རྨོག་རུ་སངས་རྒྱས་རྒྱ་མཚོའི་བཅད་མ་བདམས་བཀོད།

1246

图片2.jpg

            རྨོག་རུ་སངས་རྒྱས་རྒྱ་མཚོ། སྨྱུག་མིང་ལ་སྤྲང་ཀོག་དང་གངས་བུ་སེང་ཕྲུག ཟླ་བའི་རྒྱལ་མཚན། ཟླ་དགའ་སོགས་སུ་འབོད། ཕྱི་ལོ་༡༩༩༦ལོར་མཚོ་སྔོན་པོའི་ལྷོ་འགྲམ་རྨོག་རུ་ཞེས་པ་ནས་སྐྱེས། ཆུང་དུས་སུ་སློབ་གྲྭ་འགྲིམ་ནས་ཆབ་འགག་ཏུ་སློབ་ཆུང་མཐར་ཕྱིན། ཕྱིས་སུ་མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དྷཱིཿཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་རབ་ཏུ་བྱུང་ནས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་མགོས་གཏུགས། སྔར་ཕྱིར། བསྡུས་གྲྭ་ནས་བཟུང་སྟེ། རྣམ་འགྲེལ། གྲུབ་དོན་ས་གསུམ། ཕར་ཕྱིན་སོགས་ལ་ཐོས་བསམ་བྱེད་ཞོར་དུ། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས། སུམ་རྟགས་དག་གསུམ་དང་། ད་དུང་། སྙན་ངག་གཞུང་ལུགས་ས་དཔྱད་སོགས་གཙོས་ཐ་སྙད་རིག་གནས་ཀྱི་སྐོར་ལའང་རང་ནུས་ཀྱིས་སྦྱངས་པ་ཅུང་ཙམ་བྱས། 《མི་རིགས་ཀྱི་རྩོམ་རིག》 དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《 ཟླ་ཟེར》། 《གངས་རྒྱན་མེ་ཏོག》 《གུར་ཀུམ་ཆུན་པོ》 སོགས་དུས་དེབ་དང་། “བཙན་པོ་མགར་གྱི་དྲ་བ”དང་། “མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། “རྫ་ཆུའི་རླབས་སྒྲ” “མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ” “ལུག་ཚང་དཔལ་ཡོན་དྲ་བ”སོགས་སུ་རྩོམ་མང་པོ་བཀོད། ད་ལྟ་མདོ་སྨད་དྷཱིཿཚ་དགོན་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་ལགས་སོ།། 



རང་སེམས་གཏན་ལ་ཕབ་པ་མི་འགྱུར་རྡོ་རྗེའི
་མགུར།                                   


བློ་གྲོས་འོད་ཀྱི་ཟེར་བརྒྱ་འཛུམ་པའི་དཔལ། །
  

བསིལ་འཇམ་མེ་ཏོག་དྲི་ངད་ལྡང་བའི་དབྱིངས། །

དམིགས་མེད་ཐུགས་རྗེེའི་ཕན་བདེའི་གཡོ་བའི་གར། །

མཚུངས་མེད་གྲུབ་པའི་དབང་ཕྱུག་རྟག་ཏུ་འདུད། །

སྒྲིབ་བྲལ་མཁྱེན་བརྩེ་བློ་ཡི་དགེ་བའི་ཟེར། །

སྲིད་ཞིའི་རྨོངས་པའི་ཚལ་དུ་ཀུན་ཁྱབ་ནས། །

ཐར་འདོད་བྱིས་པའི་རྣམ་གཡེང་རྟོག་པ་ཉིད། །

ཀུན་ཤེས་མི་མཇེད་ཞིང་དུ་ཅིག་ཅར་དྲངས། །

དག་པ་བདེ་ལྡན་ཆོས་ཀྱི་རྒྱལ་བོའི་དྲོད། །

མི་བཟོད་གྲང་བའི་ན་ཟུག་འབུམ་རེག་པའི། །

ལེགས་པར་སྤྱོད་པའི་སྐལ་ལྡན་གདུལ་བྱའི་བློར། །

མི་འགྱུར་བདེ་བའི་ཏིང་འཛིན་སྐྱིལ་ཀྲུང་བཅོས། །

སྲིད་ཞིའི་ཡིད་འོང་དཔལ་དུ་འཕྲོག་པའི་སྐུ། །

ལུང་རིགས་དཔྱིད་དཔལ་མེ་ཏོག་འཛུམ་པའི་ཐུགས། །

འགག་མེད་ཕྱོགས་ཀུན་ཁྱབ་པའི་སྙིང་རྗེའི་གསུང་། །

གཏན་དུ་ཀུན་ཆགས་སེམས་སུ་བཞུགས་པར་མཛོད། །

ཕས་རྒོད་སྙིང་རྩ་འདར་བའི་ལུང་རིགས་ཤུགས། །

ཡང་དག་ལམ་རྩེར་སོན་པའི་རྣམ་འབྱེད་མིག།

མི་ཤིགས་སེང་གེའི་ཁྲི་ལ་མངའ་དབང་པའི། །

སྐྱབས་གཅིག་མཐོང་བ་ཀུན་གྲོལ་སྙིང་ནས་དྲན། །

བགྲོད་པའི་ལམ་ལ་ཆོས་ཀྱི་དྲི་འཐུལ་བའི། །

ཡིད་འཕྲོག་དྲི་ཟའི་ཟློས་གར་ཇི་བཞིན་དུ། །

གང་གི་བླ་མའི་ཡོན་ཏན་བརྗོད་པ་ལ། །

ཚིག་གི་སྒྱུ་རྩལ་མདངས་ཀྱིས་དཔའ་མ་ཐོན། །

དེའི་ཚེ་མི་ཕྱེད་དད་པའི་ཀློང་ཉིད་ལ། །

ཐུགས་བསྐྱེད་དུང་མདོག་དཀར་པོའི་འཛུམ་བྱེད་ཀྱིས། །

ཆགས་སྡང་བློ་ཡི་ངན་སྤྱོད་མྱུར་སངས་ནས། །

གང་ཉིད་འདྲ་བར་སྡུག་སྣང་མེད་པར་གནོངས། །

མཐའ་མེད་འཇིགས་རུང་སྲིད་པའི་གདེངས་ཀ་རུ། །

སྡུག་བསྔལ་ཁུར་གྱིས་མནན་པའི་བཙུན་གཟུགས་བདག།

བསོད་ནམས་ཁྲི་ཕྲག་འཁྱིལ་བའི་འཇུག་ངོགས་ལ། །

མི་འགྱུར་བསམ་སྦྱོར་སྤོབས་པས་མདུད་པ་བརྒྱབས། །

ཀུན་རྨོངས་མ་རིག་བག་ཆགས་མཐུག་པོའི་ཀློང་། །

དཔྱད་འཇོག་ཟབ་རྒྱས་ནོར་གྱིས་སྟོངས་ན་ཡང་། །

བསྟན་པའི་བ་དན་བསྒྲེང་བའི་ཟིལ་དཀའ་མོད། །

ཞབས་འདྲེན་གར་མཁན་མི་བྱེད་རྡོ་རྗེ་སེམས། །

ཡིད་འཕྲོག་སྐལ་བཟང་ལང་ཚོའི་དཔྱིད་དཔལ་ལས། །

རེ་སྐོང་ཆོས་ཀྱི་མེ་ཏོག་འཐུ་དཀའ་མོད། །

ལྕུག་ཕྲན་དད་པའི་སོར་མོའི་དམ་བཅའ་ཡིས། །

གཤིས་ལུགས་གཞན་དུ་མི་འགྱུར་གོར་མོ་རྡོ། །

དག་པ་སྤྲོས་བྲལ་འོད་གསལ་མཁའ་དབྱིངས་སུ། །

མཁྱེན་དང་བརྩེ་བའི་དཀའ་ཐུབ་འཇུག་དཀའ་མོད། །

བསླུ་བྱེད་མི་མཐུན་སྤྱོད་པའི་ཆོས་བརྒྱད་ལ། །

སྨོན་སེམས་རྡུལ་འབྲུ་ཙམ་གྱི་བློས་བསླངས་མེད། །

ཀུན་ཕན་ཐུབ་པའི་རྣམ་དཀར་གཞུང་ལུགས་ལ། །

རིག་པས་གཏིང་མཐའ་བརྒལ་བའི་རྩལ་དབེན་ཡང་། །

ཐུབ་དབང་རྣམ་འདྲེན་ཤཀྱཱ་སེང་གེ་མཆོག།

ནམ་ཡང་སྙིང་དབུས་པདྨའི་གདན་དུ་སྒོམ། །

འདིར་སྣང་སྒྱུ་མའི་འཁོར་བའི་ལྟད་མོ་ཉིད། །

ཅི་དགར་སྔོན་བསགས་རྐྱེན་ལས་དྲངས་ན་ཡང་། །

དགེ་བའི་སྣང་བ་དྲོད་མོའི་ཕྱོགས་ཀྱི་སེམས། །

ནམ་ཡང་གཏན་དུ་ཚུགས་པའི་རྟུལ་ཕོད་བསྐྱེད། །

སྦྲང་རྩིའི་ངད་ལྡན་འགེངས་པའི་དབེན་གནས་འདིར། །

མདོ་རྒྱུད་རིག་པའི་དཔག་བསམ་གཞལ་མ་ནུས། །

དོན་འགྲུབ་དོན་མཐུན་བྱ་བའི་ལས་ཉིད་གཙོས། །

མི་ཚེ་དགའ་སྐྱོ་འདྲེས་མའི་གད་རྒྱད་བཟོས། །

རིང་ནས་གོམ་པའི་དུག་གསུམ་ཉོན་པའི་མོངས། །

ཤེས་རབ་རལ་གྲིའི་རྩེ་མོས་གཞོམ་བྱས་ནས། །

མི་བསྲུན་ཡིད་ཀྱི་གླང་ཆེན་སྨྱོན་པའི་གཤིས། །

རྣམ་པར་དགེ་བའི་ལས་ལ་གཞོལ་ཅིང་འབད། །

སྣང་མཐའི་བླ་མའི་གསེར་གྱི་ཐུགས་བསྐྱེད་ཀྱིས། །

སྤྲོས་པ་དྲི་མ་ཅན་གྱི་བདག་བློའི་ཚལ། །

སྒྲིབ་མེད་ཏིང་འཛིན་རོལ་བའི་ཀློང་ཉིད་ལ། །

དཀའ་བའི་ཚེགས་ལ་མ་འཛེམ་དྲངས་པ་དྲན། །

ཁོར་ཡུག་ཆོས་ཀྱིས་འགེངས་པའི་དྷཱི་རོང་ཞིང་། །

རིག་ལམ་མཐའ་ཡས་ལྡན་པའི་ཆོས་ཀྱི་གྲོགས། །

མཛའ་བརྩེ་ལྷག་བསམ་གཞོན་ནུའི་སྟངས་སྟབས་ལས། །

ནམ་ཡང་གསེར་གྱི་རྒྱན་ཆའི་སྦྲམ་བུ་འདོགས། །

སྲིད་པའི་ཀློང་ནས་འཕྱོ་བའི་སྲིད་པའི་རླབས། །

ཟག་བཅོས་བདག་བློའི་ཕྱོགས་ལ་གར་བྱས་ཀྱང་། །

ཟག་མེད་ངེས་ལེགས་ཐར་བའི་ཞིང་ས་ལས། །

འཁོར་བའི་ཕུན་ཚོགས་དག་ལ་ཞེན་པ་གཅོད། །

འདུ་འཛིའི་ཆོས་མིན་སྒྱུ་མའི་རོལ་གར་ལ། །

ངན་སྐྱུགས་སྤྱོད་པའི་ཚུལ་གྱིས་སུན་འཕྱུང་སྟེ། །

སྙིགས་མའི་ཚ་གདུང་ངལ་བ་ཁྱད་བསལ་ནས། །

ཕན་བྱེད་དམ་པའི་དགོངས་པ་ཉེ་བར་འདྲེན། །

ཟབ་དོན་དབྱངས་སུ་འགུགས་པའི་མགྲིན་ངག་ལ། །

བྱིན་རླབས་སྦྲང་ཆར་འཕྱོ་བའི་དངོས་གྲུབ་ཕབ། །

རྣམ་འགྱུར་ཚད་དུ་རྫོགས་པའི་དམ་པའི་བཤེས། །

ནམ་ཡང་ཆད་མེད་སེམས་ཀྱིས་དད་གུས་བྱེད། །

འཁྲུལ་བྲལ་བཤད་དང་སྒྲུབ་པའི་རྒྱལ་བའི་བསྟན། །

རིན་ཆེན་ནོར་ལས་ལྷག་པའི་མདངས་ལྡན་པས། །

མ་བགྲོད་གཞུང་ལུགས་རྒྱ་མཚོའི་འཇུག་ངོགས་ལ། །

ནམ་ཡང་མི་འགྱུར་བརྩོན་པའི་གཏན་ཚུགས་བསྲིང་། །

ས་བཅུའི་ཟླ་བའི་འོད་ཀྱི་ཐེམ་སྐས་ལ། །

རིམ་གྱིས་བརྒལ་བའི་ཚོར་རྟོགས་མྱུར་འགྲུབ་པའི། །

ཚེགས་ཆུང་དོན་ཆེ་དཔག་སླའི་མན་ངག་ཅིག།

ནམ་ཡང་རེ་བའི་ཞིང་ནས་སྒུག་ཅིང་འབད། །

མི་ཕྱེད་དད་སེམས་སྙིམ་པའི་ཨུཏྤ་ལར། །

རྣམ་འབྱེད་རྐང་དྲུག་གཞོན་ནུས་སྟངས་སྟབས་མངོན། །

བསྔགས་འོས་ཁྱད་ལྡན་སྤྱི་བོའི་བླ་མ་ཡང་། །

རྙོག་བྲལ་དྭངས་མོའི་ཆབ་ཀྱིས་སྙིང་ལ་བསུ། །

དེ་ལྟར་བསུང་ཞིམ་གཏམ་གྱི་དྲི་བཟང་ཡང་། །

དཔྱིད་དཔལ་ལྷ་མོའི་རྣ་བར་བཀོད་ཙ་ན། །

འཆུག་དོར་བཟང་ལེན་འཕྲུལ་གྱི་འཁོར་ལོ་ཡིས། །

རིགས་དང་རིགས་ཅན་དག་ལ་ཕན་པར་བྲིས། །

དེ་ལྟར་བསྔོ་བ་དགེ་བའི་ཆ་གང་ཡང་། །

ཡོངས་སུ་ཁྱབ་པའི་རིས་མེད་སྐྱེ་བོ་ལ། །

རྨ་ཀླུང་དལ་བུར་འབབ་པའི་ཉེ་འགྲམ་དུ། །

ཁོ་བོས་ལྷག་བསམ་དག་པས་སྙིང་ནས་ཐལ། །

                  _____ ཞེས་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ལ། བྱང་རྒྱུད་འཛིན་མའི་མེ་ལོང་། རེ་སྐོང་ཆོས་ཀྱི་མེ་ཏོག་གི་དྲི་ངད་ཡོངས་སུ་ལྡང་བའི་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སུ། དུས་མཐའི་སྙན་ངག་པའི་གྲལ་མཐའ་བ། ཟླ་བ་རྒྱལ་མཚན་ལམ་གངས་བུ་སེང་ཕྲུག་སོགས་སུ་འབོད་པས་མི་འགྱུར་བསམ་སྦྱོར་གཉིས་ཀྱིས་བཏེགས་པའི་སྙན་དབྱངས་གང་ཉིད། འདི་སྣང་རང་རྒྱུད་སྒྲིབ་པ་གཞོམ་བྱེད་དུ་ལེགས་པར་བྲིས་པ་དགེ་ལེགས་འཕེལ།
0112_1.jpg

     དབེན་པའི་བྲག་ཅར་འཁྱིལ་བའི་སྙན་གླུ་ཅོ་ཀའི་དྲུག་འགྱུར། 


དུས་གསར་དཔྱིད་ཀྱི་གོམ་འགྲོས་ལང་ཚོ་མི་མཇེད་འཇིག་རྟེན་ཁམས་སུ་སྨིན།།
གཤིས་འཇམ་རྩྭ་ལྗང་མྱུ་གུའི་ཚེ་སྲོག་རི་ཕྲན་བུ་མོའི་རྒྱན་དུ་སྤུད།།
རབ་མཛེས་འདབ་མ་ལྷུག་པོར་གྲོལ་བའི་ན་གཞོན་མེ་ཏོག་བཀྲག་མདངས་ཀྱིས།།
ནོར་འཛིན་སྒེག་མའི་མཚར་སྡུག་དགེ་མཚན་སྙན་རྒུའི་དབུས་སུ་ཅིག་ཅར་རྩེན།།
ཡིད་འཕྲོག་མཁོ་རྒུའི་ཡོ་ལང་བསྣམས་པས་ལྷ་དབང་ཡིད་ཀྱང་རབ་ཏུ་ཕྲོགས།
འདོད་རྩེན་ཆགས་པའི་ཟུར་མིག་འོད་ཞགས་དབང་གཞུའི་ཚོན་གྱིས་རྣམ་པར་འཕོས།།
དགེ་ལེགས་བྱེ་བའི་བྱིན་རླབས་མེ་ཏོག་ཆར་དུ་བསྙིལ་བའི་མངར་འདུའི་བཅུད།།
ཕྱོགས་སུ་འཁྱིལ་བའི་སྙན་ལྡན་རོལ་མོའི་མདངས་ལས་འཁྲོལ་བཞིན་དལ་བུར་འགྱུ།།
ཆུ་འཛིན་བླ་བྲེས་དུམ་བུར་འཁྲིགས་པའི་འཆི་མེད་ཞིང་གི་བཀོད་པའི་འཕྲུལ།།
དྲི་མེད་མཐོན་མཐིང་མུ་མཐའ་བྲལ་བའི་ལྷ་ལམ་ཡངས་པོའི་མཚམས་སུ་བསྟར།།
རེ་ལྟོས་མིག་འབུར་བཙུམ་པ་མེད་པར་སྟོང་གསུམ་གཡོ་བའི་སྤྲིན་ཕུང་དུ།།
མཚར་སྡུག་ལང་ཚོའི་གར་དང་ལྷན་དུ་ཚངས་པའི་དབྱངས་ལ་སྙིང་ནས་རྩེན།།
ཉམས་དགའི་སྐྱེད་ཚལ་འགྲོས་སུ་ཐིམ་པའི་རྩི་ཤིང་མགོ་ལྕོག་ལྡེམ་པོར་གཡོ།།
ཚར་དུ་དངར་བའི་རྟ་བདུན་གཞོན་ནུའི་མགྱོགས་འགྲོས་གོམ་གྱིས་སྤྲིན་ཕུང་གཅོད།།
རྔམ་བརྗིད་ལྷུན་སྟུག་མཁའ་རུ་འདྲེས་པའི་རི་བོའི་དབུ་ལ་ཆུ་འཛིན་འཁྲིགས།།
ཨེ་མ་གཟིགས་དང་སྣོད་བཅུད་བཀོད་པས་རང་བྱུང་སེམས་ལ་བརྗོད་བྱ་འཁྲོལ།།
བགྲང་མཐའ་བྲལ་བའི་བྱ་བྱེའུའི་སྐད་ཅོར་ཁུ་སིམ་འཇབ་ཀྱིས་དྲོད་དུ་འཁྱིལ།།
མཐོངས་སུ་ཆགས་པའི་མུ་ཁྱུད་རི་ལུང་ཡིད་དུ་སྟིམ་པའི་སྙན་ཚིག་བཞིན།།
ལོངས་སུ་སྤྱོད་པའི་རང་དབང་མངའ་ལྡན་འཇིག་རྟེན་བྱེད་པོའི་བློ་ཡི་འཕྲུལ།།
རབ་དགའི་སྐྱེད་མོས་ཚལ་གྱི་དོ་རར་ལྐོག་ཏུ་འཛུལ་བས་གང་དུ་འཚོལ།།
དྭངས་གསལ་ལྟེང་ཀའི་འཇིངས་སུ་ཤར་བའི་གསེར་མིག་ཉ་དང་རྡེའུའི་གཟུགས།།
འཇམ་ལྡན་ཁྲུས་ཀྱི་རྫིང་བུར་བཀོད་པའི་ངོ་མཚར་དཔལ་གྱི་བཀྲག་མདངས་བཅས།།
ཡོད་ཚད་སྤྲོ་ཉམས་སེམས་སུ་འཆར་བའི་ཡ་གི་མ་གིའི་སྣང་ཚུལ་སོགས།།
ལན་གཅིག་བལྟས་ཚེ་ངལ་དུབ་སེལ་བའི་ཟུངས་ལྡན་སྨན་མཆོག་མིན་ནམ་ཅི།།
འཛུམ་དཀར་དགོད་པའི་འདབ་ཆགས་སྣ་འཛོམས་སྤང་གི་གཞོངས་སུ་ཁད་ཀྱིས་གཟི།།
མངོན་སྤྱོད་མཛེས་སྡུག་ཐེམ་སྐས་བརྒལ་བའི་སྦྲང་ཆུང་ཚོམ་གྱིས་གླུ་དབྱངས་ལེན།།
སྙན་ནོ་སྙན་ནོ་སྲིད་གསུམ་ཟླ་བྲལ་དབེན་པའི་ཁམས་ཀྱི་ཟིལ་ཤུགས་དག།
སྐྱེ་འགྲོར་བྱམས་པའི་བརྩེ་ལྡན་ཅོ་ཀའི་དྲུག་འགྱུར་མིན་ནམ་གང་ཞིག་ཡིན།།
མྱ་ངན་མེད་པའི་མེ་ཏོག་བྲན་པ་ཕན་བདེ་ལྷག་བསམ་རླུང་གིས་གཡོ།།
རིགས་ཀྱི་མྱུ་གུའི་ལང་ཚོའི་མཚར་སྡུག་སྲིད་ཞིའི་ཁམས་སུ་མཛེས་པར་བཤམས།།
སྙིང་རྗེ་གོམ་པའི་འདེགས་འཇོག་ཚིག་གིས་དབེན་པའི་དབྱངས་ལ་གོང་བསྒྲིགས་ནས།།
སྙན་པའི་གླུ་ཡི་དཔུང་ཤུགས་མཐོན་པོ་དབེན་པའི་བྲག་ཅར་འཁྱིལ་བཞིན་འགྲོ།
ལྷང་ལྷང་སྙན་པ་གླུ་རུ་འགུགས་པའི་སྒེག་ལྡན་བུ་མོ་སྔོ་བསངས་མས།།
མཛེས་པའི་བཅུད་ཕྱུང་བདེ་སྐྱིད་སྦྲང་ཆར་འགྲོ་བར་རྣམ་དག་སེམས་ཀྱིས་ཕུལ།།
ཨེ་མ་ཆུ་ཕྲན་བསྣོལ་མར་སྦྲེལ་བའི་རང་བྱུང་འདི་ཡི་ལང་ཚོའི་བརྗིད།།
མ་ལུས་སྐལ་བཟང་འདུ་བར་བྱེད་པའི་དགེ་ལེགས་མིན་ནམ་གང་ཞིག་ཡིན།།
ཀུན་དའི་སྙེ་མའི་མགོ་ལྕོག་ཕོན་པོ་དཔྱིད་གསུམ་དྲོད་ཀྱིས་བདེ་བར་འཇགས།།
མི་ཤིགས་དགའ་བདེའི་གསང་གསུམ་སྒྱུ་འཕྲུལ་ཡིད་འོང་ཟླ་བའི་པང་དུ་ཉལ།།
ཀུན་རྟོག་སྙིང་དབུས་གདན་དུ་བཀྲམ་པའི་ལེགས་ཚོགས་རིན་ཆེན་ཚོམ་བུ་སོགས།།

ཞིབ་ཏུ་གཞིགས་ན་བདེ་ལེགས་རྟེན་འབྱུང་རྔམ་གྱིས་བརྗིད་པ་མིན་ནམ་ཅི།།
དྲེགས་ལྡན་སྤོབས་པའི་སྙན་ཚིག་རླབས་སྒྲས་ཕྱོགས་ཀྱི་འགྲོ་རྣམས་མགྲོན་དུ་འབོད།།
མར་གད་ཚོན་གྱི་རང་མདངས་དཔལ་གྱིས་ཟུག་རྔུའི་གདུང་བ་སེལ་བར་བྱེད།།
དུས་བཞིའི་རེ་སྨོན་གཟུགས་སུ་ཤར་བའི་ཁྱད་འཕགས་དོན་གྱི་གནས་ལུགས་ཉིད།།
དབེན་པའི་ཁམས་སུ་སྙིང་བོར་གདམས་པའི་མན་ངག་མིན་ནམ་གང་ཞིག་ཡིན།།
ཡག་ལག་བརྒྱད་ལྡན་ཆུ་ཕྲན་བཅུད་བཟང་ལྷུང་ལྷུང་རྣ་བའི་བུ་གར་ལྟེམ།།
ཀུན་བཟང་སྨོན་པའི་མཐུ་ལྡན་འབྲས་བཟང་ཚང་ཚིང་གཡུ་ལོའི་ངོགས་སུ་བཀྲ།།
མྱུར་མྱུར་ལང་ཚོའི་སྟོབས་བཅུ་མངའ་བའི་སྙིང་སྡུག་འཛིན་མའི་མཛའ་བརྩེ་ཡིས།།
བཅུད་ལྡན་ཟས་ཀྱང་སྤྱོད་འདོད་མེད་པར་རྟག་ཏུ་ཡིད་ལ་མགུ་བ་སྟེར།།
ཀུན་ཆགས་ཆུ་སྐྱེས་གསར་བའི་དཔལ་འཛིན་འཛུམ་ཤར་དུང་གི་སྙིང་སྡུག་མ།།
ཁྲ་ཆིལ་མེ་ཏོག་ཅི་དགར་བསྟར་བའི་སྣ་ཚོགས་འདོད་རྒུའི་ཟློས་གར་འཛིན།།
བདེ་ཆེན་བཅུ་དྲུག་ལང་ཚོའི་དར་བ་བརྩེ་འཛུམ་སྣོལ་མའི་ཐོང་གར་རྩེན།།
རིག་བྱེད་སྙན་ཚིག་གང་གཱའི་རླབས་ཤུགས་ཕྱོགས་བཞིར་སྐྱོམས་པ་ཨེ་མ་མཛེས།།
བརྒྱ་བྱིན་གཟུགས་སྐུ་རིན་ཆེན་ཁྲི་ལ་ཞབས་ཟུང་འཁོད་པའི་མངའ་དབང་བཞིན།།
སུམ་རྩེན་ལྷ་ཡི་འཕྱོར་སྒེག་ལུས་ལ་ལྷན་སྐྱེས་དྲི་མེད་ཐུགས་བཞིན་མཛེས།།
ནེའུ་གསིང་བུ་མོའི་དགའ་བའི་སྒྲ་སྙན་དར་དིར་སྒྲོག་པའི་གསུང་བཞིན་སྙན།།
མདོར་ན་ཀུན་ཚོགས་དབེན་པའི་སྙན་གླུ་ཀུན་ཀྱང་དགའ་བའི་དཔལ་དུ་གྱུར།།
ནགས་ཀྱི་རྒྱ་རྫོང་འདབས་སུ་རོལ་བའི་ཤྭ་བ་ལ་སོགས་རི་དྭགས་ཁྱུ།།
གར་སྟབས་ལིང་ལིང་རིམ་བཞིན་བསྒྱུར་ཏེ་བརྩེ་འཛུམ་མེ་ཏོག་གམ་དུ་བཅར།།
སོས་ཀའི་དཔལ་མོའི་མངལ་དུ་སྦྲུམ་པའི་ངོ་མཚར་ལྟད་མོའི་དགེ་མཚན་དག།
སྐྱིད་ལ་དགོད་པའི་རི་ཁྲོད་ཁམས་སུ་དགའ་སྤྲོའི་འདུ་བྱེད་ལྷག་མ་ཉིད།།
ཐོར་ཅོག་ཀུན་གསལ་ལྷ་ལམ་ཡངས་པོར་དྲི་གཞོན་སྣ་ཚོགས་ཡོམ་ཡོམ་འཕུར།།
རབ་རྒོད་འཛུམ་འཛུམ་ཡིད་ཀྱི་སྣང་བ་དུང་དུང་རི་ཆུའི་ཁྱོན་དུ་བརྒལ།།
གཏན་ཆགས་ལུས་ཀྱི་ཁོ་ལག་ཉལ་བའི་མཐའ་བྲལ་གནས་ཀྱི་གདུ་བུའི་ཞལ།།
མི་ཕྱེད་དམ་བཅའི་མདུད་པ་བསྲབ་མོ་སྲོག་ལ་བཏབ་པའི་གཤེད་མ་ཡིན།།
འཚེ་མེད་ཞི་འཇགས་གྲེ་འགྱུར་སྙན་མོའི་བཅུ་དྲུག་ལང་ཚོའི་འགྱུར་ཁུག་བརྡོལ།།
ཉམས་འགྱུར་འབུམ་གྱི་སྒྱུ་རྩལ་ལྷག་མའི་དགེ་བཅུའི་དཔལ་ཡོན་ཡོ་ལང་རྒྱས།།
བྱམས་བརྩེ་རང་འཁྱིལ་བརྩེ་ལྡན་གཞོན་ནུའི་དགའ་འཛུམ་སྟོང་གིས་གླུ་ལེན་པ།།
དལ་འགྲོར་ཕེབས་པའི་དུས་གསར་སྐྱ་རེངས་མགྲོན་དུ་བོས་པ་མིན་ནམ་གང་།།
ཆ་སྙོམས་དྲོད་ཁོལ་ཅི་ཡོད་ནུས་ཤུགས་གོམ་སྟབས་སྐྱེན་པོས་ཚུར་ལ་ལེན།།
མཐུན་པར་སྦྲེལ་བ་རེ་བའི་ཉི་གཞོན་འགོག་མེད་འཕྲུལ་གྱིས་སྣང་བར་འདོགས།།
རྗེས་ཆགས་སེམས་ཀྱི་མཐིལ་དུ་འཐོར་བའི་ལྡོག་མེད་མུ་ཏིག་ལྟ་བུའི་ཁྱེད།།
རྟོག་བཏགས་ཤོག་བུའི་ངོས་སུ་ཤར་བའི་རང་བྱུང་སྙན་ངག་མིན་ནམ་ཅི།།
ཟླ་གཞོན་འཛུམ་བག་ཟུར་མིག་སྒེག་པས་སྤྲོ་སྐྱིད་བདེ་བའི་སེམས་པ་འགྱུ།།
རང་ཡུལ་ལྕུག་ཕྲན་དལ་བུར་བསྒུལ་བའི་གནམ་སའི་ཧྲག་མཚམས་ཅིག་ཅར་ཕྱེས།།
ཀྱེ་མ་ཀྱེ་ཧུད་རིག་བྱེད་རྩེད་མོས་དྲང་བདེན་གླུ་ལ་མཐུན་བསྣན་པ།།
རྟག་འཛིན་བློ་ཡི་གོམ་འདྲིས་ཡིན་ནམ་དགེ་ལེགས་ཚོགས་ཀྱི་བྱིན་རླབས་ཡིན།།
དེ་ལྟར་དབེན་པའི་བྲག་ཅར་འཁྱིལ་བའི་སྙན་མོ་ཚིག་གི་བླ་མེད་གདངས།།
རིན་ཐང་བྲལ་བའི་གཉིས་སྣང་བློ་ཡིས་སྤྲོས་བྲལ་མཐུ་ཞིག་ཡོད་དཀའ་མོད།།
གཟིགས་པ་བདེ་ཞིང་རྣ་བར་སྙན་པའི་སྔོན་བྱུང་མཁས་པའི་ལུགས་བཞིན་དུ།།
བདེན་སྟོང་མི་རྟག་སྒྱུ་མའི་ཁམས་སུ་རང་སེམས་གསོ་བའི་ཐབས་སུ་འདྲེན།།

     
        སྙན་རྩོམ་འདི་ནི་དཔའ་རིས་ཟབ་ལུང་རི་ཁྲོད་དགོན་གྱི་ས་ལ་དགེ་བཅུའི་དཔལ་ཡོན་རྣམ་པར་བཀྲ་བ་མཐོང་འཕྲལ་དུ་ཡིད་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བས་རྐྱེན་བྱས་ཏེ། གདན་ས་ཆེན་པོ་མཆོད་རྟེན་ཐང་གི་ཉེ་འགྲམ་དུ་རིག་གཞུང་འཚོལ་ཞིབ་པ་རྨོག་རུ་སངས་རྒྱས་རྒྱ་མཚོར་འབོད་པས་རབ་བྱུང་བཅུ་བདུན་ལོའི་མེ་མོ་བྱ་ལོའི་སྣྲོན་ཟླ་བའི་མར་ངོའི་དམར་ཕྱོགས་རྒྱལ་བའི་མཚན་མོར་ལེགས་པར་བྲིས་པ་དགེའོ།།    
0112_2 (1).jpg

   དྲང་བདེན་གླུ་རུ་འགུག་པའི་སྒྲ་རྒྱན།


གཤིས་འཁྱོགས་སྒེར་གཅོད་བློ་ཞིག་མེད་ན་བཟང་།།

ཀུན་མཐུན་ཚུལ་ལྡན་དོན་ཞིག་བསྒྲུབ་ན་བཟང་།།

ལེགས་ཉེས་བླང་དོར་ཤེས་རབ་སྤྱན་གྱིས་ནི།།

དུས་ཀུན་རང་བློའི་ཉེས་དམིགས་དགར་ན་བཟང་།།

གཤེ་བའི་མི་ལ་བྱམས་ཀྱིས་བསྐྱངས་ན་བཟང་།།

རྩུབ་པོའི་གཤིས་ལ་མཐུན་པ་སྦྲེལ་ན་བཟང་།།

དོན་ལ་དོན་ལྟར་སྤྲད་པའི་མཚན་ལྡན་བཤེས།།

སྐྱེ་བའི་ཕྲེང་བར་ལེགས་པར་གུས་ན་བཟང་།།

ཐོས་བསམ་གནད་ཀྱིས་མི་ཚེ་བསྐྱལ་ན་བཟང་།།

གཞུང་བཟང་ཆུ་བོ་བློ་ཡིས་དཀྲུག་ན་བཟང་།།

གླང་ཆེན་སྨྱོན་པའི་ཟག་བཅོས་གཤིས་ལུགས་ཉིད།།

སྐྱེ་བ་འདི་ལ་བཅོས་བསྒྱུར་ཐུབ་ན་བཟང་།།

བསླུ་བའི་ཆོས་ལ་ཞེན་ཆགས་དོར་ན་བཟང་།།

བཅོས་མའི་འཛུམ་ལ་ཁ་ཐག་རིང་ན་བཟང་།།

ནམ་ཡང་འགྱུར་མེད་དོན་གྱི་ཨམ་གཙིགས་ཉིད།།

ཡང་དང་ཡང་དུ་ལེགས་པར་བསྡམ་ན་བཟང་།།

སྤོབས་པ་སྟོང་གིས་བརྩོན་འགྲུས་བསྐྱེད་ན་བཟང་།།

དཔྱོད་ཤེས་འབོད་པའི་སྒྲ་ཆེན་བསྒྲགས་ན་བཟང་།།

དམ་པའི་ཆོས་ལ་འབད་པའི་འབྲས་བཟང་ཉིད།།

ནམ་ཞིག་མངོན་དུ་འགྱུར་བར་གཏད་ན་བཟང་།།

འདུར་བའི་ལམ་ལ་འོད་སྣང་བསྩལ་ན་བཟང་།།

སྨྲ་བའི་ཚིག་ལ་བརྗོད་བྱ་ཟབ་ན་བཟང་།།

ཀུན་ཀྱང་དགེ་བའི་ཆེད་དུ་བསྔོས་པ་རྣམས།།

གཞན་ཕན་འདེགས་འཇོག་མཐོན་པོ་ཡོད་ན་བཟང་།།

རྒྱ་ཡན་སྨྱོན་པའི་བློ་ཉིད་འདུལ་ན་བཟང་།།

སྲེད་པའི་འཛིན་སྟངས་ཕྲ་རགས་བཅད་ན་བཟང་།།

བློ་ཡི་ལྕོགས་ཚུལ་ཅི་ཙམ་མཐོ་ན་ཡང་།།

ང་རྒྱལ་ཝ་མོའི་རང་གཤིས་མེད་ན་བཟང་།།

ཤེས་བྱའི་གནས་ལ་བློ་གྲོས་རྒྱས་ན་བཟང་།།

དཀར་བའི་ཆོས་ལ་བློ་མིག་གཏད་ན་བཟང་།།

འདི་ཕྱིའི་ལེགས་ཚོགས་ཀུན་གྱི་རྩ་བ་ཉིད།།

དུས་དང་གཏན་དུ་ནོར་བ་མེད་ན་བཟང་།།

མངོན་མཐོའི་དོན་ལ་དོན་གཉེར་ཡོད་ན་བཟང་།།

ངེས་ལེགས་ཞིང་ལ་སེམས་པ་བསྐྱེད་ན་བཟང་།།

གང་གང་ཤེས་བྱ་རྟོགས་པའི་ཐབས་ཤེས་སུ།།

འགྱུར་མེད་སྙིང་སྟོབས་ཆེན་པོས་བསྒྲུབ་ན་བཟང་།།

ལེགས་བཤད་རིན་ཆེན་སྡུད་པར་འབད་ན་བཟང་།།

མི་ངོམས་འདོད་ཡོན་དྲན་པ་བཅད་ན་བཟང་།།

དེ་ལྟར་རྩོལ་བ་བགྱིས་ཤིང་དཔྱད་པ་ཡིས།།

བློ་རིག་འཕེལ་བའི་རྒྱུ་རྐྱེན་བསྒྲུབས་ན་བཟང་།།

ལེ་ལོ་སྙོམས་ལས་རབ་ཏུ་སྤངས་ན་བཟང་།།

ཟབ་མོའི་དོན་ལ་མངའ་དབང་བསྒྱུར་ན་བཟང་།།

ཟླ་བྲལ་མཁྱེན་ཡངས་མཁས་པའི་ཡེ་ཤེས་ལ།།

སྐྱོན་བྲལ་དག་སྣང་དད་པས་གུས་ན་བཟང་།།

                      རྩོམ་ཡིག་འདི་ནི་གཞུང་ལུགས་མཁྱེན་དཔྱོད་ཀྱི་ཀློང་བརྡོལ་བ་སློབ་དཔོན་ཀླུ་སྒྲུབ་མཆོག་གིས་མཛད་པའི་སྐྱེ་བོ་གསོ་ཐིགས་ལ་ཡང་ཡང་མཇལ་མཐར། སྨོན་པའི་རྐྱེན་བྱས་ཏེ་ཕྱི་དབེན་ནང་དབེན་གྱི་སྙུག་མིང་ཙམ་འཛིན་པ་ཟླ་བ་རྒྱལ་མཚན་ནམ་གངས་བུ་སེང་ཕྲུག  ཡང་ན་སྤྲང་ཀོག་ཏུ་འབོད་པས་བོད་རབ་རྒྱན་མེ་མོ་བྱ་ལོའི་ཆུ་སྟོད་ཟླ་བ་ཡར་ཚེས་ལ་དབེན་གནས་བཀྲ་ཤིས་ཆོས་སྡིངས་སུ་བྲིས་པ་དགེ་ལེགས་འཕེལ།
0112_6.jpg

    སྐྱེ་བ་འདི་ལ་བླངས་པའི་མགུར། 


ཕར་ལ་དགྲ་ལྟར་མཐོང་བའི་སྐྱེ་བ་འདི།།

ཚུར་ལ་གཉེན་ལྟར་སྣང་བའི་སྐྱེ་བ་འདི།།

ཀུན་རྫོབ་གཉིས་སྣང་ཁྲོད་ཀྱི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

རང་དོན་ཁོ་ནར་ཞེན་པའི་སྐྱེ་བ་འདི།།

བདེན་འཛིན་གཅོད་ཐུབ་དཀའ་བའི་སྐྱེ་བ་འདི།།

ཐབས་ཤེས་གཉིས་དང་བྲལ་བའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

རྣམ་རྟོག་ཕྲེང་ལྟར་བསྒྲིགས་པའི་སྐྱེ་བ་འདི།།

དཔྱོད་ཤེས་ཏིལ་ཙམ་དབེན་པའི་སྐྱེ་བ་འདི།།

ཉེས་དམིགས་རི་ལྟར་བརྩིགས་པའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

འདོད་པའི་གདུ་བུར་བྱམས་པའི་སྐྱེ་བ་འདི།།

ཆོས་ལྡན་དོན་བྱ་ཉུང་བའི་སྐྱེ་བ་འདི།།

བློ་ལ་ལོག་ཤེས་མང་པོའི་སྐྱེ་བ་འདི།།

སྐྱེ་བ་འདི་ལན་ཆགས་མིན་ནམ་ཅི།།

སྲེད་པའི་བདག་འཛིན་མང་པོའི་སྐྱེ་བ་འདི།།

སྒྲིབ་པའི་བག་ཆགས་མཐུག་པོའི་སྐྱེ་བ་འདི།།

སྐྱོ་བའི་རི་རབ་བརྩེགས་པའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

ཆོས་མིན་ཆོས་ལྟར་དུང་བའི་སྐྱེ་བ་འདི།།

བརྩོན་པའི་རྒྱུན་ཐག་ཐུང་བའི་སྐྱེ་བ་འདི།།

དོན་ལ་དཔྱོད་ཤེས་མེད་པའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

གཞུང་ལུགས་ཐོས་བསམ་དབེན་པའི་སྐྱེ་བ་འདི།།

ཉམས་ལེན་ཚུལ་ལྡན་བྲལ་བའི་སྐྱེ་བ་འདི།།

མ་རིག་རྨོངས་པའི་སོ་ཁའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

ཟག་བཅོས་ཕུང་བོས་གྲུབ་པའི་སྐྱེ་བ་འདི།།

ལས་ཉོན་དབང་གིས་འཕངས་པའི་སྐྱེ་བ་འདི།།

སྡུག་བསྔལ་གསུམ་གྱིས་མནར་བའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

སེམས་ལ་གར་བསྒྱུར་སླ་བའི་སྐྱེ་བ་འདི།།

བེམ་ལ་འབྲལ་བསྒྱུར་དཀའ་བའི་སྐྱེ་བ་འདི།།

དོན་དམ་གནས་ལུགས་བར་གྱི་སྐྱེ་བ་འདི།།

ཟུག་རྔུའི་ཁྲོད་ཀྱི་ལན་ཆགས་མིན་ནམ་ཅི།།

རང་རྒྱུ་ཀུན་འབྱུང་ལས་བྱུང་སྐྱེ་བ་འདི།།

རང་འབྲས་སྡུག་བསྔལ་གྱིས་གྲུབ་སྐྱེ་བ་འདི།།

ཞེན་ཆགས་སྐུད་པས་བཙེམས་པའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

བྱས་བསགས་གནམ་གྱི་རྒྱལ་མོའི་བཀའ་ལུང་འདི།།

འཕྲལ་སྦྱོར་ལུས་ལ་སྨིན་པའི་སྐྱེ་བ་འདི།།

ལྡོག་མེད་བསྒྱུར་དུ་མེད་པའི་སྐྱེ་བ་འདི།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

མཛེས་རྒུའི་ཡོ་ལང་ཁྲོད་ཀྱི་སྐྱེ་བ་འདི།།

གནས་སྡོད་རྟག་ཏུ་སེམས་པའི་སྐྱེ་བ་འདི།།

རྟག་འཛིན་བློ་ལ་འབྲལ་ཐུབ་དཀའ་བ་ཉིད།།

སྐྱེ་བ་འདི་ཡི་ལན་ཆགས་མིན་ནམ་ཅི།།

སྐྱེས་དུས་ངུ་ཤུམ་ཁྲོད་ཀྱི་སྐྱེ་བ་འདི།།

རྒས་དུས་འགྱོད་ཚངས་རྟོགས་པའི་སྐྱེ་བ་འདི།།

ན་དུས་སྡུག་བསྔལ་ཀློང་གི་སྐྱེ་བ་འདི།།

འཆི་བདག་སོ་ཁའི་བར་ནས་གང་དུ་བྱོལ།།

                       སྙན་རྩོམ་འདི་ནི་གང་དྲན་ཤར་མར་སྦྱར་བར་སྤྲོ་བ། དུས་མཐའི་སྙན་ངག་པའི་མིང་ཙམ་འཛིན་པ། རྨོག་རུ་སངས་རྒྱས་རྒྱ་མཚོར་འབོད་པས་རབ་བྱུང་བདུན་པའི་མེ་མོ་བྱ་ལོའི་ཆུ་སྟོད་ཟླ་བའི་མར་ཚེས་ལ་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་བེམ་པོ་བྱ་ལ་སྦྱིན་པའི་ཡུལ་དངོས་མཐོང་འཕྲལ་དུ་ཡིད་སེམས་སྨྲེང་ནས་སྐྱོ་སྣང་རང་ལུགས་ཀྱི་ཆ་ལ་ཅུང་ཟད་གཏོགས་ཏེ་བྲིས་པ་དགེའོ།།

 

རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།