
འཁོར་བ།
མི་རྟག་མཇའ་འཕྲུ་ལག་པས་རེག་བཞིན་དུ།།
ཚེ་ཡི་དར་ལྕོག་རླུང་གིས་སྤུར་བའི་ངང་།།
འཛུམ་ཁྲོའི་རི་མོ་ཐང་ལ་བཀོད་པ་འདི།།
སྤྱི་ཚོགས་སྐྱ་བོ་ཡིན་པའི་མཚན་ཉིད་ཡིན།།
དྲུང་དུ་འཇལ་ན་འཛུམ་གྱི་མེ་ཏོག་བདོག །
རྒྱབ་ཏུ་ཡིབ་ན་དུག་གི་མདའ་མོ་འཕེན།།
ཁ་དོག་སྣ་ཁ་མང་བའི་གྲུབ་ཚུལ་འདི།།
མྱི་སེམས་ཡོས་ཁྲ་ཡིན་པའི་གཤིས་ལུགས་ཡིན།།
སྒྱུ་མའི་རྟ་གླང་འོག་ཏུ་ཞོན་བཞིན་དུ།།
འདུས་བྱས་ཟིལ་བས་གཤོག་འགྱུར་བརྡེབས་ཀྱིན་དུ།།
སྐྱིད་སྡུག་ངེས་མེད་རྒོ་བའི་རྭ་ཁ་ལ།།
ངེས་མེད་བདེ་སྡུག་གཉིས་ཀྱི་རི་མོ་འགོད།།
གྱང་།
གྱང་རྩི་དཀར་པོ་ཅན་གྱི་སྒེའུ་ཁུང་ནས།།
མཆོད་མེ་གསལ་མ་ནོག་གི་འོད་ཅིག་འཕྲོས།།
དེའི་རྒྱབ་ནས་གསལ་ལ་མི་གསལ་གྱི།།
ཤུབ་ཤུབ་འགོད་ཅིང་ཤུབ་ཤུབ་ངུ་ཤོམ་བྱེད།།
སྐས་ཐེམ་བརྒྱ་དང་བརྒྱད་བཅུ་བརྒལ་བའི་རྗེས།།
རྣམ་ཤེས་ཁྲི་འབུམ་གཟན་གྱི་སྣེ་རུ་འཇུས།།
ཕྱི་མིག་ལྟ་ཞིང་གཟན་ནི་ཕྲག་པར་འཕངས།།
སྣང་བའི་ཟིལ་བ་སྐྱ་མོ་ཅུང་ཙམ་ལྡིང་།
ཆང་ཕོར་ནང་གི་མེ་ལོང་ཆག་རོ་ཞིག །
མགུར་གྱི་སྟེང་ནས་ཞབས་བྲོ་ཨེན་ཙམ་རྒྱབ།།
སླར་ཡང་བར་བསྐོར་ནང་ནས་འཁྱལ་འཁྱོལ་གྱིས།།
ཁྱི་དང་སྤྲང་པོའི་ཚོགས་ལ་སྙན་ངག་གྱེར།།
དུས་དེ་དབྱར་ཀར་ཟེར་ན་ཁ་བ་འབབས།།
དུས་དེ་དགུན་ཁར་བཤད་ན་མེ་ཏོག་ངུ་།།
འཁོར་བའི་ཕོ་བྲང་འཁོར་བའི་ནོར་གླིང་ནས།།
ཚངས་དབྱངས་ལགས་ཀྱིས་མགུར་གྱི་ཞབས་རྗེས་དཔར།།
ཟླ་དྲུག་པའི་ཆར་པ།
བྱེའུ་ཆུང་གཤོག་ཁྲ་ཞིག་ཁང་བའི་བད་ཀར་ཡིབས་ནས།།
འཇིག་རྟེན་སྐྱིད་སྡུག་གི་མངར་སྐྱུར་རེས་མོས་མྱོང་ཞིང་།།
ཡུལ་དྲུག་མེ་ཏོག་གི་རྒུམ་བུ་མཉམ་དུ་རོལ་དུས།།
དྲུག་པའི་ཆར་ཟིམ་འདི་ཁྱོད་ཀྱི་ལོངས་སྤྱོད་ཡིན་ཨང་།།
ནམ་ཞིག་ང་རང་ནི་ཚེ་ཡི་འཕེན་པ་གཏོང་དུས།།
དུར་སའི་ཞིང་ཁམས་སུ་རྡོ་དང་ཤིང་གིས་སྟོང་སྟེ།།
དྲུག་པའི་ཆར་ཟིམ་དང་ཡང་ན་ཁ་བ་མཉམ་དུ།།
སྦས་དགོས་ལུང་བསྟན་འདི་རང་གིས་རང་ལ་རྒྱབ་ཡོད།།
ཆར་གདུགས་སེར་པོ་ཡི་རི་མོ་གསལ་མ་ནོག་རེད།།
སྟེང་གི་ཐིགས་སྒྲ་འང་རྣ་བའི་བཅུད་དུ་ལེན་ཞིང་།།
ལག་པ་ལག་པ་རུ་འཁྲིལ་བའི་དུས་ཤིག་ཡོད་ན།།
དྲུག་པའི་ཆར་བ་འདི་འུ་གཉིས་སྐལ་བ་ཡིན་བཞག །
གཙུག་ལག་ཁང་ནས་ཕྱིར་མིག་ཤོར་བ།
སྣང་བའི་སྟེང་གི་ཁྲག་ཐིགས་ནི།།
ཁྱེད་ལ་འཕོས་པའི་མེ་ཏོག་ཡིན།།
སེམས་ཀྱི་ལོ་མ་ལྗང་ཁུ་འདི།།
ལྕང་མའི་རྩེ་ནས་ཞབས་གྲོ་འཁྲབ།།
མིག་གི་བུང་བ་ཁྲ་མོ་འདིས།།
ཟུར་མིག་ཅན་ཞིག་འཚོལ་བར་བྱེད།།
ཆོས་ཀྱི་བསྐྱེད་པའི་དུང་སྒྲས་ནི།།
ཏིང་ངེ་འཛིན་ལ་སྐུལ་བར་བྱེད།།
རྨི་ལམ་སེར་པོའི་ཕྱེད་ཀ་དེ།།
བདག་མེད་ཅིག་ལ་སྒོམ་ན་ཡང་།།
བག་ཆགས་སྐུད་པ་ཕྲ་མོ་འདིས།།
ཁྱེད་ལ་འཐུད་ནས་གོམ་ཁ་ལྷོད།།
རྒྱུད་བཟང་གཤིས་ཡག་ལྷ་མོ་ཞིག །
གཤོག་པ་ཐོགས་ནས་སེམས་ནང་འཛུལ།།
དུང་ཁ་གདོད་མར་རྒྱ་ཞིག་འདེབས།།
མི་འགྱུར་ཞོ་འཐུང་རུས་སུ་སྦྲུམ།།
འཁོར་བའི་བྱེ་མ་ལ་ཆེན་དུ།།
འོད་ཀྱི་རི་མོ་ཉག་གཅིག་འབྲི།།
འཕྱོངས་རྒྱས་ཟླ་བ་སྒྲོལ་མ།
ཡར་ལྷ་ཤམ་པོའི་འདབས་ནས།།
ལ་གཞས་གཡང་ཕུར་སུམ་སྒྲིགས།།
མགུར་ཆུང་ཆུ་མིག་དགུ་སྒྲིག །
སྣང་བའི་རྩེ་ནས་བཞེང་དུས།།
ནམ་མཁའ་མཐོངས་ཀྱི་ལྷ་ཚོགས།།
མྱི་ཡུལ་ཐང་ལ་བབས་ནས།།
རྒུམ་བུ་འཐུ་བའི་བྱེའུ།།
མར་ཀི་ཤམ་ཆུའི་འགྲམ་དུ།།
ཨ་ཅེ་ཟླ་བ་སྒྲོལ་མས།།
སྐྱོ་སྣང་སེམས་སུ་ཐོགས་སྟེ།།
མགུར་ཆུང་གླུ་རུ་གྱེར་དུས།།
སྣང་བ་སྐྱུར་མོ་འདི་ཀོ །
གཤོག་མེད་བྱ་རྒོད་ཁྲ་བོ།།
ནམ་མཁའི་མཐོངས་ནས་བབས་བཞག །
འདུ་འབྲལ་ཆུ་ཡི་གཉེར་མ།།
ལང་ཚོའི་པང་ནས་བཞུར་དུས།།
གླིང་བུ་འབུད་པའི་རྫི་བོ།།
ཡར་ལུང་བྲག་ལ་གྱར་སོང་།།
ཕྱིར་དྲན་རླུང་གི་འཕྲུལ་འཁོར།།
ཆུ་བོའི་དབྱིངས་སུ་བྱིངས་ནས།།
རེ་དོགས་ལྷ་ཞིག་བཞེངས་ཡོད།།
ཤར་གྱི་ཐོ་རེངས་སྐར་ཆེན།།
བྱང་གི་སྐར་མ་པ་སངས།།
ཁྱབ་བརྡལ་ནམ་མཁའི་གདན་དུ།།
རྨི་ལམ་དཀར་པོའི་ལས་སྐལ།།
གཅིག་རྗེས་གཅིག་གིས་འདེད་འདྲ།།
ལོ་མའི་སྟེང་དུ་བརྐོས་འདྲ།།
གྱང་རིས་ཐོག་ཏུ་བཞད་འདྲ།།
རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།