རྩོམ་པ་པོ། སྣང་ངུ།

ཡུན་རིང་ཞིག་ལ་མཇལ་རྒྱུ་བྱུང་ན།
འཁོར་བའི་སྙིང་བོ་ལ་བྲིས་པའི།།
ན་ཆུང་ཚོགས་དྲུག་གི་བདག་མོ།།
སྣང་བ་འཛུམ་འཛུམ་གྱིས་སྒུག་མཛོད།།
ལས་ཀྱི་གྲིབ་རིས་ལ་འཁོར་ཡོང་།།
ཨ་གསར་སྣང་མཐུན་གྱི་དུས་སུ།།
ཁྲེལ་དང་ཕྱི་ཐག་སྟེ་རིང་ན།།
སང་ཞོགས་སྐྱ་རེངས་ཀྱི་མདའ་མོ།།
ངས་ནི་ཁྱེད་རང་ལ་གཏད་ཡོད།།
སྐྱ་རེངས་མདའ་མོ་དེ་བསམ་ནས།།
ཁྱེད་རང་དངས་འཚུབ་རང་མ་སྐྱེས།།།
མདའ་འདི་ལས་སྨོན་གྱི་མདའ་མོ།།
ན་དང་ཟུག་གཟེར་དེ་མེད་དོ།།
ལང་ཚོ་དབྱར་འགོ་ཡི་འཇའ་རིས།།
མདངས་དང་གཟི་དཔལ་སྟེ་བསམ་ན།།
ནང་སེམས་ཚེ་ཚོམ་ལ་ཚུད་པས།།
མ་དྲིས་སྙིང་གཏམ་དེ་བཤད་བཞག།
ལུས་འདི་རང་ཉིད་ལ་དབང་ན།།
སོ་སོའི་རེ་སྨོན་དེ་སྒྲུབ་ཆོག།
ཐུགས་འགལ་དགེ་འདུན་དེ་དཀོན་མཆོག།
གཏམ་འདི་ཞུ་ས་ཤིག་མི་འདུག།
༠༡༨/༢/༡༢/ཉིན་ལ་བྲིས།
ང་།
ཕ་ཡུལ་འབོད་པའི་མི་རྐྱང་ལྭ་ནག་ཅན།།
རང་གི་སྐྱོ་གདུང་གྱང་རིས་སེར་པོ་བཞིན།།
འགའ་ཞིག་མིག་དབང་འཁྲུལ་བས་སེར་སྐྱ་སྣང་།།
འགའ་ཞིག་མིག་དབང་འཁྲུལ་བས་སེར་ནག་སྣང་།།
འོ་སྐལ་ཚེ་ཡི་ལམ་འདི་ཐག་སྐུད་ཅིག།
ཐག་པའི་སྐུད་ལམ་མ་འཚམས་ཆད་ནས་སོང་།།
ཕྲེང་ཐག་ཆད་ཤུལ་ས་ནས་གཡུ་ཞིག་རྙེད།།
དེ་ཡི་མིང་ལ་གཡུ་ཆུང་གྲུ་དཀར་བཏགས།།
མགོ་བའི་དཀོན་མཆོག་ས་ལ་སྨོན་ལམ་བཏབས།།
ངག་གི་གྲོལ་མ་གྲོལ་གྱིས་བསང་ཞིག་ཕུད།།
དུ་བ་སྔོ་སྐྱ་ལྡང་ཞིང་ཐར་ཐར་གྱིས།།
གཙུག་གི་གཡུ་འདི་ན་ཆུང་ཁོ་མོར་འབུལ།།
ཁང་བའི་ཕྱི་ནང་ཁོ་མོའི་གཞས་གྲག་ཅིང་།།
ནངས་རྒོངས་བར་མཚམས་མེད་པར་གཅིག་པུར་གྲག།
རུ་དང་ཁྱིམ་མཚེ་སུན་སྣང་དྲགས་པོས་བཟིར།།
འོ་ན་ངས་ནི་དགོངས་དག་ཚད་མེད་ཞུ།།
༠༡༨/༢/༡༡/
ཨ་ཅག་རིག་འཛིན་སྒྲོལ་མ།
འཁོར་བའི་སྟོང་ཉིད་བསམ་ན་འཁོར་བ་སྡུག་པོ་མ་རེད།།
ཞག་དང་ཆུ་ཚོད་རེ་རེ་ནང་སེམས་འཆར་བའི་ལོ་རེད།།
ཨ་ཅག་རིག་འཛིན་སྒྲོལ་མ་དེ་འདྲའི་མཛེས་པོ་མིན་རུང་།།
སུ་ནི་སྒྱུ་མའི་གྲོང་ནས་ཁྱེད་ཉིད་སྣང་མཁན་མང་ཨེ།།
ཡང་ཡང་རང་ལ་དྲིས་ནས་གཏམ་དེ་བདེན་པ་རེད་བཞག།
དྲི་བ་ཕྱི་ལ་མ་དྲིས་གང་འདོད་ལན་རེ་བྱུང་འདུག།
ང་ཡི་ནང་སེམས་འདི་ནི་གདུགས་དང་རྒྱལ་མཚན་མ་རེད།།
ང་ཡི་ལུས་ཟུང་མཐའ་དག་དྭངས་གཙང་ཁྱོན་ནས་མ་རེད།།
གང་བྱུང་ཡིད་ཀྱི་འཆར་སྒོ་ཤིང་དང་ལྕགས་ཀྱིས་གྲུབ་མེད།།
དྲན་ཤིང་ལུས་ཀྱི་མེ་ཏོག་ཆར་དང་སྤྲིན་པའི་ཕོག་མེད།།
འཛམ་གླིང་སེང་ལྕམ་འབྲུག་མོ་ཡག་དང་མོ་སྒོ་ཡོད་ཅིང་།།
དེང་བའི་གཟུགས་རིས་ཇི་སྙེད་མེ་ལོང་ངོས་སུ་བཀོད་འདུག།
ང་ལ་དགོས་པའི་ནོར་བུ་རིན་ཆེན་གསེར་དངུལ་མ་རེད།།
ང་ལ་ཐོབ་པའི་གཅེས་བུ་ཡག་དང་མོ་སྒོ་མ་རེད།།
ཆུ་འདི་ཤང་ཤང་ཐུར་འབབ་ཚེ་འདི་ཐུང་ཐུང་སྐད་ཅིག།
ལོ་ཆུང་ལོ་འབྲིང་ལོ་ཆེན་སྐྱེ་བོའི་ངང་ཚུལ་ཡིན་ནམ།།
འདི་ལྟའི་ཐབ་ཚང་ཁྲོད་དུ་ཞེ་འདྲིས་དཀོན་པོ་ཡིན་བཞག།
ཞེ་ལ་འདྲིས་པའི་མི་དེ་རིག་འཛིན་སྒྲོལ་མ་རེད་བཞག།
འདྲིས་ན་མཐུན་སོང་མ་ཟེར་གཏམ་འདི་གོ་བའི་ལོག་འགྲོ།།
ང་ཡི་འདྲིས་པའི་ཚོགས་གཏམ་ཤ་དང་པགས་པར་འབྲེལ་མེད།།
༠༡༨/༢/༡༣