རབ་རྟོག་མིན་པའི་སེམས་འགྱུ་ལང་ལོང་ཁྲོད་ཀྱི་ལྷ་ས།(སྙན་ཚོམ།)

405

 

རྩོམ་པ་པོ།  ལྡོང་ལུག་རྫི།    

 

22404327_1570469429677218_2075314941_o.jpg

དང་པོ། ཡང་བསྐྱར་ལྷ་སར་ཆས་པའི་སྟ་གོན་སྒྲིག་ཚུལ།


ངས་ཉི་མ་ཤར་ཕྱོགས་ལ་ཁ་གཏད་དེ
རྒྱབ་ནུབ་ཏུ་ཁེན་ནས་ཉི་མ་ལྷ་ས་དྲན
སྡིག་སྒྲིབ་ཀྱིས་སོག་འདབས་ཁེབས་པའི་སྐྲ་ལོ་རིང་བོ
གོམ་པས་ཁུར་ནས་ལམ་ལ་ཆས་ཀྱིན་ཡོད
ཆུང་དུས་ཕ་ལགས་ཀྱི་གསོལ་འདེབས་ལས་རྣ་ཐོས་ཡོད་མྱོང་བའི
མ་ལགས་ཀྱི་སེན་བར་ནས་ཕྲེང་རྡོག་ལ་བརྒྱུས་མྱོང་ཡོད་པའི
སྟོད་ཉི་མ་ལྷ་སའི་ཚིག་འབྲུ་བཞི་བོས
ངའི་དུས་ཚིགས་བཞི་བོ་རེས་མོས་ཀྱིས་འཚོས་མྱོང

ད་ནི་མཆོད་ཁྲིའི་མདུན་དུ་མཆོད་མེ་ཁ་ཤས
ཕ་མ་བཞིན་ལྷུག་ལྷུག་འཛུམ་བཞིན་འདུག
ངས་མིག་ཆུས་རུས་ཐལ་ཁུར་ནས
ཉི་མ་ལྷ་སར་བཞུར་གྱིན་འདུག
སེམས་ཀྱི་བྲང་ལ་ལག་པ་འཇོག་དུས
མཆོད་སྡོང་དུ་ཟེའུ་འབྲུ་སྨིན་འདུག
ལྷ་སའི་ཇོ་བོ་ཞེ་ལ་ཡང་ཡང་འཁོར

སྟོན་ལོ་འཐོར་ནས་རིང་བོ་མ་སོང་བར
ས་གཞི་འཁྱག་གིས་སྡོམ་ལ་ཉེ་སྐབས
ངའི་ཞེ་ཁོང་འདི་དོག་པས་ལན་ནམ
ཤ་དྲོད་ཡལ་ནས་སེམས་པ་འདི་ཧ་ཅང་འཁྱག
ཉི་མ་ལྷ་ས་ཉི་མ་དང་ཉེ་བ་བདེན་ན
ངའི་གློ་སྙིང་མཆིན་གསུམ་དྲོད་ཀྱིས་སོས་པར་ཤོག

མར་མེ་འོད་ངོགས་ཀྱི་ཇོ་བོ་རང་བྱོན
རྐང་བ་ཐོགས་ཙམ་ནས་ཁྱེད་ལ་ཕྱོགས་པའི
སེན་རྡོག་ཟད་རག་བར་ཡིག་དྲུག་ཟློ་བའི
དྲན་པ་མ་ཉམས་གོང་གསོལ་བ་བཏབ་པའི
འདས་པོ་ཕ་མ་གཉིས་ཁྱེད་ལ་བཅར་ཚུལ་འདི
ང་ད་ཐེངས་ཁྱེད་ཀྱི་པང་ལ་མགོ་བོ་བསྙེས་ཚུལ་ཡིན
ཕྱིར་ཕ་ཤུལ་བུ་ཡིས་འཛིན་ཚུལ་ཀྱང་ཡིན

ཁྱེད་ཀྱི་སྙིང་ཁར་གླན་པའི་ཕྱག་གི་རི་མོ
ཉི་མ་བཞིན་གསལ་བར་ཡོང་དགོས
ཁྱེད་ཀྱི་སྙན་ལ་བསྒྲོན་པའི་མ་མཐའི་སྐད་ཆ
ཁ་བཏོན་བཞིན་ཡང་ཡང་སྐྱོར་དགོས

དེ་རིང་ངས་བུ་ཕྲུག་གཉིས་ལག་མགོར་ཁྲིད་དེ
མདོ་སྨད་ཁྲི་ཀའི་ཇོ་བོར་མགོ་བོ་ལན་གསུམ་བསྒུར་ནས
ལྷ་སའི་ཇོ་བོར་ཆས་ཀྱིན་ཡོད

                  ༢༠༡༧ལོའི་ཟླ་༩བའི་ཚེས་༣༠ཉིན།

22447110_1570469349677226_2048109173_n.jpg

གཉིས་པ།  གཏེར་ལེན་ཁའི་དྲན་སྣང་གྱ་མ་གྱུ།


ཐམ་ཀ་ཁུར་བའི་ཤོག་ལྷེ་གཅིག་ལག་ཏུ་བཙུར་ནས
སྲིང་ཆུང་ཁྱོ་ཤུག་གཉིས་ཀྱིས་ལམ་འཇུག་བྱས་པའི
མར་རྩམ་དང་མཆོད་མར  
བསང་རྩི་རྒྱབ་ཏུ་ཁུར་ནས་ཕ་ཡུལ་དང་ལྟེ་ཐག་བཅད་ཟིན

མེ་འཁོར་འདི་ཞེ་སྡང་དང་བཅས
མཚོ་སྔོན་པོའི་སྲིབ་ཐང་བརྒྱུད་དེ
ས་ཤུན་མེད་པ་དག་གི་བྲང་གཞུང་གཤགས་ནས
མདོག་ཡལ་བའི་ནོར་ལུག་ཐར་ཐོར་འགའ
མིག་ལ་ཐོགས་ཙམ་གྱིས་རྗེས་སུ་གཡུགས་ཏེ
ད་ནི་གཏེར་ལེན་ཁར་ཐོན་ཟིན

སྒམ་ཆུང་གྲུ་བཞི་འདི་དལ་གྱིས་འགུལ་ཚེ
གཡས་ལོག་གཡོན་ཉལ་བྱས་པའི་མི་རྣམས
ཕར་བལྟས་ཚོད་ཀྱིས་རྨི་ལམ་ཀྱང་རྨི་ཤེས་ཚོད་མ་རེད
ཕན་ཚུན་གྱི་ངོ་ལ་བལྟས་ནས་ཡུན་ཙམ་འགོར་མོད
ངོ་ལ་སྡུག་རྐྱལ་བ་གང་བཟུང་ནས་སྨྲ་ལྕེ་ཆད་འདུག
ཕྱི་རོལ་ལ་མིག་དབང་གཡར་དུས
བྱེ་ཐང་གིས་ཁེབས་པའི་ཡུལ་ལྗོངས་སྐྱ་བོར་ཆགས་འདུག

ས་འདི་ནས
ཧེ་ཙིས་མིའི་རིགས་མི་བསམ་པར
ཁྱོད་ཁོ་ནར་བསམ་པའང་ཁག་མི་འདུག
དེ་ལྟར་སྙན་ངག་དུམ་བུ་ཞིག
དུས་ཚོད་ཀྱི་སྣེ་མོར་དྲུབས
ཁབ་མིག་ལ་སྐུད་སྣེ་དྲངས་ཏེ
མུ་མཐུད་ས་ཤུན་བཙེམས་ཤིང་ནུར

             ༢༠༡༧ལོའི་ཟླ་༩ཚེས༣༠ཉིན་ལྷ་སར་བསྐྱོད་པའི་ས་ཚིགས་གཏེར་ལེན་ཁའི་མེ་འཁོར་འབབ་ཚིགས་ནས་ཤར་མར་སྦྱར།

22407516_1570469206343907_1584560418_n.jpg

གསུམ་པ།  ན་གོར་མོའི་མཐོང་ཐོས་དྲན་རེག

ལག་མཐིལ་གྱི་རི་མོ་ལྷ་སར་འཐེན་པ་ནས
རྟེན་འབྲེལ་གྱི་མགོ་སྔ་ས་ནས་བསྒྲིགས་ཡོད
རྟ་གོང་ལ་ལོབས་པའི་འབྲོག་པ་ཞིག
མེ་འཁོར་ལ་བསྡད་ནས་སོང་གིན་སོང་གིན
དངངས་འཚབ་དང་བཅས་གཞི་ནས་ན་གོར་མོར་ཐོན་བཞག

དབྱར་ཁར་ཚ་གདུག་གིས་མནར་ཞིང
དགུན་ཁར་གྲང་རླུང་གིས་གཙེས་པས་ལན་པ་འདྲ
ངོ་ལྐོག་གཉིས་ཀྱི་ཤུན་པ་བཀོགས་ནས
ཐ་ན  བྱ་དང་བྱེའུས་ཀྱང་དབུགས་མ་ལོན་པར
གཤོག་པ་བསྣར་ནས་འཕུར་རྩལ་ཉམས་འདུག
དམར་དམག་གཅིག་པུར་སྦྱོང་བརྡར་ཐོབ་ནས
གནས་འདིར་ས་ལོབས་ཆུ་ལོབས་སུ་སོང་ཡོད་སྐད
མེ་སྒྱོགས་འགའི་ཁ་གནམ་ལ་གཏད་དེ
རྩུབ་ཏུ་དམག་ལ་ལྗང་སེར་གྱོན་པ་དག་རྒྱུ་བཞིན་འདུག

ཆར་ཐིགས་ཙམ་གྱིས་བརླན་མ་མྱོང་བ་འདྲ་བའི
རྩྭ་རྐང་གཅིག་ཀྱང་སྐྱེས་ས་མེད་པར་སྣང་བའི
བྱེ་ཐང་སྒོ་མེད་འདི་ནས
མི་བུ་ཞིག་ཡིད་ལ་དྲན་སོང
ལྷ་ས་ནས་ན་གོར་མོ་བར་རྒྱུགས་འདུར་རྒོད་པའི
སྐྲ་ལོ་ལྟག་རྒྱབ་ནས་མདུད་པའི་རྒུ་རུ་བ་རྡོ་ཟེར་བ་ཞིག
བྱེ་རྡུལ་གྱི་ཀློང་ནས་ཡར་ལངས་པ་མིག་ལམ་ལ་ཤར
ཆང་སྐྱོན་ཨེན་ཙམ་གྱིས
ས་འདི་གའི་མིད་ཐག་བསྐགས་ནས
ཁ་ནང་ནས་ཆང་སྐྱུག་ཏུ་བཅུག་པས
རློན་ཐིགས་ཙམ་པོ་དེས་ཀྱང
མེ་ཏོག་གཅིག་གཉིས་ཀྱི་ས་བོན་བསྐྲུན་ཡོད་ཚོད་རེད

ས་རུབ་ནས་སྔ་གཞུག་མི་རིག་མོད
མུན་ནག་ལ་ལག་སྙོབ་བྱས་ཏེ
མེ་འཁོར་འདིས་ཞེ་སྡང་གི་ཁར་ཞེ་སྡང་བསྣན་ནས
མུ་ནས་མུ་རུ་མདུན་ཐད་ཀྱི་ཐང་གཞུང་ལྟེབ་ཀྱིན་བྲེལ

                ༢༠༡༧ལོའི་ཟླ༩བའི་ཚེས་༣༠ཉིན་དབུས་ལམ་གྱི་ན་གོར་མོ་ས་ཚིགས་ནས་ཤར་མར་སྦྱར།

22407591_1570482809675880_1129171163_n.jpg

བཞི་པ།  སྨག་འོག་ཏུ་དཔྱངས་པའི་དབུས་ལམ།


ཟླ་ངོགས་སུ
ཆེ་ཆུང་མི་འདྲ་བའི་རི་སྒང་དག
མག་མོག་ངང་འགུལ་གྱིན་འདུག
སྐར་མ་ཁ་ཤས
ཟླ་བའི་རྣ་ལོང་གི་ནང་དུ་ལྷེམ་ལྷེམ་འཚེར
ཏག་ཏག་དུས་ཚོད་འདིའི་ནང
ཨ་ཆེན་གངས་རྒྱབ་བརྒལ་སྐབས
གཙོད་ཟེར་བའི་རི་དྭགས་དེའི་བློ་ཁ་བདེ་ག་ལ་མྱོང
དུག་སྦྲུལ་ལྟ་བུ་འདིའི་ངར་ཞགས་ཀྱིས
ཚེ་སྲོག་གི་དར་སྐུད་ཕྲ་མོ་འཕྲེད་ཀྱིས་བཅད་པ་ཉུང་ཉུང་མིན

ལམ་ངོགས་སུ
རིན་ཐང་མི་གཅིག་པའི་རྣམ་ཤེས་དག
རེ་རེ་བཞིན་རྐང་འོག་ཏུ་གཅིར་གྱིན་འདུག
མི་ཁ་ཤས
འཁོར་སྒྲོམ་གྱི་ནང་དུ་གཉིད་བསོར་མོ་ཡུར་འདུག
ཏག་ཏག་དུས་ཚོད་འདིའི་ནང་དུ
གདང་ལ་རི་བོ་བརྒྱུད་སྐབས
འབྲོང་ཟེར་བའི་སྣ་ལོ་མེད་པའི་ཁ་དྭ་དེའི
རྭ་རྩེ་རྟུལ་ག་ལ་མྱོང
སེམས་ཁུར་རྭ་བར་ལ་ཁུར་ནས
ཨ་མ་གསོད་པའི་ལག་དམར་དེར
ཉིན་མཚན་བརྩེགས་ནས་སྒུག་བསྡད་ཡོད་ངེས

ཡང་གཅིག་བསམ་ན
ལན་ཆགས་ཀྱི་སྡིག་སྒྲིབ་མཆིན་ཁར་གླན་པའི
མེ་མདའ་ཐོགས་པའི་ཇག་པ་འགའ
མཚན་ལམ་དུ་བསྐོངས་ནས
ཁིས་ཁ་དེར་ཅེར་ཏེ་བསྡད་ཡོད་མེད
ངའི་སེམས་ཁུར་ལྷག་མར་གྱུར་མོད
ནམ་ཕྱེད་བརྒལ་རག་བར
གཉིད་ཐུན་ཞིག་བླངས་མ་སོང

དབུས་ཀྱི་མཚན་ལམ་རུམ་ནས
ང་ཁྱེད་ལ་བསྙེགས་ཀྱིན་ཡོད
ཇོ་བོ་ལགས   རིན་པོ་ཆེ

            ༢༠༡༧ལོའི་ཟླ་བཅུ་བའི་ཚེས་༡ཉིན་དབུས་ལམ་གྱི་མཚན་མོར་སྦྱར།


ལྔ་པ།  འདམ་གཞུང་སོགས་བརྒལ་བ།

ནོར་ལུག་མང་པོ་འདུག
ར་མ་ཁ་ཤས་ཀྱང་ཡོད
རིག་མ་མྱོང་བའི་ཁང་བ་འདུག
ཁང་ཀླད་ན་བཙུགས་ཡོད་པ་དེ
ང་ཚོ་སློབ་གྲྭའི་ནང་གི་དར་དམར་དང་འདྲ་བོ་འདུག
ཨ་ཕ་ཡར་ལོངས་ཡ་ཟེར
དེ་ནི་བུ་ཆུང་གི་མཐོང་ཐོས་རེད

དགུང་གྲངས་ཅུང་མཐོ་བའི་མིག་དབང་ཕྱི་ལ་གཡེང
ཉི་མ་ནི་ལྷོད་ལྷོད་ཀྱིས་ལ་དང་ལུང་ལ་ཤར་ཚར
སའི་ཆགས་དབྱིབས་ནི
ངའི་ཕ་ཡུལ་གྱི་དབྱར་ས་དང་འདྲ་བོ་འདུག་ཨང
རྩྭ་ཆུ་དང་ནོར་ལུག་གཉིས་ཁ་སྤྲོད་དུ་གནས
རྫི་བོ་རེ་འགས་རྡོ་བ་བརྩིགས་ནས་ཟོག་ར་ལས་བཞིན་འདུག
མེ་འཁོར་གྱི་འུར་སྒྲ་སོགས་རྣ་ལ་བྱང་ཡོད་ཚོད་འདུག
གཅིག་གིས་ཀྱང་མགོ་བོ་ཚུར་ལ་མ་འཁོར

ནང་གི་འགྲུལ་བ་དག་གིས
རང་རང་གི་ཅ་ལག་ལ་བསྡུ་གསོག་རྒྱག་པར་བལྟས་ན
ཕལ་ཆེར་ལྷ་སར་ཐོན་གྲབས་ཡོད
སྐབས་དེར་ལྷ་སར་གནས་བཅས་ཡོད་པའི
གྲོགས་དང་གྲོགས་མོ་རེ་གཉིས་ཀྱིས
གྲོགས་གཅེས་གང་དུ་ཐོན་ཡོད་ཟེར
ཕྱིར་ལན་འདེབས་བསམ་དུས་བརྡ་རྟགས་མི་འདུག

ཉིན་སྣེར་མཚན་མཐུད་དེ
ཁ་རླངས་དང་ཁ་རླངས་འདྲེས་པའི་ཉིན་ཞག་འདི
རེ་ཞིག་མཇུག་བསྡུས
འཁོར་སྒམ་གཅིག་ཏུ་ཁེལ་བའི་ལམ་གྲོགས་བཞིས
ཕན་ཚུན་ལ་བདེ་མོ་ཞུ་སྐབས
ངས་ཕ་སྐད་ཀྱིས་བཀྲ་ཤིས་བདེ་ལེགས་ཁ་ནས་ཤོར
ཁོ་མོ་ཚོས་ཀྱང་གོ་ཡོད་པ་འདྲ
ཞེ་ཞེ་དང་བཀའ་དྲིན་ཆེ་མཉམ་དུ་སློག

ཇོ་བོ་ལགས   ཇོ་བོ་ལགས
ང་ཁྱེད་ཀྱི་ཉེ་བར་ཇི་ལྟར་བཅར་ན
སེམས་པ་འདི་དེ་ལྟར་སྨྲེང་དོན་ག་རེ

༢༠༡༧ལོའི་ཟླ༡༠ཚེས་༡ཉིན་ལྷ་སར་ཐོན་ཁར་སྦྱར།


དྲུག་པ།  བར་སྐོར་ནས་སེམས་ལ་བཙངས་རྒྱག་སྤྲད་ནས་ཡོང་བ་དེ་དག

སྒོ་ཆེ་ཆུང་གཉིས་ཀྱི་སྔོག་བཤེར་བརྒྱུད་དེ
སེམས་པ་འདི་གོམ་ཁའི་སྔོན་དུ་ཤོར་ནས
ཇོ་ཁང་དུ་ལྷགས་དུས
ཁ་སང་དེ་རིང
ཇོ་བོས་རྒྱལ་སྟོན་ལ་ངལ་གསོ་མཛད་འདུག
དགེ་འདུན་པ་ཚོའང་ཕྱོགས་སོར་ཆས་སོང
གློ་སྒོ་བཅས་དམ་པོར་གཏན་འདུག
སྒོ་ཆེན་གྱི་ལྕགས་ལོང་དུ་འཐམས་ནས
ཐོད་པ་སྔར་བཞིན་གཏུགས་ཡོད
དྲོད་ལམ་ལམ

ལྷ་སའི་མི་རྣམས་ཧ་ཅང་ལྷོད་ལྷོད་ངང
བར་བསྐོར་ན་ལྷོད་ཀྱིས་རྒྱུ་ཞིང
རྒྱང་རིང་གི་མཇལ་བ་རྣམས
ཇོ་ཁང་གི་མདུན་དུ་འཚང་ཁས་རུབ་སྟེ
རྡོ་གཅལ་དུ་བྲང་ཁ་གླན་དྲགས་པས
རྔུལ་ཆུའི་ཐིགས་པ་འགའ
ཡར་དཀོན་མཆོག་གི་སྔུན་ལ་བཞུར་གྱིན་འདུག

བར་སྐོར་གྱི་ལམ་ཁ་ཡངས་པོར་ཆགས་འདུག
ངས་ཀྱང་སྡིག་སྒྲིབ་ཀྱི་ལུས་པོ་འདི
རྐང་ལག་བཞིས་ཁུར་ཏེ
མི་ཚོགས་ཀྱི་ཀློང་དུ་ཞུགས
བརྐྱངས་ཕྱག་གི་གོམ་ཁ་དང་པོ་ལེན་དུས
འདས་པོ་ཕ་མ་གཉིས་ཀྱི་ཞལ་རས་ཡིད་ལ་འཁོར
ཞེ་སེམས་འདི་འཁྱག་གིས་བཟུང་མོད
སྐོར་ལམ་གྱི་རྡོ་གཅལ་དུ་ཐོད་པ་འཇོག་དུས
གློ་མཆིན་སོགས་དྲོད་ཀྱིས་ཁེངས་འགྲོ

ཇོ་ཁང་གི་ཕྱོགས་བཞི་རུ
བྱིན་རླབས་ཀྱི་ཚན་ཁ་འབར་བས
ལག་པ་འདི་འཇམ་བྱིལ་བྱིལ
རྐང་བ་འདི་བགྲོད་བདེ་བདེ
སེམས་པ་འདི་དྲོད་ལམ་ལམ

ཇོ་བོ་ལགས   
ང་ལ་ཁྱེད་གཅིག་པུས་ཆོག་ལ
ཁྱེད་གཅིག་པུས་ཀྱང་མི་ཆོག

༢༠༡༧ལོའི་ཟླ་༡༠ཚེས་༢ཉིན་དགའ་ལྡན་ལ་འགྲོ་བའི་ལམ་བར་ནས་གྲུབ།

          
བདུན་པ།  པོ་ཏ་ལ་ཆུ་ནང་དང་སེམས་ནང་ལ་ཤར་འདུག

ཁ་རླངས་འདྲེས་མས་ཐེམ་སྐས་བརླན་འདུག
ཆེ་ཆུང་མི་འདྲ་བའི་རྐང་ལག་སྣ་ཚོགས་ཀྱི་རི་མོ་གང་སར་དཔར
རྡོ་བ་ལས་བཙགས་པའི་ཆུ་མིག
དུས་ཚིགས་འགར་རེས་མོས་སུ་བཞད་པའི་མེ་ཏོག་ལ་འཐིམ
ཚང་མལ་དུ་ཕྱིར་ལོག་པར་མགོ་བོ་འཐོམ་པའི་སྦྲང་ཆུང
ཁོ་རང་གི་གླུ་སྐད་ཀྱི་མཐའ་ན་འཁྱག་འདུག

ཕོ་བྲང་གི་ཟུར་དང་ལྕོག
ཉིན་འདི་འགར་མཐོང་ཡོད
ཕོ་བྲང་གི་གཡས་དང་གཡོན
ཉིན་འདི་འགར་སོང་ཡོད

རྫོང་རྒྱབ་ཀླུ་ཁང་ནས་བལྟས་ན
ཕོ་བྲང་གི་རྒྱབ་ངོས་སུ
ལུག་འཚོ་སར་འདང་བའི་རྩྭ་སྔོན་འདུག

མཚེའུ་ནང་དུ
པོ་ཏ་ལའི་ཁ་ངོ་ཤར་འདུག

                            ༢༠༡༧ལོའི་ཟླ་༡༠བར་ལྷ་ས་ནས་གྲུབ།


བརྒྱད་པ།  ཡིད་འོང་གི་ནོར་བུ་གླིང་ག

ཆུ་མ་གཏོར་ཚེ
དེ་མ་ཐག་རྙིད་འགྲོ་བའི་མེ་ཏོག་འགས
སའི་དངོས་གྲུབ་བོར་ནས
ལྷས་དཀྱིལ་དུ་སྒྱིད་ལུག་གིས་ཉི་མར་ལྡེ་འདུག

ཁལ་རྟས་བསྐྱུར་བའི་ཤིང་རྟ་འགས
མེ་ཏོག་ར་བའི་ནང་དུ
མུ་མཐུད་དུ་རང་གི་བདག་པོར་སྒུག
ཞེང་ལམ་གཅོད་པར་བསམ་བློ་གཏོང་གིན

མེ་ཏོག་གསོ་བར་མཁས་པའི་ཨ་ཅག་ཆོས་སྒྲོན་གྱིས
ལག་ཏུ་ཁེ་གྲི་ཐོགས་ནས
ཁ་རའི་ནང་དུ་སྐྱེས་ཡོད་པའི་
མེ་ཏོག་གི་མགོ་བོ་བྲེགས
གཞུང་རྟ་དྲང་མོར་ཆགས་པར་འབད་ཀྱིན་འདུག

རྫ་བུམ་དུ་འཁྲུངས་པའི་མེ་ཏོག་གང
རུལ་ནས་འཐོར་སོང་ཚེ
ལུད་འཇོག་པའི་འགན
ཁྱོད་དང་ང་ལ་མ་བབས་སོ

   ༢༠༡༧ལོའི་ཟླ་༡༠བར་ལྷ་ས་ནས་ཡུལ་ལ་ལོག་པའི་མེ་འཁོར་ལས།


དགུ་པ།  ལྷ་མོ་ཞིག་གི་པང་དུ་འཁྱུད་པའི་བྲག་ཡེར་བ།


སུ་ཞིག་གིས་ཡར་སྒང་རྩེར་དེད་པ་མི་ཤེས་ལ
ནམ་ཞིག་མར་རི་ཞོལ་ཏུ་སྤར་བའི་སེམས་ཁྲལ་ནི་དེ་བས་

གཏམ་རྒྱུད་ཀྱི་མཇུག་མཐའི་ཚན་པ་ཞིག
ཡག་བཙོག་གཉིས་ཀྱི་མཚམས་སུ
ཤོག་ཧྲུལ་གྱི་ངོས་སུ་རྨོས་ཏེ
བྲག་ཕུག་ཏུ་སྐྱེས

ཕྱིས་སུ་བྲག་རྡོར་སྣུམ་བྱུག་དྲགས་པས
ཁ་དོག་ལ་འགྱུར་བ་བྱུང
ཤའི་མིག་ལམ་དུ་གཟུགས་སྣ་ཚོགས་འཁྲུལ

མཐོ་སར་བཤམས་ཡོད་པས་ཡིན་ནམ
མིག་གིས་ས་ལ་བལྟས་མི་འདུག       
  

                ༢༠༡༧ལོའི་ཟླ༡༠བར་ལྷ་ས་ནས་ཡུལ་ལ་ལོག་པའི་ལམ་ནས་གྲུབ།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།