དོལ་སྨྱོན་གྱི་སྙན་ངག་བདམས་བཀོད།

28513

IMG_5754.JPG

 


          ____དོལ་སྨྱོན། བརྒྱད་ཅུ་གྱ་གསུམ་ཙམ་ལ་མངའ་རིས་དོལ་པོར་སྐྱེས། འབྲས་མོ་ལྗོངས་མཆོད་རྟེན་དགོན་དང་ལྷོ་ཕྱོགས་རྣམ་གྲོལ་གླིང་བཅས་ནས་ཐོས་བསམ་ཅུང་ཟད་རེ་བྱེད་སྐལ་ཐོབ། རྡོ་རྗེ་གླིང་ལྕགས་པོ་རི་བོད་སྨན་མཐོ་སློབ་ཁང་ནས་དཀའ་བཅུ་པའི་སློབ་ཚན་བཅད། 《པདྨའི་རང་མདངས》དང་”ཁ་བརྡ་”དྲྭ་རྒྱ་སོགས་སུ་སྙན་ངག་གང་མང་སྤེལ། སྒེར་གྱི་སྙན་དེབ་《དབྱངས》ཞེས་པ་ཞིག་ཀྱང་བཏོན། ད་ལྟ་འཚོ་བའི་ལས་ཞོར་དུ་”སྨྱུག་སྡེ་”སྙན་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་བཞིན་ཡོད།



པེ་རི་སི་དང་གྲོགས་པོ། ད་དུང་སྙན་ངག


ལྕགས་པོ་རི་ཡི་མཐོ་སློབ་དེ་ནི་ཁྱོད་དང་ང་ཡིས་ཕ་གཞིས་ཏེ།།

རྒྱུད་བཞིའི་དཔེ་དེབ་མཐུག་པོ་དེ་ཡང་ཁྱོད་དང་ང་ཡིས་ཕུགས་ནོར་ཡིན།།

ལྟ་རེག་དྲི་བའི་བརྒྱུད་རིམ་ནང་ན་ཁྱོད་རང་ངལ་བར་མ་གྱུར་ཏམ།།

ཐང་ཕྱེ་རིལ་བུའི་སྦྱོར་སྡེའི་ཁྲོད་ན་ཁྱོད་རང་ཆད་པར་མ་གྱུར་ཏམ།།

སྨུག་པས་བཏུམ་པའི་རི་གྲོང་དེ་ན་ཁྱོད་དང་ང་ཡི་རྐང་རྗེས་ཡོད།།

ལྟ་ན་སྡུག་གི་ཚོགས་ཁང་ནང་ན་ཁྱོད་དང་ང་ཡི་དབྱངས་རྟ་ཡོད།།

འཛིན་ཁང་ནར་མོའི་མདུན་ཅོག་སྟེང་ན་ཁྱོད་དང་ང་ཡི་རྨི་ལམ་ཡོད།།

ཁང་ཆུང་གྲུ་བཞིའི་གྲང་ངར་ཁྲོད་ན་ཁྱོད་དང་ང་ཡི་སྐྱོ་གདུང་ཡོད།།

ཁྱོད་དང་ང་ཡིས་འགྲམ་ཆུ་ཤོར་ས་མ་ཆེན་བུ་མོའི་ཞལ་རས་ཏེ།།

ལྔ་གསུམ་བཅོ་ལྔའི་ལང་ཚོ་དེ་ཡིས་སྡུག་ལ་སྦྱར་བ་ཉུང་ཉུང་མིན།།

ཁྱོད་དང་ང་ཡིས་སྡུག་སྐད་ཤོར་ས་རྒྱུད་བཞིའི་དེབ་རྒན་མཐུག་པོ་སྟེ།།

ལེའུ་རེ་རེའི་བློ་འཛིན་དེ་ཚོས་དཀའ་ལས་གཏད་པ་ཉུང་ཉུང་མིན།།

ཨ་ནེ་མཛེས་མའི་འཛུམ་མདངས་དེ་ཚོས་ང་རང་འཁྲུལ་དུ་བཅུག་མྱོང་ཡོད།།

གྲོང་གསེབ་ཨན་ཊི་མཛེས་མ་དེ་ཚོས་ཁྱོད་ལ་དཀའ་ལས་གཏད་རབས་ཡོད།།

ཨན་ཇུ་མན་ཇུའི་མིང་ཅན་དེ་ཚོ་ཁྱོད་ལ་དམིགས་བསལ་ཡིན་རབས་ཡོད།།

སྤེན་པ་ཉི་མའི་གུང་སེང་དེ་ཚོར་ཁྱོད་རང་མཛད་པ་རྒྱས་རབས་ཡོད།།

འགྲམ་གྱི་མཆོད་རྟེན་སྔོན་པོ་དེ་ནི་ཁྱོད་དང་ང་ལ་དམིགས་བསལ་ཏེ།།

ཁྱོད་ཀྱི་པི་ཝང་འཁྲོལ་ས་ཡིན་ལ་ང་ཡི་སྙན་ངག་འབྲི་སའང་ཡིན།།

ལེའུ་ལེའུའི་བློ་འཛིན་བྱེད་སའང་མཆོད་རྟེན་སྔོན་པོའི་སྐོར་ལམ་སྟེ།།

ཁྱོད་དང་ང་ཡིས་སྡུག་ཡུས་ཤོད་སའང་མཆོད་རྟེན་སྔོན་པོ་ཁོ་ན་ཡིན།།

ཁྱོད་ཀྱིས་བུ་མོའི་རྐང་རྗེས་བསྙེགས་པ་དེ་རིང་འདི་ནས་མི་གླེང་ངོ་།།

བདག་གིས་ཨ་ནེའི་ཞབས་རྗེས་འབྲངས་པའང་དེ་རིང་འདི་ནས་མི་ཤོད་དོ།།

དཔྱིད་རླུང་བསིལ་མོ་གདོང་ལ་བསུ་བཞིན་པེ་རི་སི་ལ་ལྟད་མོ་ལྟ།།

སྒྱུ་རྩལ་སྟོང་གི་ཞིང་ཁམས་འདི་ལ་སེམས་པ་དམར་པོ་ལན་ཅིག་གླན།།

                                            27-03-2017

W020160924376213777255.jpg

             འདོད་པའི་འཁུན་སྒྲ།


རྒུན་ཆང་མངར་མོས་དབང་རྩ་སྦྲིད་དུས་འདོད་པའི་སྤུ་ལོང་ལང་ཙམ་གཡོ་ཙམ།།

སྟོན་རླུང་བསིལ་མོ་བཞིན་ལ་ཕོག་དུས་ལུས་སེམས་གཉིས་པོ་ཡོམ་ཙམ་འཕྱོ་ཙམ།།

མཚམས་སྤྲིན་དམར་པོའི་འཛུམ་ཞལ་ངོམ་དུས་དགའ་མའི་ཞལ་རས་དྲན་ཙམ་དུང་ཙམ།།

སེམས་དང་བསམ་པ་གཅིག་ཏུ་འདྲེས་དུས་ཚོར་བ་དེ་ཉིད་འཐོར་ཙམ་རྒྱལ་ཙམ།།

འདོད་སྲེད་མེ་ལྕེ་དམར་པོ་འབར་དུས་ཉལ་ཆས་འདི་ཡང་འཚིག་ཙམ་བསྲེགས་ཙམ།།

འཐམ་དང་འཁྱུད་པའི་བྱ་བར་བྲེལ་དུས་ཉལ་ཁེབ་དག་ཀྱང་རལ་ཙམ་ཆད་ཙམ།།

སོ་དང་སེན་མོ་ཤུགས་ཀྱིས་འདེབས་དུས་འདོད་པའི་རི་མོ་མངོན་ཙམ་གསལ་ཙམ།།

ཆགས་པའི་འཁུན་སྒྲ་བར་མེད་ཤོར་དུས་མཚན་ལྗོངས་འདི་ཡང་འུར་ཙམ་ལྡིར་ཙམ།།

མྱོས་བུམ་ཟུང་ལ་ལག་པས་འཕུར་དུས་སྙིང་ཆུང་འདི་ཉིད་འཕར་ཙམ་ལྡིང་ཙམ།།

མཆུ་དང་མཆུ་ཡི་འདབ་མ་སྦྱོར་དུས་ཁ་ཆུ་མངར་མོ་བཞུར་ཙམ་འཛག་ཙམ།།

ལྟེ་བའི་ཁུང་བུར་ལྕེ་རྩེས་དཀྲུགས་དུས་མིག་ཟུང་གྱེན་ལ་ཅེར་ཙམ་ལྟ་ཙམ།།

བརླ་དང་འཕོང་ལ་ཐལ་ལྕགས་བསྣུན་དུས་ཆགས་པའི་སྐད་སྒྲ་འབྱིན་ཙམ་ཤོར་ཙམ།།

སོར་མོ་བརྒྱད་པའི་ལིང་ག་དེ་ཉིད་མགོ་འཕངས་གནམ་ལ་དགྱེ་ཙམ་ལང་ཙམ།།

སོར་མོ་དྲུག་པའི་བྷ་ག་དེ་ཉིད་གཡའ་ཆུ་”ཟ་”ཆུས་བརླན་ཙམ་གཤེར་ཙམ།།

དམར་ཆུང་བྱ་ལེའི་རྩེ་མོ་དེ་ཡང་རྨོངས་སྤུའི་གསེབ་ནས་དགོད་ཙམ་འཛུམ་ཙམ།།

གཡའ་ཆུ་མངར་མོ་འབྱར་བག་ཅན་དེ་མཚན་མའི་གཤོངས་ནས་བཞུར་ཙམ་འཛག་ཙམ།།

ཤུགས་ཀྱིས་བསྣུན་པའི་”ཆག་”སྒྲ་དེ་ཉིད་གཞན་གྱིས་གོ་བར་ཞེད་ཙམ་སྐྲག་ཙམ།།

གཡའ་ཆུ་ཁུ་ཆུའི་བཞུར་རྒྱུན་དེ་ཡིས་ཉལ་ཁེབ་དག་ཀྱང་སྦངས་ཙམ་བརླན་ཙམ།།

ཆགས་པའི་མིག་ཟུང་གནམ་ལ་ཅེར་དུས་གནམ་ས་གཉིས་པོ་འགུལ་ཙམ་ཡོམ་ཙམ།།

མཐའ་མཇུག་སིམ་པའི་བདེ་བ་ཐོབ་དུས་ལུས་སེམས་གཉིས་པོ་ལྷོད་ཙམ་འཇམ་ཙམ།།

                                                   ༢༩-༠༧-༢༠༡༥།

640.jpg

       རྣམ་ཤེས་ལ་འཐིམ་པའི་དབྱངས།


སྤྲིན་པ་དག་ནི་རླུང་གི་རྗེས་འགྲོ་སྟེ།།

སེམས་པ་འདི་ཡང་ཚོར་བའི་རྗེས་སུ་འགྲོ།།

ཚོར་བ་དེ་ཡི་རྩ་བ་བསྔོགས་གྱུར་ན།།

བག་ཆགས་ཞེས་པའི་ཡིག་འབྲུ་གཉིས་པོ་ཉིད།།

ཉིན་གྱི་སྣང་བ་དག་ཀྱང་འགྱུར་ནས་འགྲོ།།

མཚན་གྱི་མུན་པ་དེ་ཡང་ཡལ་ནས་འགྲོ།།

བག་ཆགས་དེ་ཡི་རྩ་བར་སིམས་པ་ཡི།།

ཞལ་རས་དེ་ནི་ད་དུང་མཛེས་པ་ཉིད།།

ཉི་མ་དག་ནི་རླུང་གིས་ཡར་ཡར་སྤུར།།

ཟླ་བ་དག་ཀྱང་རླབས་ཀྱིས་མར་མར་བདས།།

སེམས་དང་སེམས་ཀྱི་ཟབ་སར་འཐིམ་པ་ཡི།།

འཛུམ་ཆུང་དེ་ནི་སྔར་བཞིན་ཡིད་དུ་འོང་།།

དུས་ཚོད་དེ་ནི་མི་སྡོད་འགྲོ་བ་སྟེ།།

སེམས་ཀྱི་འཆར་སྒོ་དེ་ཡང་འགྱུར་ནས་འགྲོ།།

འགྱུར་མེད་རྟག་བརྟན་གཤིས་སུ་གྲུབ་པ་དེ།།

ཞལ་རས་སྒོར་སྒོར་དེ་ལས་གཞན་དུ་སུ།།

བརྩེ་བ་རླུང་བུ་ཡིན་རུང་ཡིན་དུ་ཆུག།

དུང་བ་ཆུ་མོ་ཡིན་ནའང་ཡིན་དུ་ཆུག།

ཞལ་རས་སྒོར་སྒོར་དྲན་པའི་བདེ་བ་འདི།།

གནམ་ས་གཉིས་ན་དཀོན་པའི་བདེ་སྐྱིད་ཡིན།།

ཞལ་རས་སྒོར་སྒོར་མིག་གི་བདུད་རྩི་ཡིན།།

གཉེན་འཇམ་གཤིས་བཟང་སེམས་ཀྱི་ཟས་མཆོག་ཡིན།།

སྤྱད་པས་འཛད་དུ་མེད་པའི་བདེ་སྐྱིད་འདི།།

ལུས་སེམས་གཉིས་ལ་ཕན་པའི་སྨན་མཆོག་ཡིན།།

ཁྱོད་ཀྱི་ལུས་དེ་ང་ལ་མ་དབང་རུང་།།

ཁྱོད་དང་ང་གཉིས་མཉམ་བཤིབས་མ་བྱུང་རུང་།།

ལྷད་མེད་ཡིན་པའི་ཁྱོད་ཀྱི་མི་གཤིས་དེ།།

ནམ་ཡང་བདག་གི་སྒལ་ཚིགས་སྒྲེང་ས་ཡིན།།

                                    ༢༠-༠༧-༢༠༡༥།

Tenzin-Norbu_2.jpg

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།


ཁང་ཆུང་འདི་ནི་རི་ཡི་རྩེ་ན་ཡོད།།

རི་ནི་བདག་གི་སེམས་པ་འཚོ་ས་ཡིན།།

ལས་དང་སྐལ་བ་ཞིག་གི་མིང་ཐོག་ནས།།

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།

ཁང་ཆུང་འདི་ནི་ནགས་ཀྱི་དཀྱིལ་ན་ཡོད།།

ནགས་ནི་བདག་གི་མིག་ཟུང་ཅེར་ས་ཡིན།།

དུས་ཀྱི་ཆོ་འཕྲུལ་ཞིག་གི་ཀྱོག་མཚམས་ནས།།

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།

ཁང་ཆུང་འདི་ནི་གཙང་པོའི་འགྲམ་ན་ཡོད།།

རླབས་ནི་བདག་གི་ཞེ་སེམས་གཏད་ས་ཡིན།།

མི་རྟག་འགྱུར་བ་ཞིག་གི་ཆོས་ཉིད་ནས།།

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།

ཁང་ཆུང་འདི་ན་ཡིད་ཀྱི་སྣང་བརྙན་ཡོད།།

ཞལ་རས་སྒོར་སྒོར་ཞིག་གི་སྣང་བརྙན་ཡོད།།

ཞེན་ཆགས་རི་མོ་སེམས་སུ་དཀྱིལ་བྱས་ནས།།

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།

ཁང་ཆུང་འདི་ན་ཚིག་གི་ལྷས་མ་ཡོད།།

བརྡ་དང་ཐ་སྙད་སྟོང་གི་ལྷས་མ་ཡོད།།

སྙན་པའི་གྲེ་འགྱུར་མགྲིན་པར་དཀྱིལ་བྱས་ནས།།

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།

ཁང་ཆུང་འདི་ན་མ་བྲིས་རི་མོ་ཡོད།།

བདེ་སྡུག་ཆགས་སྡང་སྟོང་གི་རི་མོ་ཡོད།།

ལས་ཀྱི་ཁུར་པོ་ཕྲག་པར་བཀལ་བྱས་ནས།།

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།

རྔམ་བརྗིད་རི་བོའི་ཚོགས་དག་བདེ་བར་བཞུགས།།

ནགས་དང་ལྗོན་པའི་ཚོགས་དག་བདེ་བར་བཞུགས།།

ཉེ་རིང་གྲོགས་ཀྱི་ཚོགས་དག་བདེ་བར་བཞུགས།།

བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།

                                      ༠༥-༠༨-༢༠༡༥།

W020160924376213299567.jpg

    མེ་འཁོར་ནང་གི་མགྱོགས་བྲིས།


ཕ་བོང་ཐུར་དུ་རིལ་འདྲའི་རྒྱ་སྐད་དེ།།

རྣ་བའི་བུ་གར་དེ་ཙམ་མི་སྙན་ཀྱང་།།

ཞལ་རས་སྒོར་སྒོར་ཡིན་པའི་རྒྱ་མོ་ཚོའི།།

རྣམ་འགྱུར་དེ་ནི་མིག་གི་བདུད་རྩི་ཉིད།།

རླབས་ཆེན་བྲག་ལ་བརྡབས་འདྲའི་ཧྥ་སྐད་དེ།།

ལྕེ་མཆུ་གཡོ་ལ་དེ་ཙམ་མི་བདེ་ནའང་།།

ཕོ་བརྒྱའི་ཡིད་དབང་འཕྲོག་པའི་ཧྥོ་མོ་ཚོའི།།

ལང་ཚོ་དེ་ནི་སེམས་ཀྱི་ཟས་མཆོག་དངོས།།

སྐྲ་ལོ་རྫུན་མ་གྱོན་པའི་ནག་རིལ་མའི།།

ཞལ་རས་དེ་ནི་དེ་ཙམ་མི་མཛེས་མོད།།

འཕོངས་ཚོས་ཕྱིར་ལ་འབུར་བའི་ཤ་རྡོག་དེས།།

ཆགས་པའི་འགྲམ་ཆུ་བསླངས་པ་ཉུང་ཙམ་མིན།།

སྤྱི་བོ་རས་ཀྱིས་བཏུམས་པའི་ཁ་ཆེ་མའི།།

མི་གཤིས་དེ་ལ་ང་རང་སྐྲག་མོད་ཀྱང་།།

མ་བཅོས་རང་བྱུང་ཡིན་པའི་མཛེས་སྡུག་དེས།།

མགྲིན་པའི་རྩ་མདུད་འགྲམ་ཆུས་བརླན་པར་བྱེད།།

རྒྱགས་པ་རིལ་རིལ་ཡིན་པའི་སྐྱེས་གཟུགས་དེ།།

ཁྲ་ཆུང་མིག་གི་དཔལ་དུ་མི་འགྱུར་མོད།།

ལྷད་མེད་གཤིས་བཟང་ཡིན་པའི་བོད་མོ་ཚོས།།

དུབ་པའི་སེམས་ལ་ངལ་གསོ་ཅིས་ཀྱང་སྟེར།།

                                            ༡༤-༠༩-༢༠༡༥

     བུ་མོ་ཟླ་སྒྲོན།


བུ་མོ་ཟླ་སྒྲོན།

ཁྱོད་ཀྱི་སྐྲ་ལོ་ཟིང་སྟངས་ལ་བལྟས་ན།

ཕ་ཡུལ་ན་རླུང་ལྡང་གིན་ཡོད་པ་རྟོགས་ནུས།

ཕ་ཡུལ་གྱི་རླུང་པོ་ནི་ནམ་ཡང་རླུང་པོ་ཁོ་ན་ལས།

དེར་དྲི་བཞོན་དང་བསིལ་བྱེད་སོགས་མིང་དུ་བཏགས་པའི་ནུས་པ་དེ་མེད་པས།

ཕ་ཡུལ་གྱི་རླུང་པོས།

ཁྱོད་ཀྱི་སྐྲ་ལོ་ཇི་ཙམ་བསྒུལ་ནའང་།

ཁྱོད་ཀྱི་སེམས་པ་མི་སྒུལ་བའི་རེ་བ་བྱེད།

ཕ་ཡུལ་ན་ནམ་ལངས་པ་སྔ།

ཉི་མ་ཤར་བའང་མགྱོགས།

རླུང་ལྡང་བ་ནི་དེ་བས་ཀྱང་མྱུར།

འོན་ཀྱང་ཁྱོད་ཀྱི་ཕ་མས་མཚོན་པའི་ཕ་ཡུལ་གྱི་མི་དག་ནི།

ད་དུང་ཡང་ཡང་འཇིག་རྟེན་འདིར་ནམ་ལངས་པ་རྟོགས་མེད་ལ།

ཉི་མ་ཤར་བའང་ཤེས་མེད།

གཞན་དག་ཕར་ཞོགས་ཐ་ན་དུས་ཀྱི་རླུང་པོས།

རང་ཉིད་ཀྱི་སྐྲ་ལོ་སྒུལ་གྱིན་པའང་ཚོར་མེད།

བུ་མོ་ཟླ་སྒྲོན།

ད་ནི་ཁྱོད་ཀྱིས་ནམ་མ་ལངས་པའི་སྔོན་ལ་བྱ་སྐད་རྒྱག་པ་གོ་དགོས།

ཉི་མ་མ་ཤར་བའི་སྔོན་ལ་མཚམས་སྤྲིན་འཁྲིགས་པ་རྟོགས་དགོས།

རླུང་མ་ལྡང་བའི་སྔོན་ལ་དར་ཅོག་གཡོ་བའང་ཚོར་དགོས།

ད་དུང་གསལ་བྱེད་སུམ་ཅུའི་འོད་སྣང་འཕྲོ་དགོས།

དབྱངས་བཞིའི་འགྱུར་ཁུགས་ལྡན་དགོས།

གཞན་ཡང་རང་གི་སྐྱེ་ཁུངས་གངས་ཡིན་པ་རྟོགས་དགོས།

རང་གི་ཁྲག་རྒྱུན་རྫ་ཡིན་པའང་ཤེས་དགོས།

དེ་དུས་ཁྱོད་ཀྱིས།

རང་ཉིད་ཀྱི་ངོ་གདོང་དམར་པོ་ཡིན་པ་གཞི་ནས་ཤེས་འོང་།

རང་ཉིད་ཀྱི་སྐྲ་ལོ་ནག་པོ་ཡིན་པའང་ཞོར་ནས་རྟོགས་འོང་།

                                        12-05-2016

W020160924376212729784.jpg

མེ་ཏོག་དང་མེ་ཏོག་ལྟ་བུའི་སྙན་ཚིག


ལྟེ་ཁྲག་གཞན་ཡུལ་དུ་ཟག་པ་ཁྱོད་ཚོའི་ཕམ་ཁ་ཡིན་རུང་།

ཕ་སྐད་ཀྱི་སྨྲ་ལྕེ་ལྡན་པ་ཁྱོད་ཚོའི་རྒྱལ་ཁ་ཡིན།

ཕ་ས་དྲོན་མོ་མིག་གིས་མ་མཐོང་བ་ཁྱོད་ཚོའི་ཕམ་ཁ་ཡིན་རུང་།

རང་དབང་གི་གཤོག་ཟུང་ལྡན་པ་ཁྱོད་ཚོའི་རྒྱལ་ཁ་ཡིན།

ས་མཐའ་ནས་ས་མཐར་འཁྱམས་པ་ཁྱོད་ཚོའི་ཕམ་ཁ་ཡིན་རུང་།

མདུན་ལམ་ལ་འོད་སྟོང་ལྡན་པ་ཁྱོད་ཚོའི་རྒྱལ་ཁ་ཡིན།

མེ་ཏོག་དང་མེ་ཏོག་ལྟ་བུའི་ཁྱོད་ཚོ།

བདེ་གླགས་ངང་འཚར་བཞིན་ཤོག་དང་།

རྨ་འབྲི་རྫ་གསུམ་གྱི་བཞུར་རྒྱུན་འདོམ་གྱིས་འཇལ་དགོས།

ཇོ་མོ་གླང་མ་ཡི་དབུ་རྩེར་རྐང་རྗེས་འཇོག་དགོས།

གསལ་བྱེད་སུམ་ཅུའི་འོད་སྣང་།

བཅུ་ཕྲག་གཞུང་ལུགས་ཀྱི་གླེགས་བམ།

འཛམ་གླིང་ཞི་བདེའི་དེད་དཔོན།


        འདི་དག་ནི་ཁྱོད་ཚོའི་མགོ་འཕང་དགུང་ལ་འདེགས་བྱེད་དག་ཡིན་ལ།
              ཁྱེད་ཅག་ཀྱང་འདི་དག་གི་རྒྱུད་འཛིན་རྣལ་མ་ཞིག་ཅི་ནས་ཀྱང་བྱེད་དགོས་པ་ཡིན་ནོ།།
                                                      ༢༧།༠༢།༢༠༡༥།

       དེ་རིང་ཁ་བ་འབབ་བྱུང་།


ཁ་བ་ནི་གནམ་ནས་འབབ་པའི་མེ་ཏོག་ཅིག་སྟེ།

གནམ་ནས་ལྷོད་ཀྱིས་བབས་ཤིང་སེམས་ལ་དལ་གྱིས་སིམས་འགྲོ།

ཕ་ཡུལ་དང་ཁ་ཐག་རིང་བའི་གཞན་ཡུལ་འདི་ནས།

ཁ་བ་ལ་ལུས་ངག་ཡིད་གསུམ་གྱིས་རོལ་མྱོང་བྱེད་པ་ནི།

ཕ་ཡུལ་ལ་ཐེངས་ཤིག་སླེབས་པ་དང་ཅི་འདྲའི་མཚུངས་ཨང་།

ཁ་བའི་འདབ་མ་རེ་རེ་འཇམ་མཉེན་གྱིས་གདོང་པར་ཟགས་ཚུལ་དེ་ནི།

དྲིན་མ་ལོའི་ཕྱག་ཟུང་གིས་བྱིལ་བྱིལ་ཐེངས་ཤིག་བྱེད་པ་དང་མཚུངས་ལ།

ཁ་བའི་འདབ་མ་རེ་རེ་དྭངས་གཙང་གིས་སེམས་པར་སིམས་ཚུལ་དེ་ནི།

ཡབ་དམ་པའི་འཛུམ་མདངས་མིག་ཟུང་དུ་ལན་ཅིག་མངོན་པ་དང་མཚུངས་སོ།།

དགུན་གསུམ་གྱི་གྲང་ངར་རྒོད་པའི་ས་མཐའ་འདི་ནས།

ལུས་ངག་ཡིད་གསུམ་འཁྱགས་ལ་འབྱར་བའི་དུས་ཚོད་རིང་མོར།

དེ་རིང་གཞི་ནས་ལུས་ཀྱི་བ་སྤུ་གཡོས་སོང་།

སེམས་ལ་དྲོད་ཁོལ་བསྐྱིལ་སོང་།

ཁ་བའི་འདབ་མ་རེ་རེར་སེམས་པ་ལྷོད་ཀྱིས་བསླན་དུས།

ངས་་་་། དྲན་མི་ཐུབ་པའི་ཨ་མའི་ཞལ་རས་དེ་ཅི་འདྲའི་དྲན་ཨང་།

                                        ༣༠།༠༡།༢༠༡༥།

ཇཇ.jpg

       ཁ་པར་སླེབས་སོང་།


ཁ་པར་སླེབས་སོང་།

སླར་ཡང་ཁ་པར་སླེབས་སོང་།

ཁ་པར་དེས་བདག་གི་གཉིད་ཐེངས་བཅག་པ་ཉུང་ཉུང་མིན།

ཁ་པར་དེས་བདག་ལ་ན་ཟུག་བསྐྲུན་པའང་ཉུང་ཉུང་མིན།

ཁ་པར་ནང་གི་ཁོ་མོའི་བརྗོད་ཚིག་ལ་སྤྲོ་སྣང་མི་འདུག

ཁ་པར་ནང་གི་ཁོ་མོའི་སྐད་ངག་ལ་ངར་ཤུགས་མི་འདུག

ཁ་པར་ནང་གི་ཁོ་མོའི་སྒྲ་གདངས་ལ་གསོན་ཉམས་མི་འདུག

ཁོ་མོའི་སྐད་ངག་ནི་ས་སྲོད་ཀྱི་ཡུལ་ལྗོངས་ལྟར་རབ་རིབ་རེད།

ཁོ་མོའི་སྐད་ངག་ནི་སྤྲིན་གསེབ་ཀྱི་ཉི་འོད་ལྟར་མག་མོག་རེད།

རབ་རིབ་དང་མག་མོག་ཡིན་པའི་སྐད་ངག་དེས།

བདག་ལ་བདེ་མོ་ཡིན་ནམ་ཟེར།

ནང་མི་དང་སྤུན་མཆེད་དག་ཀྱང་བདེ་མོ་ཡིན་ནམ་ཟེར།

དོན་ངོ་མར་ཁོ་མོས་ད་དུང་བདག་ལ་སེམས་ཁུར་བྱེད་བཞིན་ཡོད་དམ།

བདག་གི་ནང་མི་དང་སྤུན་མཆེད་དག་ལའང་སེམས་ཁུར་བྱེད་བཞིན་ཡོད་དམ།

ཁོ་མོའི་སྐད་ངག་ལ་སྤྲོ་སྣང་མེད་པ་ལྟར།

ད་སྐབས་ཁོ་མོའི་མི་ཚེ་ལའང་སྤྲོ་སྣང་མེད་པ་ཡིན་ནམ།

ཁོ་མོའི་སྐད་ངག་ལ་གསོན་ཤུགས་མེད་པ་ལྟར།

ད་སྐབས་ཁོ་མོའི་འཚོ་བ་ལའང་གསོན་ཤུགས་མེད་པ་ཡིན་ནམ།

གཉིད་ལས་སད་རྗེས་བདག་གིས་རྨིས་ཟིན་པའི་རྨི་ལམ་གྱི་རྗེས་སུ་འབྲངས་ནས།

འབྲེལ་མེད་དོན་གཞན་གྱི་དབུགས་རིང་ཞིག་ཀྱང་ཤུགས་ཀྱིས་ཤོར་སོང་།

                                            ༠༦།༠༢།༢༠༡༥།

མེ་འཁོར། རོལ་དབྱངས། དྲན་གདུང་།


མེ་འཁོར་དལ་འགྱང་མེད་པར་ཤར་གྱིས་སྐྱོད།།

རོལ་དབྱངས་དེ་ཡང་སྙན་ཞིང་འཇེབས་པར་མཆེད།།

ཐ་སྙད་འགའ་ཞིག་སེམས་ཀྱི་ངོགས་སུ་འཚང་།།

ཞལ་རས་དེ་ཡང་མིག་ལ་འཁོར་འཁོར་བྱེད།།

ང་རང་གྱང་ཤེལ་ངོས་ནས་ཕྱི་ལ་ཅེར།།

རོལ་དབྱངས་དེ་ཡིས་སེམས་པ་རྒྱང་ལ་འཁྲིད།།

སྲ་སྲོད་དེ་ཡིས་མཐོང་སྣང་མོག་པོར་བཏང་།།

དུང་བའི་མིག་གིས་སེམས་ཀྱི་མི་དེ་བཙལ།།

སེམས་པ་རོལ་དབྱངས་དེ་ཡི་སྣེ་ན་འཕྱོ།།

དུང་བ་ཚིག་འབྲུ་དེ་ཡི་གསེང་ན་བཞུར།།

མངོན་ལྐོག་མེད་པའི་བརྩེ་བ་དམར་རྗེན་དེས།།

བདག་གི་ལུས་ངག་ཡིད་གསུམ་ལྐུགས་པར་བྱས།།

བདག་གི་མིག་ཟུང་ཤོག་བུའི་ངོས་སུ་འབྱར།།

ཡིག་འབྲུ་འགའ་ཞིག་མེ་ཏོག་ཚུལ་དུ་བཞད།།

ངོ་ལ་སུན་སྣང་ཁེངས་པའི་མི་ཚོགས་ཁྲོད།།

བདག་གི་བཞིན་ལ་འཛུམ་མདངས་ལྷུག་པར་བཞད།།

མི་དག་དལ་ལྷོད་མེད་པར་བྲེལ་ཞིང་འདུར།།

རླངས་འཁོར་དག་ཀྱང་གཅིག་རྗེས་གཉིས་མཐུད་རྒྱུགས།།

སྲོད་ཀྱི་རླུང་བུ་དེ་ཡང་བསིལ་ཞིང་འཇམ།།

སེམས་ཀྱི་མི་དེ་དྲན་པའི་ངོགས་ན་འཆར།།

ཇི་ཙམ་ཉན་ནའང་ངོམས་པ་མེད་པ་ཡི།།

རོལ་དབྱངས་དེ་ཡིས་བདག་ཉིད་མོག་པོར་བཏང་།།

གཤོག་པ་མེད་ཀྱང་གནམ་ལ་འཕུར་སྙམ་བྱེད།།

བཟི་བ་མིན་ཡང་ས་ལ་འགྱེལ་སྙམ་བྱེད།།

རོལ་དབྱངས་དེ་ཡི་སྣེ་ན་འཕྱོ་བ་ཡི།།

ཞལ་རས་དེ་ནི་མིག་གི་བདུད་རྩི་སྟེ།།

བརྩེ་དང་དུང་བའི་འོ་སྦྱོར་མངར་མོ་དེས།།

བདག་ལ་ཟད་མཐའ་མེད་པའི་དངོས་གྲུབ་བསྩལ།།

དགུན་གཞུང་འདི་ན་ང་རང་སྐྱིད་ནས་ཡོད།།

མི་ཚོགས་གསེང་ན་ང་རང་འཛུམ་ནས་ཡོད།།

ཁྱོད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག།

ཁྱོད་ཀྱི་ཡོད་ཚད་ཁྲི་ལོར་བརྟན་པར་ཤོག།

                                      09-02-2017

           ཚོར་བ་ཐད་བྲིས་མ།


བདག་ཉིད་ཁང་པའི་རྩེ་ནས་རྒྱང་ལ་བལྟས།།

རེ་བའི་མིག་གིས་ཅི་ཞིག་མཐོང་བར་བྲེལ།།

དཔྱིད་རླུང་དེ་ཡང་རྣ་བར་ཤབ་ཤུབ་ཟློ།།

དུས་ཚོད་འདིས་ཀྱང་བདག་ལ་སྐྱོ་བ་བསྐྲུན།།

གྲོང་ཁྱེར་འདི་ཡི་རྣམ་པ་མཛེས་ཤིང་སྡུག།

ཁང་བརྩེགས་དག་ནི་ཀྲོང་ངེར་མཛེས་ཞལ་ངོམ།།

བཟོ་བཀོད་དག་ཀྱང་བློ་ལས་འགོངས་པ་སྟེ།།

མི་དག་ཚིམ་པ་མེད་པར་རྒྱང་ལྟ་བྱེད།།

བདག་གིས་མགྲིན་པ་བཏེག་སྟེ་ནམ་མཁར་ཅེར།།

དབུགས་རིང་ཞིག་ཀྱང་དགུང་སྔོན་དབྱིངས་ལ་བཏབ།།

སེམས་པ་འདི་ནི་ཅི་འདྲའི་སྟོང་པ་ཞིག།

དུས་ཚོད་འདི་ཡང་ཅི་འདྲའི་གྲང་མོ་ཞིག།

དཔྱིད་རླུང་འདི་ནི་གྲང་ཞིང་བསིལ་བ་སྟེ།།

སེམས་ཀྱི་མི་དེ་ཡང་ཡང་དྲན་དུ་འཇུག།

འདུ་འབྲལ་ཟེར་བའི་ཐ་སྙད་ལྕི་མོ་འདིས།།

བདག་གི་སྙིང་ལ་ན་ཟུག་ཡང་ཡང་བརྐོས།།

བདག་གིས་ཁང་བའི་རྩེ་ནས་ཉི་མར་བསྲོས།།

ཐ་སྙད་འགའ་ཞིག་ཁ་པར་ནང་དུ་བཏགས།།

ཡིག་འབྲུ་འགའ་ཞིག་མེ་ཏོག་ཚུལ་དུ་བཞད།།

ཉི་འོད་དེས་ཀྱང་སེམས་ལ་བདེ་དྲོད་བསྐྱིལ།།

ཡིག་འབྲུ་འདི་དག་སེམས་ཀྱི་རྟེན་ས་སྟེ།།

ཐ་སྙད་དག་ཀྱང་མིག་གི་འཚོ་ས་འོ།།

སྐྱོ་བ་སེལ་བའི་བདུད་རྩི་ཁྱོད་ཡིན་ལ།།

གདུང་བ་འཇོམས་པའི་མ་མའང་ཁྱོད་ཉིད་དོ།།

                                               11-04-2017

རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

 བར་བཅུག་རི་མོ་པ།  དོལ་པོ་བསྟན་འཛིན་ནོར་བུ།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།