
༡༩༠༡ལོའི་ཡར་སྔོན་གྱི་ཆོ་འཕྲུལ།
ཉིན་དེ་ནི
ཉིན་དེ་ནི་ནགས་ཚལ་ཞིག
དབེན་གནས་ཤིག
སྒོམ་ལ་ཞུགས་སའི་སྤྱིལ་བུ་ཞིག
ཆོས་ཀྱི་མགུར་རྟ
ཡིག་དྲུག་གི་རྡེའུ་འབུམ
གནས་དེ་ན
སྤྲིན་པར་བརྫུས་པའི་ཁྱེད་ཡོད
རླུང་བུར་བརྫུས་པའི་ཁྱེད་ཡོད
ཁྱེད་ཀྱི་མིག་གི་ལམ་ན
ཇོ་བོའི་དབུ་ཞྭ་སྨུག་པ་ལ་ཐོགས
སྨུག་པའི་ནང་ན
ལྷའི་རོལ་གར་གྱི་འདུ་འཛི
ཟང་ཟིང་གི་ཁྲོད་ན
རྒྱུས་མེད་པའི་ངོ་གདོང
བེམ་པོ་ཁུར་བའི་རྣམ་ཤེས
བཀྲེས་སྐོམ་གྱིས་གདུང་བའི་གཞི་བདག
སྲང་ལམ་གྱ་གྱུ
གྱ་གྱུ་དེའི་སྣེ་ན
ཚ་བསུར་ཕུད་པའི་བུ་མོ
ཏིང་ཤག་དཀྲོལ་བའི་བནྡེ
རྔ་ཀོག་རྡུང་བའི་སྔགས་འཆང
དུ་བ་ལང་ལོང
ལང་ལོང་གི་དུ་བ
མཁའ་ལ་འཕུར་བའི་བཙན་པོ
རྟ་ཕོས་དྲུད་པའི་བློན་ཆེན
གཙང་པོར་ལྕེབས་པའི་ལོ་པཎ
ད་དུང
ད་དུང་ལམ་ཁ་དེ་དག་ན
འབྲས་གར་འཁྲབ་པའི་རྒན་པོ
དབྱངས་ཟ་ཟི
མཐེབ་མོ་ཀེར་བའི་ཡུགས་མོ
སྐྲ་ལོའི་ཕྱེད་ཀ་འཕྱིང་བའི་དྭ་ཕྲུག
རྨི་ལམ་མག་མོག
རྨི་ལམ་གྱི་གསེབ་ན
པོ་ཏཱ་ལ
གཙུག་ལག་ཁང
དགྲ་ལ་ཕ་ལྟར་བྱམས
དགྲ་ལ་མ་ལྟར་བྱམས
སྟག་ལྟར་འཕྱོ་བའི་དགྲ
སྟ་ལྟར་འཚུབ་པའི་དགྲ
སྦྲུལ་ལྟར་འཁྲིལ་བའི་དགྲ
དུ་བའི་ཀློང་གི་བྱ་རོག
རྒྱ་མཚོའི་གཏིང་གི་ཆུ་སྲིན
མདུད་པའི་གསེབ་ཀྱི་མདུད་པ་དེ་ཚོ
ཉིན་དེར
ལྷ་སའི་གཙང་པོ་ལས་ཉི་མ་ཞིག་བོར
ལྷ་སའི་གཙང་པོ་ལས་ཟླ་བ་ཞིག་བོར
སྨུག་པ་ཡལ་རྗེས
ཉི་འོད་ལ་བཀལ་བའི་དག་ཞིང
ལུས་ལ་གྲིབ་མ་མེད་པའི་སངས་རྒྱས
གསུང་ལ་རྨས་ཤོར་བའི་རྒྱལ་པོ
རྟོག་པ་བན་བུན
ལམ་གྱི་རིམ་པའི་གོ་རིམ
ཞེ་འཁོན་འཆང་བའི་རྟ་བ
རྟ་ཡི་སྤུ་རྩེ་ལ་གངས་རི་བྲིས་པའི་དཔའ་རྟུལ
རལ་གྲི་ལྐུགས
ཡོབ་ཆེན་རལ
གློ་བུར་དུ་གཙང་པོར་ཐིམ
ཉིན་དེ་ནས
ཁྱེད་ཀྱིས་ཁ་རས་བརྒྱབ
དབུགས་ཧད་ཧད
འཁྱག་པ་ཆགས་པའི་མགྲིན་པ
སྨོན་ལམ་ཤི་བའི་དུས་ཚོད
གཙང་པོའི་ཀློང་གི
སྤྲིན་པ་དུམ་བུ་དུམ་བུ་དེ་དག
རི་ཁྲོད་ལ་སྙེགས
མགུར་གླུ་ལ་སིམ
ཉིན་དེ་ནས
གཡུ་ཐོག་ཟམ་པ
བར་སྐོར་གླིང
ཀླུ་སྦུག་ཚལ
བྱེ་ཐང་གི་ཚ་བ
ཚ་བས་གཅུན་པའི་མི་སྣ་གཉིས
ཆང་གིས་མྱོས་པའི་སྙན་ངག་པ
དགེ་འདུན་ཆོས་འཕེལ
གཟན་སྣེ་དྲུད་པའི་རས་པ
ཚངས་དབྱངས་རྒྱ་མཚོ
བུ་མོ་དེའི་དུག་ཆང་གི་མཛེས་སྡུག
དྲན་པ་མྱོས་པའི་རྟོག་པ
བྲང་ལ་སེན་མོ་བཏབ་ཀྱང་མི་ཚོར་བའི་རྨི་ལམ
ནང་གི་དག་ཞིང
ཁྱེད་གཅིག་བུ་ལྷག་དུས
ལྷ་ས ལྷ་སའི་གཙང་པོ
ཁྱེད་མི་དྲན་པར་སྨོན
སྐྱེ་བ་སྟོང་ཕྲག་ལ་མི་དྲན་པར་སྨོན
ཉིན་དེ་ནས
ཁྱེད་ཀྱིས་མཐོང་བའི་བར་སྣང་དུམ་བུ་གཉིས་སུ་གྱུར
ལྷ་སའི་ནང་མ་ཁང་གི་བུ་མོ
སྐྲ་ལོ་གཟེངས་པའི་གཙང་པོ་ཞིག་ཏུ་གྱུར
ལོ་དེའི་མཚན་མོར་དཀྲོལ་བའི་པི་ཝང་ནག་པོ་ཞིག་ཏུ་གྱུར
སྐར་ཆ་སྟོང་ལྷག་ལ་འདར་བའི་རྒྱུད་སྐུད་ཅིག་ཏུ་གྱུར
ཕོ་ཧྲེང་ཞིག་གི་བརྩེ་བ་ལ་ཐེབས་པའི་སྒྱུ་མའི་ནམ་མཁའ་ཞིག་ཏུ་གྱུར
ཉིན་དེ་ནས
བུམ་པར་བཏབ་པའི་མེ་ཏོག
ཆག་ཉིལ་དུ་སོང་བའི་ཤུལ་དུ
ཁྱེད་ཀྱི་ལག་པ
འཇུ་ས་ཐོགས་ས་མེད་པར
བར་སྣང་དུ་གཡུག་བཞིན
ང་རང་འབོད་ཀྱིན་པ་ཐོས་འོང
ལུས་པོ་འདར་བའི་ང
དེ་དུས་ཁྱེད་ཀྱི་གྲིབ་མའི་ནང་དུ
སྡུག་བསྔལ་གྱིས་འཆི་བའི་རླུང་བུ་ཞིག
ད་དུང
རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བབར་མི་བྱའོ།།