ཆར་ཞོད་ཆེ་བའི་མཚན་མོ། (སྙན་ཚོམ)

604

 

རྩོམ་པ་པོ།  གསར་བུ(བོད་ལྗོངས་སློབ་ཆེན)    

 

18788870_1427819393942223_1039626808_n.jpg

           སྒེའུ་ཁུང་།


རྟིང་མཐའ་ཐུང་བའི་དུས་ཚོད་ཀྱི་གཟིམ་སྒོ།

འཇུག་ས་མ་རྙེད་པའི་ས་སྲོད་ཀྱི་གནས་ལུགས་མགོ་ལྡོག

མཛེས་རྒྱུ་མེད་པའི་གྱོན་པ་ཞིག་དང་འདྲ་སྟེ།

བལྟས་བལྟས་རིག་རིག་གིས་ཧྲལ་ཧྲུལ་འགྲོ་གིན་འདུག

          
       ཆར་པ།


སྨྲ་བརྗོད་དང་བྲལ་བའི་ལག་ཟུང་།

ག་ཚོད་བརྐྱངས་ཀྱང་བསྙེག་ས་མེད་པ།

ང་ཡོད་ས་ན་སྒྲ་སྙན་མོ།

ཁྱོད་ཡོད་ས་ན་སྡུག་གི་ཁུར་པོ།

             གློག་དམར།    

སྒལ་ཚིགས་ལ་སེར་ག་ཤོར་བའི་ངག་གི་ཆག་གྲུམ།

གྲང་ཟུག་དང་མུན་ནག་ཏུ་སྣང་བའི་རྨ་ཤུལ་ཞིག

ཁ་ཐུར་དུ་གཏད་པའི་དབྱངས་ཀྱི་གྲག་འགུལ།

སྐྱི་གཡའ་བའི་རྨི་ལམ་གྱི་སྲབ་མདའ་ཨེ་ཡིན།

            ནམ་མཁའ།


རྟག་པ་རང་རྐྱ་བའི་རྒྱུ་སྐར་གྱི་ཕ་ས།

སྟོང་པ་དང་སྟོང་པ།

ཅི་ཡང་མེད་པའི་སྟོང་པ་ཡིན།

ཐ་སྙད་ཁ་ཤས་ཀྱི་མགྱོགས་བྲིས་བར་ན།

རྩེད་མཚར་གྱིས་བཙན་ས་བཟུང་ཡོད།

              ས་གཞི།

ཁོད་ཡངས་ཀྱི་བདེན་པས་དབེན་ཅིང་།

སྲ་མཁྲེགས་ཀྱི་མཚན་ཉིད་ཕ་མཐར་བྲོས།

ཕར་ཕྱོགས་སུ་བརྡལ་བ་ནི་ས་རྡོ་ཡིན།

ཚུར་ཕྱོགས་སུ་སྒྲིལ་བ་ནི་མིག་ཆུ་ཡིན།

               སྨུག་པ།

ཟླ་འོད་དང་སྐར་ཚོམ་མེད་པའི་ནམ་དགུང་དུ།

ཡོད་ན་ཆོག་ལ་མེད་ནའང་ཆོག

འགྲུལ་བཞུད་རྫོགས་པའི་སྲང་ལམ་གྱི་གྲུ་ཁ་ན།

གཡོ་ལྡིང་གང་བདེར་བྱས་ཆོག་པའི་ཁ་དབུགས་ཀྱི་ཡ་ལན།

                རླུང་།

ཆུ་རྡུལ་གྱི་དམག་ཤུགས་གཞིས་སུ་རྡེག་སྐབས།

ས་རྡུལ་གྱི་ཡོ་ལངས་འཇམ་ཅག་གེར།

མི་ཚོགས་ཀྱི་ཀུ་རེ་ཁུ་སིམ་མེར།

ལྗོན་ཤིང་དང་མཉམ་དུ་འགུལ་བའི།

ཆུ་ཀླུང་དང་མཉམ་དུ་བཞུར་བའི།

མཚན་མོའི་སྡུག་པ་ཅན་དེ་ཅིས་མ་ལགས།

               གཉིད།

རང་དབང་དང་བྲལ་བའི་མཚན་གྱི་སྟ་གོན།

རྨི་ལམ་ལ་བཅོལ་བའི་མཐའ་མཇུག་གི་སྨོན་པ་ཐེད་པོ།

སུ་གང་ལའང་བརྗོད་མི་ཤེས་པའི་སྙིང་གི་འཕར་སྒྲ་དེ་ཡིན།

                                        ༢༠༡༧ལོའི་ཟླ༦ཚེས༢༡ཉིན།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།