ཐོ་རེངས་ཀྱི་གསར་བྲིས་སྙན་ངག《ཁྭ་ཏའི་ཚོམས》ཞེས་པ།

733

4416604421_00bffa514f_b (1).jpg

     ༡ ང་རང་འཁྲིད་མཁན།


ང་རང

ཁྱི་ལྟར་འཁྲིད་མཁན་གཉིས་ཡོད་དེ

གཅིག་ནི་ལམ་ལུགས་དང

གཅིག་ནི་སེམས་པའོ།


     ༢ ཁེར་ལབ།


ཕྱིར་འོང་མེད་པ་ཡོད་ཚད

རྨ་བྱའི་སྒྲོ་མདོངས ཟ་འོག་གི་རི་མོ་ཉིད

ལམ་ནི་མི་སྙོམས་ཏེ

ཕེབས་ཟིན་པ་ཚོར་གུས་འདུད་ཞུ།


        ༣ གཅིག་པུར་སྡོད་དུས།


མགོ་ཐོག་ལ་ཡང་ཡང་ལྟ

ས་གཞི་ལ་ཡང་ཡང་ལྟ

ནམ་མཁའ་མིག་གིས་མ་ཟིན

ས་གཞི་རྐང་བས་མ་གཞལ

ཆགས་སྡང་གིས་བཏེགས་ཚར་འདུག

དོན་སྙིང་གིས་སྟོང་འདུག


    ༤ ཨུ་ཚུགས་དང་འགྲེལ་བཤད།


གསེར་དེ

མི་སེམས་ཀྱིས་གསེར་དུ་བསྒྱུར

རྡོ་དེའང

མི་སེམས་ཀྱིས་རྡོ་རུ་བསྒྱུར

དེ་ལྟར་ནའང

གསེར་ནི་གསེར་དུ་མི་བལྟའོ

རྡོ་ཡང་རྡོ་རུ་མི་འཛིན་ནོ།


    ༥ ནམ་གུང་གི་ཆང་གཏམ།


ཁྱད་གསོད་བྱེད་མཁན་ལ་སྡང་དོན་མེད

ལེགས་སོ་ཟེར་མཁན་ཐམས་ཅད་འཁྲིད་ཤོག

མགོ་ཐོག་ན་ཉི་མ་གཅིག་མ་གཏོགས་མེད

ཁོ་ཚོས་ཉི་མ་གཞན་ཞིག་གང་ནས་འཁྱེར་འོང་བ་རེད

དུས་རབས་ལ་གསར་རྙིང་ཡོད་པ་བདེན་དུ་འཆུག

མི་སེམས་ལ་ལེགས་ཉེས་མེད་པ་འདི་ཅི།


           ༦ ཁྭ་ཏ།


“ས་གཞི་ཆེ་ནའང

ཁྱེད་ལ་ཕ་ཡུལ་ཞེས་རྙེད་རྒྱུ་མེད”

བདེ་ཐང་གིས་ཕྱུག་པའི་དུས་རབས་འདི་ལ

ཁྱེད་ཁང་ཀླད་དུ་བབས་པའང་ནག་ཉེས་ཡིན

མི་རྣམས་ཤིན་ཏུ་གླེན་དྲག་པས

ཁྱེད་ཀྱིས་འཆད་པའི་གཏམ་རྒྱུད་ལ་ཨ་ལན་བྲལ

ནག་པོ ནག་པོ

                                 ༢༠༡༧/༡༡/༡༧ 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཟན་གྱིས་དགོལ་བར་མི་བྱའོ།།    

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།