སྡེ་དགེའི་བུ་མོ་ཞིག་ལ་བྲིས་པའི་སྙན་ངག

1533

 

རྩོམ་པ་པོ།   དུ་བ།  

 

IMG_4734.JPG

      གཙང་པོ།

                                    Gཞེས་པའི་སྡེ་དགེའི་བུ་མོ་ཞིག་ལ། 


1

གསང་བ་མཐའ་དག་རྡོ་དང་ཆུ་ལ་སྦས།།

རྡོ་དང་ཆུ་བོ་བས་མཐའི་སྒོ་དར་ཡིན།།

ཀྱེ་ཀྱེ་ཡུན་རིང་མིག་ལ་འཐོག་པའི་ཁྱོད།།

ལུག་ཁྱུའི་སྤྲིན་བཞིན་མཚོ་ཁར་གཡེང་འགྲོ་འམ།།

མཚོ་ནང་ཤོག་བུའི་གྲུ་ཤན་དཀར་པོ་དག།

སྲིད་པའི་གླུ་ཆུང་ལྟར་དུ་ཨེ་འདོད་ལགས།།

སྲིད་པའི་གླུ་ཆུང་སྣ་མའི་སྣ་ལྕི་བཞིན།།

ཐོག་དང་མཚོན་གྱིས་གཏོར་རབས་མི་སྲིད་པས།།

ཁྱོད་ཀྱི་མིག་ནི་སྒྱུ་འཕྲུལ་དེ་དག་གི།།

ཆོ་འཕྲུལ་བརྒྱ་དང་བརྒྱད་ཀྱི་གར་ལ་འཐོག།

ང་ཡང་དེ་ཚོའི་ངོ་མདང་ཟད་པོ་ལ།།

ཡུད་ཙམ་ཅེར་ནས་གློ་རྡེག་སྐྱོ་སྐྱོ་བྱུང་།།

གཤོག་པ་བརླན་པས་གཙང་མཐའ་ཉུལ་ཉུལ་བྱས།།

2

གནམ་སའི་བར་ཐག་ལས་ཀྱི་ཆུ་མགོ་རེད།།

ཉི་ཟླའི་འཁོར་ལམ་སེམས་ཀྱི་ཐག་རྡང་འདྲ།།

བསྐལ་བའི་བསྐལ་བ་འདྲ་བའི་ལོ་ཟླ་ནི།།

ཁོ་བོས་བསྒུག་པའི་སྨུག་ལམ་རིང་མོ་སྟེ།།

ཉིན་མཚན་དབྱེར་མེད་འཁོར་བའི་དྲན་གདུང་ལགས།།

ད་ལྟ་ཁྱེད་རང་རྡུལ་དང་བྱེ་མ་བཞིན།།

མེ་ཏོག་སྤར་གང་ཁྱེར་དེ་གང་དུ་འགྲོ།

ངས་ཀྱང་གྲིབ་མའི་ཚུགས་ཀ་འཛིན་པ་བཞིན།།

ཉིད་ཀྱི་རྐང་རྗེས་དེད་ནས་གང་ལ་རྒྱུག།

ད་ནི་ཁྱེད་ལ་ངལ་བ་མི་འདུག་གམ།།

ང་ཡང་ཅུང་ཟད་ཁག་པོ་ཆགས་ཀྱིན་འདུག།

ས་ཚུགས་འདི་ཡི་སྤྲིན་དང་རླུང་བུ་ཡང་།།

འུ་གཉིས་ཕྱོགས་སུ་བལྟས་ནས་ཆད་པ་འདྲ།།

3

ཁྱེད་རང་འགྲོ་སའི་ལམ་འདི་གང་ལ་ཟུགས།།

ལམ་སྣེར་བདག་གིས་ཤོག་བུའི་ཁང་ཆུང་ཞིག།

ཡང་ཡང་རྨི་ལམ་དབུས་ནས་བཟོ་ན་འདོད།།

དེ་རུ་སྤྲིན་དང་ལུག་ཁྱུའི་རྫི་རོགས་ཤིག།

ཁྱེད་ཀྱི་སྐྲ་ལོའི་གསེབ་ནས་འཐུ་དགོས་བསམ།།

དེ་རུ་གཞས་དང་སྙན་ངག་གྱེར་རོགས་ཤིག།

ཁྱེད་ཀྱི་ཆང་ཕོར་ཁ་ནས་ལེན་དགོས་བསམ།།

ཡིན་ཡང་དེ་ནི་མཐའ་མའི་སྐྱབས་འཇུག་སྟེ།།

བདག་གི་ལས་མཐའི་མིག་མང་སྣུད་སྟངས་སམ།།

འཁོར་བའི་སྐུད་པའི་སྐྱ་ཡ་སྦྲིམ་ལུགས་སྟེ།།

འདི་ལ་ནོར་འཆུག་བྱུང་མིན་སུ་ལ་འདྲི།།

འདི་ལ་ཁྲམ་རྟགས་ཐོབ་མིན་གང་ལ་འདྲི།།

དེ་ལྟར་ཡིན་ཚེ་ཅི་འདྲའི་འཁྱག་པོ་ཨང་།།

4

ནམ་ཞིག་ཁྱོད་ཀྱིས་བདག་གི་མེ་ཏོག་དག།

ལག་པས་རེག་གིན་སྣ་མགོར་ཚད་ཀྱིན་དུ།།

རླུང་རྟ་སྤུར་སའི་རི་ཁའི་ལབ་ཙེ་དེར།།

རྒྱང་མིག་ལྟ་ཞིང་ཉི་ཡོལ་འཕེན་གྱིན་དུ།།

ཉིན་དེར་ཆས་པའི་སྐྱ་མི་ཆད་པོ་དེར།།

ཅི་ཞིག་ཆད་པའི་སྡིག་སྒྲིབ་བཤགས་ཆེད་དམ།།

ཅི་ཞིག་ཤོར་བའི་སྨྲེ་ངག་སེལ་ཆེད་དུ།།

སྙན་ངག་ཐུང་ཐུང་འདི་ཡང་བཀླག་སྲིད་དེ།།

དེ་དུས་འདི་ནི་བསྔོ་ཡིག་ཙམ་དུ་འཐུས།།

ཡང་ན་གློག་གི་འཆར་ཡོལ་དཀར་པོ་སྟེ།།

ནང་གི་གཏམ་རྒྱུད་ཤ་ཚ་དེ་དག་གིས།།

ཁྱོད་ཀྱི་གདོང་ལ་ཤྭ་འོད་རྒྱུགས་ཀྱང་སྲིད།།

སྐབས་དེར་ཕྱི་དྲོ་ཡིན་པ་ཤེས་ཀྱང་སྲིད།།

5

ད་ནི་བྱང་ལམ་མིག་ལ་འཁྱག་པོ་འདུག།

མི་ལོ་གསུམ་ཀྱང་ཞེ་རུ་ཁག་པོ་འདུག།

ཀྱེ་ཀྱེ་བུ་མོ་ཁམ་དཀར་མེ་ཏོག་མ།།

མེ་ཏོག་འདྲ་བའི་བུ་མོ་ཁམ་དཀར་མ།།

འདི་ནི་མཇུག་མཐའི་ཁྱོད་ཀྱི་སྙན་ངག་གམ།།

ཁྱོད་ལ་དབང་བའི་སྙན་ངག་མཐའ་མ་སྟེ།།

མི་ལོ་གསུམ་གྱི་ཕྱི་དྲོའི་གྲིབ་ཆེན་ཁར།།

ན་ཟུག་བསླེས་པའི་སྡོམ་ཚིག་ནག་པོ་ཡིན།།

ཡིན་ཡང་སྐྱེ་བ་སྔོན་ལས་ཟེར་བ་དེས།།

ཁྱེད་རང་གཟས་ནས་ང་དང་ཉེ་བར་ཁྲིད།།

ང་ཡི་”མཛེས་པའི་སྟོང་བསམ་ཁྲོད་དུ་ཁྲིད”།།①

དེ་ནས་ང་ལ་ཡང་བསྐྱར་ཅི་ཞིག་ཟེར།།

དེ་ནས་ཡང་བསྐྱར་བློས་ཀྱིས་མ་ཐོངས་ཐལ།།

6

ཁྱོད་ཀྱི་ཆེད་དུ་ང་རང་ཆུ་ལ་ལྕེབས།།

ཆུ་ནང་ཤར་བའི་ཟླ་བའི་ཀོ་གྲུའི་ཐོག།

ཁྱོད་རང་འདྲ་བའི་གཞས་ཤིག་ཨེ་ཚོར་སྙམ།།

གཞས་དེ་ཚོར་ན་ང་ཡི་རྟ་ཕོའི་ཡང་།།

རྨིག་བཞི་ཁྲག་ལ་ཟེགས་པ་སྣང་ཆུང་རེད།

ཡིན་ཡང་ང་ཡི་ལས་མཐའི་རྡེ་འུ་ནི།།

ཧ་ཅང་ནག་པའི་སྐར་མ་རེད་པས་སམ།།

ཧ་ཅང་ཕྲ་བའི་རྟ་རྔ་སྲིད་པས་ལགས།།

གང་ལྟར་ཁྱེད་ཀྱི་ལང་ཚོའི་མེ་ཏོག་ཀྱང་།།

མི་ཕོ་སུ་ཡི་མདའ་ལ་དྲངས་སོང་བས།།

མདའ་དེ་ད་དུང་ལག་ལ་འཆང་གིན་དུ།།

ང་ཡི་ཕྱོགས་སམ་འདི་ཕྱོགས་གཏད་ཀྱིན་དུ།།

ཀྱེ་ཀྱེ་ཁྱོད་རང་དཀའ་ལས་མྱངས་སོང་ཟེར།།

7

ཞག་པོ་གསུམ་གྱི་སྙིང་མཐུན་ཟེར་ཡ་དེས།།

ཁྱེད་རང་རྟ་ཐོག་ཕུད་དེ་གང་ལ་ཁྲིད།།

རྟ་ཕོའི་སྲབ་མདའ་ལག་ནས་གཏོང་ཉིན་མོར།།

སྨུག་པས་མགོ་ཐོམ་བྱུང་ནས་གང་དུ་སོང་།།

ད་ཆ་རི་སྐེད་དར་མ་སྤྱང་ཀིས་གང་།།

རི་རྩེར་ཇག་པའི་རྟ་རྨིག་ཁྲོབ་ཁྲོབ་གྲགས།།

རི་འདབས་ཁོ་བོས་མེ་དྲོད་གསོ་བཞིན་དུ།།

སྙིང་མགོ་འཁྱག་ལ་འབྱར་བའི་ཁྱེད་རང་བསྒུག།

ཁྱེད་ཀྱི་ལན་སྐྲའི་ནང་གི་ཁ་བ་དང་།།

ཞེན་ཆགས་གཙང་པོའི་ངོགས་ཀྱི་སྨྲེང་བ་སོགས།།

མེ་ཏོག་ཟིལ་ཆུ་ཁྱེར་ནས་བཀྲུ་འདོད་ཡོད།།

འཇའ་ཚོན་གོས་ཆེན་ཁྱེར་ནས་གཡོག་འདང་ཡོད།།

ད་ལྟ་ད་དུང་གཅེར་བུ་མ་རེད་ལགས།།

8

ད་ནི་འུ་གཉིས་ལམ་ཐུག་མགྲོན་པོ་འདྲ།།

བར་དང་འབྲེལ་ཐག་སྐྱེ་བ་སྔ་ཕྱི་འདྲ།།

ཁྱེད་ཀྱི་སྐྲ་ཉག་འཐོག་སའི་སྡོང་བོ་ཡང་།།

ཁ་བ་བབས་པའི་མཚན་ལམ་རིང་མོ་རེད།།

ད་ནི་འུ་གཉིས་ཉི་ཟླའི་ཐག་རྡང་འདྲ།།

ལན་ཆགས་དགུ་བརྒྱ་བདག་གི་ཁུར་བོ་འདྲ།།

ཁྱེད་ཀྱི་མེ་ལོང་ཤར་སའི་ནམ་མཁའ་ཡང་།།

ལོ་ཟླའི་འཁྱག་ལ་འབྱར་བའི་གཙང་པོ་རེད།།

ངས་ནི་འདི་ལྟར་ལམ་ཁའི་གློག་སྒྲོན་འོག།

ཁྱེད་རང་བསྒུག་ནས་སྙན་ངག་ཅི་ཙམ་བྲིས།།

སྙན་ངག་རེ་རེའི་ཁྲོད་ཀྱི་ན་ཟུག་ཀྱང་།།

ཆར་ཆེན་རྗེས་ཀྱི་རྡོ་གཅལ་སྲང་ལམ་བཞིན།།

ཤྭ་འོད་མངའ་ལ་འཁྱག་སིབ་འཕྱུར་བ་ཨང་།།

9

ད་ནི་འདྲིས་ནས་ལོ་གསུམ་རྒྱབ་ལ་ཤོར།།

རྨི་ལམ་འཁྲུལ་ནས་ཚེ་རབས་གཅིག་ཙམ་འགོར།།

ཁྱེད་རང་རྟག་ཏུ་ཁ་ཁུ་སིམ་མེར་སྤྲོ།།

རྟག་ཏུ་ང་རང་དམར་གསོད་གཏོང་རྒྱུར་གོམས།།

སྐྱེ་བ་འདི་ཡི་ལན་ཆགས་དེ་ལ་རྫོས།།

མི་ཚེ་འདི་ཡི་ཆད་པ་དེ་ཡིས་བྱོས།།

འཁྲུལ་སྣང་འདི་ལ་བསྐྱར་ཟློས་མེད་པར་ཤོག།

གཏམ་རྒྱུད་འདི་ལ་ཡང་བཤད་མེད་པར་ཤོག།

ད་ནི་ང་རང་འདི་ལྟར་སྨྲེང་བ་ཡི།།

མཐའ་ཡས་མུན་པ་དེ་ལས་གྲོལ་གྱུར་ཅིག།

ད་ནི་ང་རང་འདི་ལྟར་ཡུ་མུག་གི།

མཚན་ལམ་བྱེ་བའི་ཁུག་ནས་ཐར་གྱུར་ཅིག།

ཞེན་ཆགས་མཚོ་མོའི་གཏིང་ནས་རྡོལ་གྱུར་ཅིག།

                                    2017.6.1—2017.6.13ལ་ལན་གྲུ་ནས། 
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།