རྩོམ་པ་པོ། གསང་མེ།

ལྷ་ས་དྲན་པ།
ལྷ་ས ཨ་མའི་མིག་ཟུང་ལས་མཐོང་ཡོང
ལྷ་ས ཨ་ཕའི་མཛུབ་གོང་ལས་མངོན་ཡོང
ལྷ་ས སྐྲ་དཀར་གྱི་ཉག་མ་རེ་རེས་མཚོན་ཡོང
ལྷ་ས རྡོ་བ་ཧྲ་མོ་ཞིག་ཡིན
བྱམས་དང་སྙིང་རྗེ་མངའ་བའི་རྡོ་བ་ཧྲ་མོ་ཞིག་ཡིན
འཇིག་རྟེན་འདིའི་སྤྱི་གཙིག་ཏུ་ཆགས་པའི་རྡོ་བ་ཧྲ་མོ་ཧྲ་མོ་ཞིག་ཡིན
སྐྱིད་ཆུའི་རྒྱུན་ལ་བསྐུར་བའི་ལ་གཞས་ཤིག
མ་སྐྱེས་ཨ་མ་དྲན་པའི་དབྱངས་རྟ་ཞིག
ཕོ་བྲང་གི་དབུ་རྩེ་ན་ལྷང་ལྷང་གྲགས
དབུས་ཀྱི་མི་ཚོགས་ཁྲི་དང་ཁྲི་མ་འབུམ
ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་མདུན་ལ་འཚང་ཁ་ཤིག་ཤིག་ངང་
ལྷ་སའི་གླིང་བཞིར་ཕྱག་དང་སྐོར་བས་རི་མོ་ཕབ
སྨད་མདོ་བ་དང་བར་དབུས་གཙང་སྟོད་མངའ་རིས
རིགས་ཀྱི་རྨུ་ཐག་ལ་བརྒྱུས་པའི་ལྷ་ས་དམར་པོ་རི
ཡུམ་ཆེན་གྱི་མིག་ཆུའི་ཀློང་གི་གཟུགས་རིས་དེ
ཡབ་ཆེན་གྱི་ཁ་ཆེམ་ནང་གི་ཚིག་འབྲུ་དེ
ལྷ་ས ཉི་མ་དང་ཁ་ཐག་རིང་ས་ན
ལྷ་ས ཟླ་འོད་དང་བར་ཐག་ཉེ་ས་ན
སྨོན་ལམ་དང་གསོལ་འདེབས་དབུས་ཀྱི་ལྷ་ས
དྲན་གདུང་དང་ཕྱིར་མིག་ཁྲོད་ཀྱི་ལྷ་ས
ཐག་རིང་ནས་ཞེ་ལ་བསྒོམ་ཆོག་པའི་ལྷ་ས
ཐག་ཉེ་ནས་ཡིད་ལ་རེག་ཆོག་པའི་ལྷ་ས
ལྷ་ས ལྷ་ས ལྷ་ས
༢༠༡༧/༨/༡༥ཉིན་དབུས་པ་ཞིག་གི་ཁ་བརྡ་ལ་ཉན་རྗེས་བྲིས།
ཟི་ལིང་ནས་སེམས་ཀྱི་དམར་རྗེན་མ་ཞིག་བྲིས།
ཟི་ལིང་ན་བདག་ལ་ཅི་ཞིག་ཡོད་ཨང
ནམ་མཁའ་དང་ཉི་འོད
ས་གཞི་དང་གཙང་པོ
མདོར་ན་ཁེར་རྐྱང་ལ་རོལ་སའི་ནང་མ་ཁང་དེ་ཡོད་དམ
ཟི་ལིང་ན་མྱི་དང་མྱི་འདྲེས་ནས་འདུག
སྐད་ཆ་དང་སྐད་ཆ་འདྲེས་ནས་འདུག
གྱོན་པ་དང་གོམ་གཤིས་འདྲེས་ནས་འདུག
འགྲོ་སྟངས་དང་འདུག་སྟངས་ཀྱང་འདྲེས་འདུག
གསལ་ལ་མི་གསལ་བའི་ངོ་གདོང་རེ་རེ
ཁོར་ཡུག་གིས་ཟ་བཞིན་འདུག
ཟི་ལིང་ན་ཅི་ཡང་ཡོད
ཐོག་ཁང་དང་རླངས་འཁོར་འགྲན་སའི་བོད་ཁྲོམ་ཞིག་ཡོད
སྐད་ཆ་དང་སྐད་ཡིག་བཙོང་སའི་སློབ་གྲྭ་ཞིག་ཡོད
ནད་རིགས་རྩ་བཞི་བགོ་སའི་སྲང་ལམ་ཞིག་ཡོད
གློག་དང་སྐུད་པས་གྲུབ་པའི་རྩྭ་ཐང་ཞིག་ཡོད
ད་ལྟ་ཟི་ལིང་ན
འབྲོག་ཁྱི་མང་པོ་མཐོང་རྒྱུ་ཡོད
གཟུགས་དང་རྣམ་པ་འགྱུར་མེད་ནའང་
རྔ་མ་ཇེ་རིང་ལ་སོང་འདུག
རང་ཚུགས་ཇེ་ཡངས་ལ་སོང་འདུག
མཐའ་ན་བདག་པོ་ལའང་རྨུག་ཤེས
ཟི་ལིང་ན་ཆུ་བོ་ཞིག་ཡོད
དེའི་མིང་ལ་ཙོང་ཆུ་ཟེར
ཟི་ལིང་ན་འབྲོག་སྡེ་ཞིག་ཡོད
དེའི་མང་ལ་རྨི་ལམ་ཟེར
ཟི་ལིང་ནས་ཁྱོད་ཀྱིས་གཞས་བཏང་ཆོག་ལ
ཞབས་བྲོ་བརྒྱབ་ཆོག
ཨར་ཁང་དུ་འཛུལ་ནས་ཆང་བཏུང་ཆོག
ར་བཟི་རྗེས་ཕ་ཡུལ་དྲན་ཆོག
༢༠༡༦/༡༡/༡༦ཉིན་གྱི་དགུན་གཞུང་ཞིག་ལ་ཟི་ལིང་ནས་བྲིས།
མཚན་མོ།
ཆ་ཡོད་མེད་ཀྱི་མིག་ཟུང་དག་གིས
མཚན་མོའི་རྐང་རྗེས་སྙེག་གིན
སྡེ་ཁ་རུ་དང་གྲོང་ཁ་ཞེང་ཡོད་ཚད
རྨི་ལམ་དུ་རྨིས་ཤིང་རྒས་པའི་མཐའ་མར
ཕྱིར་མིག་གི་ནམ་མཁའ་ན
ད་དུང་འང་མཚན་མོའི་གྲོང་ཚོ་ཞིག་ལྷག་ཡོད་ཨང་
ཁྱོད་ནི་མཚན་མོ་སྟེ མཚན་མོའི་ལྷ
ཁྱོད་ནི་མཚན་མོ་སྟེ མཚན་མོའི་འདྲེ
ཁྱོད་ནི་མཚན་མོ་སྟེ མཚན་མོའི་མི
མཚན་མོའི་བདེ་སྡུག་གི་སྐྱོ་ངལ་ཡོད་ཚད
མུན་ནག་གིས་ཟས
མིན་ནག་གི་ལག་པས་ཁྱོད་རང་སྐྱོབ་ངེས་ལ
ཁྱོད་རང་གསོལ་ཡང་ངེས
མིག་ཟུང་ཕྱེས་ཏེ་མདུན་དུ་བགྲོད་དུས
མཚན་མོ་ཁོ་ནས་ནང་དབུགས་ཧད་ཧད་གཏོང་གིན་འདུག
སྐར་ཚོགས་དག་གིས་ཀྱང་གྲང་ཤུར་ཤུར་གྱི་དངན་པ་འཐེན་ཞོར
ལྷིང་ཞིང་འཇགས་པའི་ཕ་ཡུལ་གྱི་རྩྭ་ཕྲན་རེ་རེས་མཚན་དབྱངས་ལ་ཉན་བཞིན
མཚན་ལྗོངས་ཁྲོད་ཀྱི་སེམས་ཅན་ཀུན་པོར་རང་དབང་སྩོལ་བཞིན་འདུག་ཨང་
མཚན་མོའི་མིག་ཟུང་
མིག་ཟུང་རབ་རུབ་ཀྱི་མཚན་མོ
གང་ལྟར ངས་མཚན་མོ་དྲན་བྱུང་
ང་ཚོ་མི་རེ་རེ་ལ་མཚན་མོ་རེ་རེ་ཡོད
མཚན་མོ་རེ་རེར་གཏམ་རྒྱུད་རེ་རེ་ཡོད་པས
ངས་མཚན་མོ་ཧྲིལ་བོ་ཡང་ཡང་དྲན་བྱུང་
༢༠༡༦/༩/༣གྱི་སྨག་ནག་པའི་མཚན་མོར་དེར་འབྲོག་རྩྭ་ཐང་ནས་བྲིས།
དོ་ནུབ་ཕྱི་རོལ་ན་ཆར་བ་འབབ་ཀྱིན་འདུག
དོ་ནུབ་ང་ཕྱི་རོལ་ན་ཡོད
ཕྱི་རོལ་ན་ཆར་བ་འབབ་ཀྱིན་འདུག
ངས་ཆར་སྒྲ་ལ་ཉན་ཏེ་མི་ཞིག་དྲན་བཞིན་ཡོད
མི་དེས་མིང་ཡིག་ཕྱི་སློག་ནང་སློག་བྱེད་བཞིན་ཡོད
ཆར་བ་ཤག་ཤག་འབབ་པའི་དོ་ནུབ
མི་དེ་ཆར་ཐིགས་ཤིག་གི་ཟོལ་གྱིས
ངའི་ནང་སེམས་ཀྱི་ཟབ་ས་དེ་རུ་ག་ལེར་ལྷུང་
དོ་ནུབ
ཆར་བ་འབབ་ཚད་ཇེ་དྲག་ཏུ་གྱུར་སོང་
ཤ་དང་རུས་པ་བརླན་པར་བྱས
སྐྲ་དང་སེན་མོའང་བརླན་པར་བྱས
ལོ་ངོ་དུ་མའི་དྲན་གདུང་བརླན་པར་བྱས
དོ་ནུབ་ཀྱི་ཆར་བ་མཚན་འབབ་བྱས་སོང་
ཆར་བས་མི་སེམས་བརློན་པར་བཏང་
དྲན་གདུང་དང་རེ་སྒུག་ཀྱང་བརློན་པར་བཏང་
ཆར་བ་འབབ་པའི་ཕྱི་རོལ་གྱི་མཚན་མོ་འདི
ཁྱོད་ལ་བསྒུག་པའི་དམ་ཚིག་གི་རི་མོ་ཡིན
༢༠༡༦/༧/༡༡མཚན་མོར་རྩྭ་ཐང་ཞིག་ནས་བྲིས།