རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་གསར་བྲིས་ཚིགས་བཅད་སྐོར་ཞིག

453

IMG_6878.JPG

རྨི་ལམ་གྱིས་ཟིན་པའི་ཚིགས་བཅད་ཁ་ཤས།


གཟུགས་ཀྱིས་མིག་འོད་ཡོལ་གྱུར་ཅིང་།།

དེ་བཞིན་སྒྲ་ཡིས་རྣ་མ་བཟུང་།། 

རླུང་བུས་སྡོང་ལོ་འཁྲིད་པའི་ཚེ།། 

བདག་ནི་ད་དུང་རེ་བས་མནར།།

བདག་ནི་ཉེན་པའི་སྐབས་དག་ཏུ།། 

མདུན་གྱི་རྩིག་པ་ལ་གནས་པའི།། 

རི་མོ་དེ་འང་འཇིག་པ་བཞིན།། 

སྐྲག་པའི་ངང་དུ་འབྲོ་བ་བཞིན།།

ཡིད་ཀྱི་ནམ་མཁའ་གང་ལ་ནི།། 

རྒྱ་སྐྱེགས་ཁུ་བའི་མདངས་འཛིན་ཅིང་།། 

མ་རྙོག་པ་ཡི་བདུད་རྩི་དེས།།

ཞལ་གྱི་བསུང་ཞིམ་ཁྱེར་བར་དོགས།།

རྨི་ལམ་ཉིད་གྱུར་ཀུན་དའི་ནགས་ཀྱི་ཚལ།།

བསུང་ཞིམ་གྱིས་མཛེས་སྙིང་ལ་རབ་དུད་པ།། 

རེ་བའི་སྦྲང་རྩི་འཛིན་རྣམས་མིག་གི་སྒོར།། 

ཟླ་བའི་མཚོ་ལ་ངང་ཁྱུ་བབས་པ་བཞིན།།

དེ་ཡི་གྲིབ་མ་དང་འགྲོགས་པའི།། 

སྨིན་མ་གཡོ་བའི་རྩེ་མོ་རུ།། 

སྐར་མའི་ཚོགས་ཀུན་འདུ་འཛི་ཡི།། 

ནགས་སུ་ངེས་པར་འབྱུང་བ་སྐྱེས།།

གདུང་བའི་ཞེ་ལ་ཟགས་པ་སྟེ།།

སྤྲིན་ནི་ཆུ་མ་ལྟར་དུ་བྲུལ།། 

བྱིན་པའང་ཐེག་པར་དཀའ་བ་ཡང་།། 

ཉེན་པའི་སེམས་ཀྱི་ཡུ་བ་འོ།།

ཟླ་འོད་ལ་འང་གདུང་བ་ཡི།།

ཚོར་བ་འཛིན་པའི་ཇོ་བོ་ནི།།

ལུས་ཀྱི་རྔུལ་གྱི་གསེབ་དག་ཏུ།།

ལྟུང་བར་གྱུར་བའི་བཞིན་དེ་སྨད།།

       གབ་པ་དང་དཀྲུགས་པའི་རྩོམ་ཉམས་ནི་བོད་རང་གི་སྲོལ་རྒྱུན་སྙན་ངག་གི་གཞུང་གི་རྩ་བར་ཐོན་པ་ཞིག་ཡིན་པས། ངེད་ཅག་ཚིགས་བཅད་ལ་ཅུང་གོམས་པ་ཡོད་མཁན་དག་གིས་རྒྱུན་གཟུང་སླད་དུ་འབྲི་འོས། རྒྱུན་གཟུང་རྒྱུ་ཁོ་ནས་ཀྱང་མ་ཡིན་པར་ཚིག་ངོས་ཀྱི་མཛེས་པ་དང་མཛེས་པ་དེའི་ཕ་རོལ་གྱི་སྙན་རོ་འདོན་པའི་གནད་ཀ་ཡང་ས་འོག་གི་གཏེར་བཞིན་ཡོད་པ་ཤེས་དགོས་སོ།།

 

     སྤྱིའི་བསྡུས་བརྗོད་ཀྱི་རྒྱན།

 

ཡིད་ཀྱི་སྒོ་གླེགས་བསལ་བའི་རྫིང་བུར་ཨུཏྤལ་དྲིས་བསྒོས་རྟག་ཏུ་མཚར་སྡུག་འཛིན།།

ཆང་གིས་མྱོས་པའི་ར་རོ་འཛིན་དེ་མིན་པའི་ལང་ཚོས་དུད་པའི་ངལ་བ་ཅན།།

མ་སྨད་སྙིང་ལ་རབ་ཞུགས་མཛའ་བ་འཆང་གང་གནས་དང་གནས་མིན་སྟོན་མཁས་པ།།

མཁའ་རུ་བགྲོད་པའི་རྐང་འགྲོས་འདོར་མཛད་ཟླ་བའི་གཟུགས་ཅན་ཡིད་ལ་འདའ་དཀའི་རྒྱ།།

ངག་གི་ཆོ་ག་ལ་བཟླས་པའི།།

ཡིད་ལ་གོམ་པ་སྤོ་མཁས་དེ།།

གྲིབ་མ་ཙན་དན་གྱིས་བྱུགས་པ།།

ཐ་མི་དད་པའི་སེམས་དང་འདྲེས།།

བསགས་པའི་ལས་དེས་སྒུལ་བྱེད་པའི།།

པདྨོ་ཟིལ་བའི་རྡུལ་འཛིན་པ།།

རྙིང་བ་མིན་གང་དེ་ཡི་ནི།།

རི་མོ་ཇི་སྙེད་གང་ལ་ཕྱོགས།།

ཟླ་བ་རི་བོང་ཅན་དེ་མིན།།

ཀུ་མུད་ཟེའུ་འབྲུ་གཡོ་དེ་མིན།།

ཇི་སྙེད་མཚར་སྡུག་ཡོངས་སྨིན་པ།།

རྣམ་པར་རྟོག་པ་འཕྲོ་བྱེད་པ།།

དྲག་པོའི་ཨུ་མར་སྡང་བྱེད་པ།།

སིལ་སིལ་སྒྲ་ལྡན་ངང་མོ་དཀར།།

གདོང་བཞིའི་པད་ཚལ་ལས་ཕྱུང་བ།།

ཟུར་ཕུད་ཅུང་ཟད་གཡོ་ལྡན་པ།།

བདག་གི་སྙིང་ལ་རབ་ཏུ་འཇུག།


       ཐོལ་མགུར།


སྤྲིན་དཀར་ལྕིད་གྱིས་མནན་པའི་སྟག་ལུང་རི་བོ།། 

བྱ་རྒྱལ་ཐང་དཀར་རྒོད་པོས་གཤོག་རྩལ་ངོམ་ས།། 

གྱ་གྱུའི་འགྲོས་ལྡན་དགུ་འདུས་ལྷ་ཆབ་སྔོན་མོ།། 

གཉུག་མའི་བཙན་པོའི་གདུང་གིས་ཞལ་འཁྲུས་གནང་ས།། 

སྟོད་ཀྱི་འབྲོག་སྡེ་སྨུག་པོ་འབྲོང་གི་ཕ་ས།། 

བར་གྱི་ཆོས་སྡེ་དཀར་པོ་བསྟན་པའི་མཛོད་ཡིན།། 

སྨད་ཀྱི་རོང་སྡེ་ཁྲ་མོ་འབྲུ་ཡི་གཞི་མ།། 

ཕ་ཡུལ་གསེར་ལྗོངས་སྟོད་སྨད་གཡང་དུ་ཆགས་ཡོད།། 

སྐལ་ལྡན་རས་པས་མགུར་ཆུང་རི་ནས་བླངས་ན།། 

རྟེན་འབྲེལ་གནད་ཀྱི་གསང་ཚིག་དབྱངས་ཀྱིས་བཀྲོལ་འོང་།། 

བྱ་བཏང་ཚོགས་དྲུག་གཟན་སྣེ་གངས་རིར་བརྐྱངས་ན།། 

རྣམ་རྟོག་སྦྲུལ་གྱི་མདུད་པ་རང་སར་ཞིག་འགྲོ།། 

ཀྱེ་མ་ཀྱེ་མ་རྒྱལ་ཁམས་རིག་པས་བསྐོར་བའི།། 

བྱར་མེད་བརྟུལ་ཞུགས་འཆང་བའི་དགེ་འདུན་ཆོས་འཕེལ།། 

ངོ་བསྲུང་ཚིག་གིས་བསླུས་པའི་ཟོག་པོ་མིན་ནོ།། 

བདེན་པའི་བཙན་ས་ཟིན་པའི་སེང་གེ་ལགས་སོ།། 

ད་དུང་མདོ་སྔགས་ཆོས་ཀྱི་ཤིང་རྟ་འདེད་པའི།། 

ཕ་རྒོད་མར་ནང་ཡབ་སྲས་གསེར་གྱི་ལྷུན་པོ།། 

རིག་པ་ཕྱོགས་སུ་ལྷུང་བའི་མཁྲེགས་འཛིན་མི་མངའ།། 

མཁས་བཙུན་གཉིས་ལྡན་འཛམ་གླིང་མཛེས་པའི་རྒྱན་ཡིན།།

ངུར་སྨྲིག་བླ་གོས་འཆང་བའི་དགེ་འདུན་ཚོགས་དང་།། 

གོས་དཀར་ལྕང་ལོ་མནབས་པའི་རིག་འཛིན་འཁོར་ཚོགས།། 

ཞྭ་དཀར་གཡུང་དྲུང་འཛིན་པའི་གྲུབ་བརྙེས་ཚོགས་རྣམས།།

མཁའ་ལ་རྒྱུ་སྐར་བཀྲ་བའི་ཚུལ་དུ་ཤར་ཡོད།། 

སྒྲོ་བཏགས་མ་ཡིན་ལོ་རྒྱུས་དེབ་ཐེར་རིང་བ།།

ཕྱོགས་ལྷུང་མ་ཡིན་མཁས་པས་རྒྱལ་ཁམས་བསྐོར་མྱོང་།།

རྫུན་བསྒྲིགས་མ་ལགས་རང་བཞིན་དྲང་བོར་བརྗོད་ན།།

དཀར་ཕྱོགས་སྐྱོང་བའི་མི་རྣམས་དགྱེས་འཛུམ་སྟོན་ངེས།།


           སྨོན་ལམ།


བླ་མ་སྤྱན་རས་གཟིགས་དབང་དངོས།།

དགེ་སློང་ཚུལ་དུ་བྱོན་པ་ཡི།།

པོ་ཏ་ལ་ཡི་ཕོ་བྲང་ནས།།

རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།།

གཡས་ནས་གཉེན་གྱིས་བཏང་བ་དང་།། 

གཡོན་ནས་གྲོགས་ཀྱིས་བསྐྱུར་བའི་ཚེ།། 

བྱ་སྤུ་རླུང་གིས་ཁྱེར་བ་བཞིན།། 

གར་འགྲོ་འདིར་འདུག་དབང་མེད་པར།། 

ལས་ཀྱིས་ཁ་ལོ་སྒྱུར་བའི་དུས།། 

མགོན་པོ་འོད་དཔག་མེད་པ་མཁྱེན།། 

ཤ་རུས་བྱ་དང་ཁྱི་ཡིས་འབྲད།། 

སྐྲ་ལོ་རྩྭ་དང་ཤིང་མགོར་གཡེངས།། 

གྲིབ་མ་ཙམ་ཡང་བོར་བའི་སྐབས།། 

མགོན་པོ་འོད་དཔག་མེད་པ་མཁྱེན།། 

རེ་དོགས་ངང་ནས་སེམས་མ་བདེ།། 

འདུ་འཛིའི་ཁྲོད་ནས་ལུས་མ་དལ།། 

ཀྱལ་བའི་གཏམ་གྱིས་ངག་མ་དལ།། 

མ་དལ་མ་འགྲུབ་ངང་གིས་ནི།།

གློ་བུར་ཚེ་འདིར་བྲལ་བའི་སྐབས།།

ཅི་བྱས་ཆུ་ཡི་ཆུ་བར་བཞིན།། 

སྙིང་པོ་མེད་པའི་མཐར་ལྷུང་དུས།། 

གང་བསམ་སྒྱུ་མ་རྨི་ལམ་བཞིན།། 

སྐད་ཅིག་ཡལ་བའི་ཚུལ་མཐོང་དུས།། 

མགོན་པོ་འོད་དཔག་མེད་པ་མཁྱེན།། 

ཚེ་ལ་སྣོན་མེད་ཤེས་བཞིན་དུ།།

ལས་ལ་ངེས་པ་སེམས་བཞིན་དུ།། 

འདུ་འབྲལ་མངོན་སུམ་མཐོང་བཞིན་དུ།།

ང་འོ་ང་ཡི་ཞེན་པ་འདིས།། 

མཐོ་ལ་དམོད་ཅིང་དམའ་ལ་བརྙས།། 

བར་ལ་བརྩད་ནས་དུས་ཟད་ཚེ།། 

དབུགས་འགྱུ་ཙམ་གྱི་དབང་མེད་པར།། 

མེ་ཏོག་ཆུ་ཡིས་ཁྱེར་བ་བཞིན།། 

བྱེ་འུ་ཁྲ་ཡིས་བཟུང་བ་བཞིན།། 

འཆི་བདག་ནག་པོས་ཁྲིད་པའི་དུས།། 

མགོན་པོ་འོད་དཔག་མེད་པ་མཁྱེན།། 

བར་དོར་འཇིགས་སྐྲག་ཅི་འཆར་བ།། 

སེམས་ཀྱི་འཁྲུལ་བར་མཐོང་བར་ཤོག། 

གནས་ལ་ངེས་པ་མེད་པའི་སྐབས།། 

བླ་མའི་གདམས་ངག་དྲན་པར་ཤོག།

སེམས་སུ་བྲིས་པའི་ཡི་གེ།

ཁྱེད་ནི་ཉི་མའི་འོད་ལ་བྱས།།

བདག་གི་སེམས་སུ་རྣམ་པར་གསལ།།

ཡས་ཀྱི་ཅ་ཅོ་ཁྱེད་ལ་མེད།།

དབེན་པའི་ནགས་ན་ཞི་བར་གནས།།

ཟླ་བའི་ཟེར་ལ་ཁྱེད་ཉིད་བྱོན།།

ཡིད་ཀྱི་ཀུ་མུད་བཞད་པར་མཛད།།

མས་ཀྱི་འདུ་འཛི་ཁྱེད་ལ་མེད།།

བསྐྱུངས་པའི་བརྟུལ་ཞུགས་རྣམ་ཀུན་འཆང་།།

བསིལ་བའི་རླུང་དང་འདྲ་བ་ཁྱེད།།

ཚ་བས་ཉེན་པའི་དུས་ལ་བྱོན།།

སྒྲ་མེད་ངང་དུ་སེམས་ལ་འཛུལ།།

བཀྲེས་སྐོམ་གདུང་བ་སེལ་བར་བྱས།།

ཁྱེད་ཉིད་ཐེངས་གཅིག་སྒོམ་པས་ཀྱང་།།

སྡུག་བསྔལ་གསུམ་གྱི་རྩིག་པ་འགྱེལ།།

མ་བཅོས་ཡིད་ཀྱི་མེ་ལོང་བཀྲུས།།

རྒྱུ་དང་མི་རྒྱུའི་འཇིག་རྟེན་ལས།།

སྙིང་ག་ལ་གནས་མགོན་པོ་མཐོང་།།

ཨེ་མ་ནགས་ཀྱི་གནས་མལ་བ།།

བདག་གི་སེམས་ཀྱི་རིན་པོ་ཆེ།།

མ་འབྲལ་འབྲལ་མེད་ངང་དུ་བཞུགས།།

དངོས་གྲུབ་འཇོ་བའི་ཕོ་ཉ་གྱིས།།

སེམས་དང་དབྱེར་མེད་འདྲེས་པ་ཡི།།

རྨི་ལམ་དང་མཚུངས་ཁྱེད་ཉིད་ལ།།

སྒྱུ་མ་དང་མཚུངས་བློ་བཀལ་ན།།

ཆོ་ག་མ་ལུས་བདག་ལ་རྩོམས།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།