོད།།