དུང་བུ་ཆོས་འབུམ་རྒྱལ་གྱི་གསར་བྲིས་སྙན་ངག་ཚན་པ་བཅུ།

587

IMG_5481.JPG

          བྱིས་པ་པང་བའི་རྒན་པོ།


ཉི་མ་ནི་ཁྱོད་ཀྱི་རྒྱབ་ལ་ནུབ་སོང་བ་ལྟར
མུན་ཇེ་རུབ་ཡིན་པ།
ང     རང་ཁྱིམ་དུ་འབྱོར་ལ་ཉེ་བ་དང་འདྲ

ཁྱོད་ཀྱིས་སུ་ལའང་སྒུག་གི་མེད་མོད
པང་གི་བྱིས་པ་ཐག་རིང་ཞིག་ན་ཡོད་པ་ལྟར
བག་ཕེབས་ངང       ཁ་རོག་གེར
ཡང་དང་ཡང་དུ་དེ་ལ་བལྟས

ཕ་ཡུལ་ལམ་འགྲམ་ན་ལུས་ཡོད་པ
ཉི་མས་བསྐྱུར་བའི་ས་སྲོས་འདི་ལྟར
འོད་སྣང་གི་ཞེན་ཆགས་མངོན་སྟངས་རིགས་ཤིག་སྟེ
སྙིང་དུ་སྡུག་པ་ལ

གསེར་མདོག་རྒྱས་པའི་རྩྭ་ཐང
ཁྱོད་ཀྱི་མི་ཚེའི་འདོད་པ་ཆོག་ཤེས་ཀྱིས་ཚིམས་ཡོད་པ་བཞིན
གསོན་ཤུགས་ཀྱི་མདངས་དང་ལྡན

སྟོན་ཟླ་འདིས       ཁྱོད་རང་རྒས་སོང་བ་ལྟར
གཏོང་ཕོད་ཀྱི་ལོ་མ་ཤག་ཤག་གཏོར་དུས

རྩི་ཤིང་གི་ལྗང་མདོག་ཕྱིར་རྩད་པར་འཐིམ་པ་བཞིན
ང་རང་ཕ་ཡུལ་ལ་ལོག

ཕ་ཡུལ་ནི
གང་དུ་ཆས་ཀྱང     ཕྱིར་ལོག་སའི་གནས་མལ་ཡིན
ཞེ་ལ་ཐོགས་ནས་སྨིན་ཐག་ཆོད་དུས
སེམས་ལ་ལྷུང་བའི་སིལ་ཏོག་དེ་ཡིན
ད་ནི་སིལ་ཏོག་དེ་ཁྱོད་རང་ཡིན་པ་དང་འདྲ་བར
ཕ་ཡུལ་གྱི་པང་ལ་ལྷུང་ནས་ཡུན་རིང་འགོར་འདུག

ལོ་ཟླས       གསང་སྟབས་ཀྱིས
ཁྱོད་ལ་གཏམ་རྒྱུད་མང་བོ་བརྗེད་དུ་འཇུག་ཅི་ཐུབ་བྱེད་པ་ལྟར
པང་གི་བྱིས་པས      ཨ་མཚར་གྱི་སྒོ་ནས
མཐོང་སྣང་གི་འཇིག་རྟེན་ལ་སྐད་ཆ་བཤད་ཤེས་བྱེད་པ་ནི
སྙིང་ཉེ་བ་ཞིག་རེད་ཨང

ཁྱོད་རང་བྱིས་པར་ཅེར་ནས་འཛུམ་དམུལ་ལེ
སྙིང་རྗེ་བའི་རྣམ་འགྱུར་ནི
རང་ཉིད་ལ་སྟོན་པ་དང་འདྲ

བྱིས་པའི་མིག་མདངས
ཁྱོད་ཀྱིས་ཕྲེང་རྡོག་རེ་རེ་ལས
འདས་དོན་གྱི་ར་རི་ཕུར་ཏེ་དག་ཏུ་བཅུག་པ་ལྟར
ཧ་ཅང་དྭངས་པས
རང་ཉིད་མཐོང་བྱུང་ངམ
རང་སེམས་ཁ་རོག་གེར་པང་དུས
ནར་སོན་གྱིན་པ་དག་ལ
བྱམས་སེམས་སྐྱེས་ཡོང་ངམ

ཁྱོད་ཀྱི་བསྔོ་སྨོན་གྱི་རྒྱུན་ལ་འཇགས་པ་མེད་པ་ལྟར
འཕྲུལ་ཆས་ཀྱི་འགྲོ་འོང་མཚམས་མི་ཆད
རླངས་འཁོར་མང་བོ་གཅིག་རྗེས་གཉིས་མཐུད་ངང་རྒྱུག་དུས
ཁྱོད་ཀྱིས་རང་ཉིད་གང་ཞིག་ལ་སླེབས་པ་ཚོར་འོང

ཁྱོད       རང་མལ་ལ་ལོག་རན་པ་ལྟར
མཚན་མོ་ཡང་བསྐྱར་སླེབས་བྱུང
རྒས་པའི་ལུས་རྟེན་གྱིས་ཟག་བཅས་ཀྱི་ཕུང་པོ་རྣམ་ལྔ
ཆར་ཆུ་ལྟར་མ་ཚོགས་པར
དགེ་སྡིག་གི་རི་མོ
ཚེ་རབས་དུ་མའི་རླུང་ལ་འདྲེས་སོང་བ་བཞིན
ང་ཚོ་གཉིད་དུ་ཡུར་ཐེངས་ཤིག་ལ
རྨི་ལམ་གྱི་ཨུ་ཚུགས་ལྡོག་མ་ཐུབ་པ་ལྟར
སད་རྒྱུ་མེད་ཀྱང་སྲིད

ང་ནི་རླངས་འཁོར་གྱི་བཞུར་རྒྱུན་གྱིས་འཁུར་དུས་འདིར
ཡོད་ཚད་ཁྱོད་ཀྱི་ཕྱོགས་སུ་ཆས་ཀྱིན་པ་དང་འདྲ་བྱུང་། །


               
                                ༢༠༡༦ལོའི་ཟླ་བརྒྱད་པར་ཕ་ཡུལ་ལ་ལོག་པའི་ལམ་བར་ནས་མཐོང་སྣང་ཕྲན་བུ་ཞིག་གིས་རྐྱེན་བྱས་ཏེ་སྙན་ངག་འདི་ཡོངས་སུ་བློས་བསླངས་བྱས་ཚར་ནའང་ད་བར་དུ་ཡིག་ངོས་སུ་ཕབ་མ་ཐུབ་པར་ལུས་པས། ༢༠༡༧ལོའི་ཟླ༥ཚེས༢༣ནས་༢༥རིང་ལ་ཡོངས་སུ་གྲུབ་པར་བྱས་པ་དགེའོ།།

IMG_0764.JPG

               ཟླ་བ།


ཟླ་བ་སྨིན་མ་ལྟར་ཕྲ་དུས

བརྩེ་དུངས་ནི་ཞར་བ་མིག་མེད་ཅིག

སུ་ལ་ཐུག་ན

དེ་ཡི་ཞལ་རས་ལང་ཚོས་རྫོགས་ཡོད

སྣང་བ་ཟླ་གམ་ལྟར

གྱེན་དུ་བསླངས་ན

ཡང་དང་ཡང་དུ

མོའི་ཕྱོགས་སུ་ཤོར་འགྲོ་དུས

རང་ཉིད་ཀྱི་ཕྱེད་ཀ་གཞན་གྱི་ལུས་ནས་རྙེད་བྱུང་ངམ

ཟླ་བ་མེ་ལོང་ལྟར

སྒོར་ཞིང་གསལ་དུས

ཁྱོད་ནི

ནམ་མཁའ་སྔོན་མོས

ཡུལ་གཅིག་ལ་སྤུང་མ་ཐུབ་པའི་སྐར་མ་ཞིག་ལྟར

ཁེར་རྐྱང་ངང་འཚེར

སྐར་འོད་ཆེམ་ཆེམ་འཕྲོས་ནའང

སེམས་ཀྱི་མཚན་ལྗོངས་སུ

སྨག་ཧ་ཅང་སྟུག་གམ།

                   ༢༠༡༧ ༠༧ ༣༡

IMG_5352.JPG

          ཁྱོད་རང་གང་ན་ཡོད། 


སྐད་ཆ་བཤད་དུས

ཁྱོད་ནི་རང་ལུས་ཀྱི་ནགས་ཚལ་ལ་མ་ཤོང་བའི་སེང་གེ་ཞིག

གཙང་བོ་ལ་ཟམ་པ་མི་དགོས་པ་ལྟར

ཕ་རོལ་ལ་འབྱོར་བྱུང་ངམ

ཡུད་ཙམ་ལ་ཁ་རོག་གེར་འདུག་དུས

ཁྱོད་ནི་ལྗོན་ཤིང་གི་གསེབ་ན་ནུབ་པའི་རྡོ་སེང་གེ་ལྟར

ནགས་ཚལ་འདིར་བཙལ་ཡང་རྙེད་དཀའ

ཁྱོད་རང་གང་ན་ཡོད། 

                    ༢༠༡༧ ༠༩ ༠༦

IMG_0761.JPG

             ནམ་མཁའ་དང་ས་གཞི། 


ནམ་མཁའ་ནི

སྡེར་མ་སྔོན་པོ་ཞིག་ཁ་སྦུབས་ཡོད་པ་དང་འདྲ

ཆར་ཆུ་གཞན་གྱི་བཀོད་པ་ཡིན

བསམ་བློ་མ་བཏང་སྔོན་དུ

ཀླད་པའི་ནང་ལ་དྲན་ཚུལ་ཞིག་འཁོར་ཡོང

ཉི་མ་གཞན་གྱི་མིག་འབྲས་ཡིན

རྗེས་སུ་གྲིབ་རིས་ཀྱི་རྙི་རྒྱ་དྲུད་ཡོད

རི་བོའི་བརྟན་བརླིང་ནི

དོན་དག་ཅིག་གསང་ཡོད་པ་དང་འདྲ

ཆུ་མོའི་བཞུར་རྒྱུན་ནི

འགྲེལ་བཤད་ལ་བཤོལ་གྱིན་པ་དང་འདྲ

ཤག་གེར   འཚུབ་བེར

ཡོད་ཚད་ལ་དོགས་ཟོན་བྱེད་པ་ལྟར

གནས་འདི་ནས     

མི་དག་ཕན་ཚུན་ལ་འདྲོགས་ནས་རྒྱང་དུ་བྲོས་ནའང

ལག་མཐིལ་ལྟ་བུའི་ས་གཞི་ཡིས

སྡེར་མ་སྔོན་པོ་དེའི་ཁ་བཅད་ཡོད་པ་ལྟར

ཕྱི་ལ་མ་བུད། 

                          ༢༠༡༧ ༠༩ ༢༩

IMG_6748.JPG

            མིག་ཆུ།

 

ཁྱོད་ཀྱི་མིག་ཆུ་ནི

དེ་རིང་གི་ཆར་བ་འདིས་བསླུས་པ་ལྟར

སེམས་ཀྱི་ཕྱི་ལ་བུད

རྒྱབ་གཟུགས་དེ

བརླན་ཤིག་ཤིག

སྨུག་པར་འཐིམ་པ་ན

ཆར་ཐིགས་གཅིག་གིས

སྣང་བའི་མཚོ་མོ་འཁྱག་སིབ་བེར་བཏང་བྱུང་ངམ།

                                  ༢༠༡༧ ༡༠ ༠༩

IMG_6767.JPG

          གནམ་གཤིས།


ཉི་མ་ནི

བློ་རྩེ་གཅིག་གིས་དོགས་ཟོན་བྱས་ཡོད་པ་དང་འདྲ

འོད་ལམ་ལམ

ནམ་མཁའ་གང་ན

སྤྲིན་པ་མུར་ནས

ཁུ་སིམ་མེར

སྡུག་བསྔལ་སྔོན་པོ་ཞིག་སྲན་གྱིན་ཡོད་དམ། 

                           ༢༠༡༧ ༡༠ ༢༦ 

IMG_6813.JPG

        ཐག་སྒྲ་གྱེས་པ།

ཐག

གློ་བུར་དུ

མཁའ་དབུགས་ནི་སྲ་གཟུགས་སུ་གྲུབ་པ་དང་འདྲ

སྒོ་བརྒྱབ་པ་ལྟར

སོ་སོ

སེམས་ཀྱི་ཁང་སྟོང་ལ་ལྟིག་གེར་ལྷུང

ཕྱི་རོལ་གྱི་ལྷིང་འཇགས་ནི

ཆུ་དྭངས་པ་ལྟར

རྒྱང་ལ་ཁྱབ

ཁྱོད་རང་གམ་དུ་ཡོད་པ་མ་ཡིན་ནམ

སྐད་ཅིག་ཙམ་ལ་བརྗེད་པར་གྱུར་འདུག

ཐག

འགྱུར་ལྡོག་ཅི་ཡང་བྱུང་མེད་པ་འདྲ

ཐག་ཐག

ཐག་ཐག

་་་་་་

                            ༢༠༡༧ ༡༠ ༢༦

IMG_0749.JPG

        ཡབ་གཞིས་སྟག་མཚེར།

 

ན་རོ་འཕུར་རྗེས་ཀྱི་བོད

སེམས་ལ་ཆགས་པའི་བད་ཡིན

ས་གཞི་བད་ཀྱིས་བཟུང་བ་དང་འདྲ

ནམ་ཟླ་འདི་འཁྱག་པ་ལ

ནམ་མཁར་ཅེར་ན

སྤྲིན་པ་ལྗིད་དྲགས་པ་ལྟར

ནག་འཐིབ་བེར

ཁ་བ་འབབ་ལ་ཉེ

སྐད་སྒྲ་ཡོད་ཚད

མཁའ་དབུགས་ལས་དཀག་སོང་བ་ལྟར

རི་རབ་དང་ཁང་ཁྱིམ་ཁུ་སིམ་མེར

རླུང་གིས་བསྐྱུར་བ་ལྟར

གྲགས་འགུལ་ཅི་ཡང་མི་འདུག

མཆོད་མེའི་མེ་ལྕེས   དལ་བ་དལ་བུར

དགུན་གྱི་སྲ་མཁྲེགས་སྲོ་བ་ལྟར

གཡོ་ཙམ་བྱེད

པར་རིས་དག་ན

ཤེས་རབ་ཀྱི་ངག་བསྡམས་འདུག

སྙིང་རྗེ་ཡི་མིག་མདངས་ནི

གྱེས་བྲལ་གྱི་སྣེ་མོ་ནས

ལག་པ་ཚུར་བསྲིངས་པ་དང་འདྲ་བྱུང་།  

                                 ༢༠༡༦ལོའི་ཟླ་དྲུག་པར་བྲིས། 
                                   ༢༠༡༧ ལོའི་ཟླ་དགུ་བར་གྲུབ། 

31.jpg

               རྒུད་པ།


སྐད་ཆ་དང་རྣམ་འགྱུར་ཡོད་ཚད

གནས་སྤར་བ་ལྟར

གྲིབ་མའི་ཁྲོད་དུ་བསྐུངས

མི་གཞན་གྱི་མདུན་དུ

ཁྱོད་རང་དབུགས་བཏུམས་ལ་བཅུག་པ་ལྟར་ཁ་རོག་གེར་བསྡད

རྗེས་སུ་དྲུད་པའི་གྲིབ་མ་ལྗིད་དྲགས་པས

ལུས་ཀྱི་མགོ་བོ   རང་སྲོག་བཅད་པ་ལྟར

ངལ་དུབ་ཀྱིས་ཞུ་སོང

གྲིབ་མའི་ཁྲོད་ཀྱི་སྐད་ཆས་ཁ་གདངས་པ་ན

ཚིག་འབྲུ་རེ་རེས

ཁྱོད་རང་ཁུག་སྟོང་ཞིག་ལྟར་བཙེམས་ཚར།

                        ༢༠༡༧  ༠༣ ༡༥

IMG_1553.JPG

             ཆུང་མར་ཕུལ་བ།


འུ་གཉིས་ནི

ཕན་ཚུན་གྱི་དགའ་སྐྱོ

སེམས་ལ་འཇགས་ནས

ཡུན་གྱིས

གཞི་གཅིག་ཏུ་འདྲེས་སོང་བ་ལྟར

སྨྲ་བ་ཅི་ཡང་མེད་ནའང

ཁྱོད་ནི་དེ་འདྲའི་སྙིང་ལ་ཉེ་བ་ཞིག

སྐད་ཆ་རེ་རེའང་དེ་འདྲའི་གཏིང་ལོན་པ་ཞིག

ཁྱོད་རང་ངའི་མཐོང་ལམ་ནས་ཡལ་བ་མེད་པར

འཛུམ་ཞིང་བགད་ཡོད་པས

ང་རང་ཁ་རོག་གེར་བསྡད་ནས

འགྲེལ་བཤད་ཡོད་ཚད་སེམས་ཀྱིས་མྱང་ཚར

ཁྱོད་ནི་དེ་འདྲའི་བབ་ཆགས་པ་ཞིག

རང་གཤིས་ལ་ངེས་ཟིན་ཐོབ་པ་ལྟར

བྱ་བྱེད་རེ་རེའང

ང་ཡི་བློ་ལ་རན་པ་ཞིག

ཁྱོད་རང

དལ་བ་དལ་བུར

ང་ཡི་སེམས་ལ་ལོག་བྱུང

མེ་ཏོག་གི་རི་མོ

ཚོན་གྱིས་སྤྲས་པ་ལྟར

སྐབས་འདིར

དངོས་ཡོད་ཀྱི་དབྱར་ཁ་སྙིང་དུ་སྡུག

ཆར་ཐིགས་རེ་རེའང

ཁྱོད་ཀྱིས་འོ་བྱེད་པ་ལྟར

ལུས་ལ་སིམ་འོང

ངའི་ཚེ་སྲོག་གི་ས་གཞི་ནེམ་གྱིས་བཟུང་ཡོད

འུ་གཉིས

སྐྱིད་སྡུག་གི་སྣེ་གཉིས་ནས་ཆས་ཏེ

ཁྱིམ་གཅིག་ཏུ་འཛོམས་པས

དགོད་སྒྲ་དང་མིག་ཆུ་འང

སྣང་ཚུལ་གཞན་ཞིག་སྟེ

སྡུག་བསྔལ་མཐའ་དག་གི་བྲོ་བའང་འགྱུར་ཟིན

མཇུག་མཐར

ཁེར་རྐྱང་གིས་བཞུད་འགྲོ་དུས་ཀྱང

འཇིག་རྟེན་འདི་ཡིད་དུ་འོང་བ་ཞིག་ཅི་ལ་མིན

ཁྱོད་དང་འཕྲད་པ་ན

གཏམ་རྒྱུད་ཅིག་འཐུས་ཚང་དུ་གྱུར་བ་ལྟར

ཕྱིར་དྲན་རེ་རེ་ཡིད་ལ་འབབ་པ་ཞིག

ལོ་དང་ཟླ་བ

ཚགས་ཇེ་དམ་དུ་གྱུར་ནས

སྣང་བརྙན་གང་མང་མང་ཞིག

སེམས་ལ་བསྐྱིལ་འོང

ངའི་གཟུགས་བརྙན་ཡར་ཡོར་ལ

ཁྱོད་ཀྱི་གྲིབ་རིས་ཤིག་ཤིག

ཚུར་ལ་ཕེབས་བྱུང

ཁྱོད་ནི་ཕལ་བ་ཕལ་བ

ཆུ་དང་འདྲ་བར

ངའི་ཁྲག་རྒྱུན་ལ་ཐིམ་ཡོད

ཞིབ་ཏུ་ཉན་དུས

འཇིག་རྟེན་ནི

འུ་གཉིས་ཀྱི་བྲང་གཞུང་ན

གསང་བ་ཅི་ཡང་མེད་པར

ཆགས་སྡང་གིས་འགུལ་ནའང

དྭངས་གཙང་གིས་ཆགས་ཡོད།

                          ༢༠༡༧   ༠༩  ༢

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཟན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།