
སྟོང་བའི་དབྱིངས་ཀྱི་ཕྱག་རྒྱ། (སྙན་ཚོམ)
___འཕན་ཕྲུག་ཆོས་འཕེལ། (ཕ་ཡུལ། འཕན་པོ)
ནམ་མཁའ།
ལྷ་ཚོགས་གང་ལ་གཉིད་སོང
སེམས་ཀྱི་ཉི་ཟླ་ལྟ་བུའི་འཇིག་རྟེན་ཞིག
འགྲོ་མ་མྱོང་བའི་ཁྱེད་ཀྱི་གནས་སུ་ཆགས་སམ
བཀའ་ཡིག་གོ་བརྡ་མེད་པ་དེ
གློ་སྙིང་འཁྱགས་ལ་སྦྱོར་མཁན་དེ
ལུས་ཤ་སྦྲིད་ནས་ངུ་མཁན་དེ
རྩྭ་མགོའི་ཟིལ་པ་འདྲ་ལེའི་ཁམས་ཤིག་གོ
ཉི་འོད།
ཉི་མར་བལྟས་ནས་མིག་ཆུ་འབྱིད་ཀྱིན
ད་རུང་ཉི་མར་ལྟས
འོད་ཀྱི་ནང་དུ་ཚོན་མདོག་ཡོད
ཆུང་དུས་འཛིན་འདོད་པའི་འཇའ་ཚོན་ཡོད
འོད་ཀྱི་ནང་དུ་འོད་ཅིག་ཡོད
རྒས་དུས་བཤིབ་པའི་དད་པ་ཡོད
མུན་པ།
ཐེགས་དཀའ་བའི་ལྕགས་སྒྲོག་དང
སྒྲོབ་ཉམས་ཅན་གྱི་གདོང་པ་དེ་དག
ནམ་ཞིག་མཐོང་མི་སྲིད
ནམ་ཞིག་མཐོང་ཡང་སྲིད
སྤྲིན་པ།
སྤྲིན་པ སྤྲིན་པ
ག་ལེར་འཕུར་དང
གནམ་སའི་མཐའ་རུ་ཁྱོད་ཁོ་ནའི་འཇིག་རྟེན་ཡོད
རླུང་།
སྡུག་གི་རྒྱ་མཚོ་སྐྱོམ་པས
ལས་ཀྱི་རྡུལ་ཕུང་དེད་རྗེས
ཁྱོད་ལ་བཞོན་ཏེ་སྟེང་གི་སྡོང་གྲོགས་བྱས
རྣམ་ཤེས་ཀྱི་མི་བོ་ཡ
ཤིན་ཏུ་གཙེས་པའི་ནམ་ཟླ་རིང་མོ་ཞིག་ལ
གྲང་བྱུང་ངམ
ཁ་ཆར།
ལྷོད་ཤིག་གེར།
འཇམ་ཐིང་ངེར
ས་གཞི་ལ་འོ་ཞིམ་པོ་ཞིག་བྱེད་དགོས
ངུ་སླ་བའི་འཇག་རྩྭ་དེའི་ཆེད
འཆི་བདེ་བའི་མེ་ཏོག་གི་དོན
ཉེ་དགའ་མེད་པར་འབབ་དགོས
སུ་ལ་ཡང་ཞེ་སྡང་མེད་པར་སྟིམས་ཤིག
༢༠༡༧ལོའི་ཟླ་བ༩པའི་ཚེས་པ༢ཞོགས་པ།

འབྲོང་དྲན་པའི་ཉི་ནུབ།
___གཙང་དྲག་ཆར། (ཕ་ཡུལ། ཆབ་མདོ།)
ཉི་ནུབ་ཀྱི་རི་རྩེར་འགོས་པའི་རྣམ་རྟོག་དེ
ཉག་གའི་གསང་བ་ཀློག་གིན་ཕར་ཙམ་བདས
རྫ་རའི་རལ་པར་ལྡད་པའི་འབྲོང་ཁྱུ
ལོ་ཟླའི་དྲོ་གྲང་གྱོན་ཏེ་སྲོད་ལ་རྒོལ
སྒལ་ཚིགས་ཀྱི་ལྷུ་ལག་མ་འཐོར་གོང
འབྲོང་ནི་རང་གཤིས་ཀྱི་འཐོབ་ཤོར་བསམ་མཁན་དེ་ཡིན
གཡའ་རྡོ་དང་སྤང་རྒོད་བརྫིས་བརྫིས་ནས
ཆག་གས་སུ་སོང་བའི་འབྲོང་གི་སུག་བཞི
ལྡོག་ལམ་གང་ཞིག་ནས་སིལ་བུར་གྱུར་དུས
ད་གཟོད ཁྱོད་ཀྱིས་ཅི་ཞིག་དྲན་ཡོད་དམ
འབྲོང་དྲན་པ་ནི་ཉི་ནུབ་གཅིག་པུ་ག་ལ་ཡིན
ཉག་ག་སྲུང་བའི་བླ་འབྲོང་གྲེ་སེར་དེས
ཉི་ཟླའི་རྒྱུ་འགྲུལ་རྭ་རྩེར་ཐོགས་ཏེ
གནས་གཞིས་ཤིག་གི་དུར་ཐང་ནས
རྒྱང་རིང་རྒྱང་རིང་དུ་འཁྱར་དོན་ཅི
2017/8/31

ལྷ་མོ། ཁྱོད་ཀྱི་ལན་པ་ཡིན་གྱི་མ་རེད།
___གསར་བུ། (ཕ་ཡུལ། ལྷོ་ཁ)
སྤྱིར་ན དབུལ་ཕོངས་ཀྱི་ལྷ་མོ་ནི
ཉམས་ཆུང་གི་བུ་མོ་ཞིག་ཡིན་དགོས
ཡ་རབས་ཀྱི་མཛེས་མ་ཞིག་ཡིན་དགོས
འོན་ཀྱང ལན་ཆགས་ཀྱི་ལྷ་མོ་ནི
ཚུལ་ལྡན་གྱི་བུ་མོ་ཞིག་མ་ཡིན
གཡོ་བྲལ་གྱི་མཛངས་མ་ཞིག་དེ་བས་མ་ཡིན
ལྷ་མོས་གོམ་པ་རེ་རེ་སྤོ་དུས
རྒྱབ་ཏུ་མེ་ཏོག་རེ་རེ་བཞད་ཅིང
མེ་ཏོག་གི་སྟེང་ལ་ཆུ་ཐིགས་ཀྱི་ལྷན་པ་རེ་རེ་མནན
ལྷ་མོས་སྐེད་པ་རེ་རེ་དབྱུགས་དུས
བརྒྱ་ལོར་གྱི་ཆར་པ་ཐུན་ཐུན་རེ་འབབ་ཅིང
ཆར་པའི་གསེང་དུ་དྲི་ངན་གྱིས་བཏུམས་ཡོད
ལྷ་མོ་ཕ་ཡུལ་གྱི་ཕྱོགས་ནས་ཐོན་དུས
ཨ་མས་ཁྱོད་ལ་དྲང་བདེན་གྱི་རྫོངས་པ་བསྐུར་ཡོད
ཨ་ཕས་ཁྱོད་ལ་ཡིད་ཆེས་ཀྱི་རྒྱགས་ཕྱེ་བསྐུར་ཡོད
གཅུང་པོས་ཁྱོད་ལ་རེ་སྒུག་གི་སྨོན་པ་གཏད་ཡོད
ལྷ་མོ་གཞན་ཡུལ་གྱི་སྒོ་ཐེམ་བརྒལ་དུས
ལྷ་མོའི་མདུན་ལམ་གྲོགས་མོས་བཟུང་ཞིང
ཐེམ་ཐོ་དེ་ཡང་ཁྲ་ཁྲ་སིལ་སིལ་གྱི་ནང་མ་ཁང་ལ་སྒྱུར
ལྷ་མོའི་སེམས་པ་སྦྱིན་བདག་ལ་དབང་ཞིང
ལུས་པོ་དེ་ཡང་སྐྱེས་པ་དག་གི་བྲན་གཡོག་ཏུ་འགྱུར
ལྷ་མོ ཁྱོད་ཀྱི་མིང་ལ་ལྷ་མོ་ཞེས་ཟེར་དོན་ཅི་ཡིན
ཁྱོད་རང་མཛེས་དྲག་པས་ཡིན་ནམ
ཡང་ན་་་་་་་
ལྷ་མོ ཁྱོད་ཀྱི་མིང་ལ་མེ་ཏོག་ཅེས་བཏགས་དོན་ཅི་ཡིན
ཁྱོད་རང་ལ་བར་ཆད་འདྲ་བྱུང་ངམ
ཡང་ན་་་་་་་་
དེ་ལྟར ལྷ་མོས་ངོ་རིས་ཕྱི་ལ་དབྱུང་ནས
མི་ཚོགས་ཀྱི་གསེང་དུ་གཡོ་གླུ་ལེན
ལྷ་མོས་འདོད་སྐད་རྒྱང་དུ་བསྒྲོགས་ནས
ཡུལ་དུས་ཀྱི་མཛུམ་འབག་ཅི་བདེར་བརྟོལ
མི་ལ་ལས ལྷ་མོ་ཀུང་སི་ཞིག་གི་སྦྱིན་བདག་རེད་ཟེར
མི་ལ་ལས ལྷ་མོ་ནང་མ་ཁང་ཞིག་གི་ཞབས་ཞུ་མ་རེད་ཟེར
དོན་ངོ་མར་བརྗོད་ན
ལྷ་མོ་ནི་གྲོང་ཁྱེར་འདིའི་ཤི་ཟིན་པའི་ཕུང་པོ་ཞིག་ཡིན
ལྷ་མོ་ནི་ཁོར་ཡུག་འདིའི་ཕམ་ཁ་ཆེན་པོ་ཞིག་ཡིན
གྲོང་ཁྱེར་འདི་ནས་ཞལ་གྱེས་ཞུས་ཟིན་པའི་ལྷ་མོས
མིག་ཆུའི་ཐིགས་རིས་རང་ཁྱིམ་གྱི་སྒོ་ཐེམ་བར་དུ་འཐེན་ཏེ
ནོར་འཁྲུལ་གྱི་བཤགས་པ་ཕུལ་ཡོད
འཁྲེང་སེམས་ཀྱི་རྣམ་ཤེས་ཉེ་འཁོར་དུ་གཤམ་བསྐྱོད་བྱེད་ཞོར
མི་མང་པོ་ཞིག་གི་ལམ་སྣེ་མཉམ་དུ་འདྲངས་ཡོད
ད་ལྟ ལྷ་མོ་མི་ཡུལ་དུ་བཞུགས་མེད
མོས་སྡུག་བསྔལ་ཁོག་པ་གང་རུམ་ནས་ཕྱིན་སོང
གྱོན་པ་ནག་པོ་ཞིག་གོན་ནས་ཕྱོགས་མཐར་བྲོས་སོང
ཁ་ཆེམས་ཀྱང་གཞག་ཁོམ་མེད་པར་འབུད་སོང
མི་ཡུལ་གྱི་ལྷ་མོ སྡུག་བསྔལ་གྱི་བཙོན་པ
ཁྱོད་ལ་ནག་ཉེས་ཡོད་དགོས
ཁྱོད་ལ་སྨྲ་མི་ཤེས་པའི་སྡིག་པ་ཡོད་དགོས
ལྷ་མོ ཁྱོད་ཀྱི་ལན་པ་ཡིན་གྱི་མ་རེད
ཚེ་ཕྱི་མར་ཁྱོད་རང་མི་ལུས་ལ་མ་བརྩོན་རོགས
སྡུག་བསྔལ་འདི་ཁྱོད་ཀྱིས་མྱངས་དགོས་པ་ཞིག་མ་རེད
ལྷ་མོ ཁྱོད་ཀྱི་ལན་པ་ཅི་ནས་ཀྱང་ཡིན་མི་སྲིད
ན་ཟུག་གིས་བཀྱིགས་པའི་ལམ་མདོ་འདི་ནས
ཁྱོད་ཀྱིས་ཁོ་ཚོ་མཉམ་དུ་མ་འཁྲིད་ན་ཆོག་གམ
ལྷ་མོ ཁྱོད་རང་ལ་ནག་ཉེས་ཡོད་མི་སྲིད
༢༠༡༧-༥-༢༨མཚན་མོ།

ངང་སྒུག
___རྦབ་ཆུ། (ཕ་ཡུལ། ལྷོ་བྲག)
སེམས་ཀྱི་མིག་རྒྱང་ལས་འབུད་འདོད་པའི་དུས་ཚོད
ངར་ལྡུད་པའི་རྒྱ་ཁབ་ཀྱི་རྩེ་མོ་དམར་ལིང་ལིང་དེ་བཞིན
ཡིད་ལ་ཡང་ནས་ཡང་དུ་གཟན་དུས
དབྱར་གཞུང་རེ་རེར
ཁྱེད་ཀྱི་སྐུ་གསུང་ཐུགས་དང་བཅས་པ
སྐད་ཅིག་མའི་ངོ་བོར་བསྲེས་ཏེ
གངས་རིའི་ཚུ་རོལ་ལ་བསོད་ནམས་ཞིག་བྱིན་གྱིས་གནང་རྒྱུ་ནི
རྟེན་འབྲེལ་བསམས་ཞིང་བསམས་ཞིང སྒོམ་གྱིན་ཡོད་ལགས
སྐྱིད་ཤོད་ཆུ་མོའི་གཞུང་གི་ཡིག་ཆུང་ལན་དུ་མ་སྨྲས་ཀྱང
བཙན་པོའི་ཕྱག་ཏུ་ཕུལ་བའི་བརྗེད་བྱང་ལོང་བར་གྱུར་ཡང
ཨ་དྲུང་སྐལ་བཟང་ལགས་ཀྱི
རྣམ་ཐར་དཀར་ཆག་གིས་སྟོངས་ཀྱང
ཁྱེད་ཀྱིས དུས་གསུམ་གྱི་རྣམ་ཤེས་ཧྲིལ་པོ
མདོ་དབུས་མཐོ་སྒང་གི་བཟོད་པའི་མཐོ་ཚད་ལྟར
འགྱུར་བཞིན་པའི་དུས་ཀྱི་རྣམ་པར་སྤྲུལ་བའི
མི་རྣམས་ཀྱི་བཞིན་རས་སྐྱ་བོ་དེའི་གཟུངས་སུ
རྒྱུ་འབྲས་ཀྱི་ནང་སྙིང་གསོན་པོ་བཞིན་གུས་པས་བསྒྲོན་ཐུབ་པས
ཁེར་རྐྱང་གི་ངང་སྒུག་ལན་གསུམ
སྐུ་ཕྱག་ལན་གསུམ་གྱི་ཚབ་ཏུའང་བྱས་ཏེ
སླར་ཡང ཁྱེད་ཀྱི་ཕྱོགས་ལ་རྟེན་འབྲེལ་བཞིན་དབུལ་འདོད་ཨང
༡༠༡༧/༧/༡༧

རབ་རིབ།
___བདེ་ཆེན་སྒྲོལ་དཀར། (ཕ་ཡུལ། འཕན་པོ།)
ཁ་སང ལ་རྒྱ་ཟེར་བ་ཞིག་ཁ་རུ་ཁྱེར་ཏེ
མི་སེམས་ལ་རེ་བ་སྟེར
དེ་རིང རང་དོན་འབའ་ཞིག་གི་དོན་དུ
འཛུམ་དམུལ་དམུལ་དང་ལྕེ་ནར་ནར་གྱིས
བཅོས་མིན་གྱི་མི་གཤིས་ལ་ལྷད་ཞུགས
དྲང་བདེན་གྱི་མི་སེམས་ལ་གདོན་ཞུགས
སང་ཉིན བཅོས་མ་དེ་སླར་ཡང་བཅོས་མ་དང
བདེན་པ་དེ་སླར་ཡང་བདེན་པ་རུ་འགྱུར་སྲིད་དམ

རི་མོ།
___དབུལ་པོ། (ཕ་ཡུལ། ལྷོ་ཁ)
ཡུན་རིང་བསྒོམས་རྗེས་སུ
ཝ་ལེར་དྲན་ཆོག་ཅིང
ལྷན་ནེར་འཆར་ཐུབ
གཡའ་དག་པའི་ནམ་མཁར
སྤྲིན་ཚོམ་བཏབ་པ་བཞིན
ཀུན་གཞིའི་ངོགས་སུ
བག་ཆགས་བཞིན་བཀལ་ཡོད
“ཀྱེ དེད་དཔོན་ཡ ང་ཡི་དེད་དཔོན”
སྐྱིད་ཆུ་བཞིན བུམ་རི་བཞིན
ག་ལེར་བཞུར་ཆོག གཏན་དུ་བཞུགས་ཆོག
༢༠༡༧/༠༨/༢༡མཚན།

ས་བོན་རྙིད་པ།
___མཚུངས་མེད། (ཕ་ཡུལ། ནག་ཆུ།
མེ་ཏོག་གི་སོན་གཅིག་ཁོག་མར་སྦས
དེ་ལ་ཆུ་ཡི་ལྷན་པ་བསླན
མཐོ་ས་ནས་མཐོ་ས་ཞིག་ལ་ཁྲི་བཤམས
སྙིང་ཉེ་བ་ཞིག་གི་ན་རེ
དེ་ལ་རྩ་བ་རྒྱས་ཏེ་རྩེ་མོ་སྨིན་གྱུར་ན
རྔན་པ་ཡིད་ཚིམ་པར་སྦྱིན་ཞེ་འོ
རྔན་པ་དེ་ཁོ་ནའི་ཕྱིར
ངས་ཉིན་ལྟར་ཆུ་མང་པོ་བླུད
ལོ་མ་ལྟ་བུ་ཞིག འདབ་མ་ལྟ་བུ་ཞིག
ཡུན་རིང་བསྒུགས་བསྒུགས་པས
མཐར་ས་འོག་ཏུ་རུལ་ཏེ་ཚེ་ཟད་འདུག
ངས་རྔན་པ་དེར་ཡིད་འཕྱོ་ཐེངས་རེར
སེམས་པ་འདིའང་ཁོག་མ་བཞིན
བང་སོ བང་སོ བང་སོ་ཞིག་ཏུ་གྱུར་སོང
༢༠༡༧-༧-༢
རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།