རྩོམ་པ་པོ། སྒང་མེ་སྟག

ང་རང་མུན་པ་འོག་ཏུ་ངུས་པའི་ཚེ། །
ཟླ་བའི་བསིལ་བ་མང་པོ་སེམས་ལ་ཉིལ། །
ཚེ་ཡི་འཕེན་པ་རྫོགས་ན་རྫོགས་སུ་བཅུག །
ང་ཡིས་ང་རང་བཙལ་ནས་ལམ་ལ་འགྲོ །
རྨི་ལམ་རྫོང་ཁ་བཙན་མིན་ངར་མ་འདྲི། །
འཁོར་བའི་སྐྱིད་སྡུག་གཉིས་པོ་བཤིབས་ནས་ཡོང་། །
ད་ནི་ང་རང་ཕལ་ཆེར་ཞིག་ལ་ཉེ། །
ང་ཡི་ཐལ་བ་རླུང་ལ་མ་བསྐྱུར་རོགས། །
ཧར་གྱིས་བལྟས་ཚེ་རི་བོའི་རལ་བ་གསིགས། །
འདབས་ཀྱི་ཆུ་ཡང་གནམ་གྱི་མཐོངས་ནས་འབབ། །
མི་ཡི་རླབས་དང་རྒྱང་གི་རི་བོ་དེས། །
གྲིབ་མ་གྱོན་ནས་གར་རྙིང་མང་པོ་འཁྲབ། །
མི་ཚེའི་ཆར་ཆུའི་ཁྲོད་ནས་ཐུག་པའི་ཁྱོད།
མུན་པ་ནག་ངམ་ངམ་གྱི་མཚན་མོ་དེར། །
སྨྲེང་སེམས་ཆར་དང་བསྡེབས་པ་ལྟ་བུར་བྱོ། །
སུ་ཡིས་ཆེད་དུ་བྲིས་འདྲའི་བཞིན་གྱི་དཔལ། །
སྙིང་གི་དཔྱིད་དུ་རྦབ་ཆུ་ལྟ་བུར་འཕྱོ། །
དྲན་གདུང་གུར་ཁང་ཕུབ་པའི་ནང་རོལ་གྱི། །
ཞེ་འདང་བརྩེ་སེམས་ཟབ་པའི་སྙིང་སྡུག་ཁྱོད། །
ཚེ་རབས་ཤེལ་དཀར་ཕྲེང་བའི་ཕྲེང་ལུང་ཡིན། །
འཁོར་བའི་ཐབ་ཚང་ནང་གི་བུད་ཤིང་ཡིན། །
གཤིས་རྒྱུད་རྩྭ་མགོའི་ཟིལ་བ་ལྟ་བུར་དྭངས། །
སྐྱེ་བ་ཅི་ཙམ་བརྗེས་ཀྱང་བརྗེད་ཐབས་བྲལ། །
མིག་གི་ཆུ་མིག་འཁྱིལ་བའི་ངང་ཚུལ་ཡང་། །
ང་ཡི་སེམས་ཀྱི་ངང་མོ་འབབ་ས་ཡིན། །
ཞལ་རས་མེ་ཏོག་འཛུམ་པའི་སྨན་ཤར་དེ།།
མི་ཚེའི་རྨི་ལམ་ནང་གི་འཇའ་ཚོན་ཡིན།།
ཡིད་ལ་ལུ་གུ་བཞིན་དུ་ལྡིང་བ་ཡི།།
སྨན་ཁྱོད་ཡིད་ན་སྦར་བའི་ཚེ་འབར་ཡིན།།