
གྱང་།
ཁང་བརྩེགས་མང་བོ་འཚང་ཁ་ཤིག་ཤིག་ངང་ཡར་ལངས
མི་རེའི་སེམས་ལ་གྱང་རེ་ལངས་པ་ལྟར
བར་ཐག་ཡོད་ཚད་དུམ་བུ་གཉིས་སུ་ཆད
བརྩེ་སེམས་ནི་གྲག་འགུལ་མེད་པར་གྱང་ལ་ཁེན
ཁྱོད་ནི་སུན་སྣང་གིས་འདུག་བཟོད་མེད་པ་ལྟར
སྒེའུ་ཁུང་ཕྱི་རོལ་ལ་ཡང་ཡང་ཅེར
མི་གཅིག་ཀྱང་ཡོང་རྒྱུ་མ་བྱུང
འཇིག་རྟེན་འདིར་མགྲོན་པོ་ཟེར་བ་ཞིག་མེད་པས་ཡིན་ནམ།
༢༠༡༧ ༠༣ ༠༨

མཚན་གྱི་གྲོང་ཁྱེར།
རླངས་འཁོར་རེ་རེ
མུན་པ་སྦར་གྲབས་བྱེད་པ་ལྟར
འོད་ཤ་ལེར་བརྒྱུགས
སྲང་ལམ་ནི
དགུ་ཚུགས་ཀྱི་གཙང་བོ་བྲུགས་པ་དང་འདྲ
ཁང་བརྩེགས་ཀྱི་ནགས་ཚལ
གློག་འོད་ཀྱི་མེ་རོས་ཟ་བ་ལྟར
འབར་ལ་ཉེ
བར་སྣང་ནི
མེ་སྟག་འཐོར་བའི་རས་ནག་པོ་ཞིག་ལྟར
མགོ་ཐོག་ན་ལྷབ་ལྷུབ་ངང་གཡོ
དམག་འཁྲུག་ཅིག་མཇུག་བསྒྲིལ་བ་ལྟར
ང་རང་རྨི་ལམ་གྱི་པང་ལ་ལོག་ཟིན།
༢༠༡༧ ༠༣ ༡༥

རྩྭ་ཐང་དང་བགྲེས་པོ།
སེམས་ཁྲལ་ཞི་རྗེས དབུགས་རིང་ཞིག་རྔུབ་པ་ལྟར
རྒྱང་རིང་གི་རྟ་ཁྱུའི་ཕྱོགས་ལ་ཕྱིར་མིག་གི་ཞགས་པ་འཕངས
ཁ་རླངས་ལ་སྤར་སྙོབ་བྱས་པ་ལྟར ཅི་ཡང་མ་ཟིན
ཁྱོད་ཀྱི་རྟ་ཁྱུ་གང་ལ་ཞོགས་སོང བགྲེས་པོ
མིག་མདངས་ནི་ཆར་ཆུས་དག་སོང་བ་ལྟར
ཁྱོད་ཀྱིས་དབྱར་ཁ་གྲངས་མེད་ཅིག་བརྒྱུད
རྟ་ཁྱུ་ཞོགས་ཤུལ་གྱི་རྡུལ་སྨུག
ཁྱོད་རང་ས་འོག་ལ་འཇུག་འདོད་པ་ལྟར
ལུས་ལ་བབས་བྱུང་ངམ
ལོ་ཟླ་ནི་རྩྭ་གསེང་དུ་འཐིམ་གྱིན་པ་དང་འདྲ་ཨང
རྩྭ་ཐང་ནི་ཆེ་དྲགས་ཏེ་ཡོད་ཚད་བོར་སོང་བ་ལྟར
ཁྱོད་ཀྱི་སྦྲ་ནག་ཀྱང་མཐོང་རྒྱུ་མི་འདུག
ཁྱོད་རང་སྲོད་དུས་ཀྱི་འོད་ངོགས་ན་འགྲེང་བ་ལྟར
ཉི་མར་ལྡེ་བའི་མཚེར་ཤུལ་ནི་ཁྱོད་ཀྱི་སྐམ་ཐག་ཆོད་པའི་ཤ་སྐྱི་དང་འདྲ
མཐོང་སྣང་ནི་རླུང་གིས་སུབ་ཀྱིན་པ་ལྟར
སེམས་ཀྱི་རི་སྒང་ནམ་ཡང་སྲོད་དུས་ཀྱི་མཚམས་སྤྲིན་གྱིས་བཟུང་ཡོད་པ་དང་འདྲ
རབ་རིབ་མག་མོག་ངང
སུ་ཞིག་འགྲོ་མཚམས་བཞག་པ་དང་འདྲ
དར་ལྕོག་ངོས་ཀྱི་ཨོཾ་ཡིག་ཀྱང་རླུང་གིས་མུར་ཏེ
ཟད་ལ་ཉེ།
༢༠༡༧ ༠༣ ༢༠

མུན་པ་དྭངས་པ།
ནམ་མཁའི་དཀར་ཡོལ་གྱི་ཁ་སྦུབས་པ་ལྟར
ས་རུབ་སོང
སྨག་སྟུག་ཚུལ་ནི
སྐར་མའི་བུ་ག་བཅད་པ་ལྟར
ནང་སེམས་ལ་རླུང་ཡང་ལྡང་རྒྱུ་མི་འདུག
དྲན་པ་ནི་ཤེལ་སྒོའི་ངོས་ཀྱི་ཁ་རླངས་ཡལ་བ་ལྟར
སྟོང་འཇགས་སེ
དབུགས་སྣེ་ཡོད་ཚད་ཁོག་ལ་བཅུག་པ་ལྟར
ཞེན་ཆགས་མཐའ་དག་གི་མཚམས་ཆད་སོང
སྙིང་གི་འཕར་ལྡིང་ཁོ་ནས་ཚེ་སྲོག་ལ་བདེན་དཔང་སྩོལ་བ་ལས
ངས་སུ་ཡང་ངོ་མི་ཤེས ཐ་ན་ང་རང་ཉིད་ཀྱང་།
༢༠༡༧ ༠༣ ༢༢

ཁ་བ་དང་ཟམ་པ།
ལམ་བར་དུ་ཁ་བ་བབས
ཁྱོད་རང་ཟམ་ཆེན་གྱི་སྟེང་ལ་ཐོན
གཙང་བོ་ཞིག་བརྒལ་མ་ཐུབ་པར་ལུས་པ་ལྟར
མི་ཞིག་སེམས་ཀྱི་ཕ་རོལ་ནས
ཁེར་རྐྱང་ངང་ཁྱོད་ལ་ཅེར་བྱུང་ངམ
ཁ་བས་རྐང་རྗེས་རེ་རེ་སུབ་ཞོར
མི་དག་རང་གནས་སུ་བསྐྱལ
ཆུང་མ་ཡུལ་ལ་ལོག་པ་ལྟར
ལམ་འགྲོ་བ་དག་རང་གི་ནང་སེམས་ལ་འཛུལ
ཁྱོད་གཅིག་པུ ཁ་བར་འཐིམ་པ་ལྟར
ཟམ་སྟེང་ནས་འགུལ་ཙམ་འགུལ་ཙམ་བྱེད
བར་ཐག་གི་གཙང་བོའང་དྲན་པའི་སྦུབས་ལ
ལྷུང་ལྷུང་བརྡོལ
ཟམ་པས་ནི
བཟའ་འཁོན་བྱས་རྗེས་ཀྱི་ཐབ་ཀ་འཁྱག་པ་དེ་ལྟར
ཁྱོད་རང་འཁྱག་སིབ་སིབ་ཏུ་བཏང
སོང་གིན་སོང་གིན
ཟམ་པ་ཇེ་རིང་དུ་འགྲོ་བ་དང་འདྲའམ
ཆུང་མ་ཕྱིར་མ་ལོག་པ་ལྟར
ཁ་བའང་ད་དུང་འབབ་མཚམས་བཞག་མི་འདུག
༢༠༡༧ ༠༣ ༢༤

དཔྱིད་ཀ
འདམ་ནང་དུ་ལུས་པའི་རྐང་རྗེས་ཀྱིས
པདྨ་དྲན་པ་ཨེ་རེད
ཆུ་རྙོག་མའི་རླབས་རིས་ཀྱིས
དགའ་སྐྱོའི་འཐབ་འཁྲུག་མཐོང་བ་ཨེ་རེད
ཁ་ཆར་ཡང་ཡང་བབས་པས
དབྱར་ཁ་འབོད་པ་ཨེ་རེད
ས་གཞི་ནེམ་གྱིས་བཟུང་ནས་ཡོད་པ
མེ་ཏོག་ལ་སྒུག་པ་ཨེ་རེད།
༢༠༡༧ ༠༤ ༡༩

ཆེས་སྙིང་ཉེ་བ་ནི།
ཆེས་སྙིང་ཉེ་བ་ནི་མཛའ་མོ་མ་རེད
ཐེངས་གཅིག་མ་གཏོགས་མཐོང་མ་མྱོང་བའི་ལམ་ཐུག་བུ་མོ་དེ་རེད
འབྲེལ་བ་ཅི་ཡང་མེད་པར
མིག་ཞགས་ཀྱི་རྡུང་ཀ་ཕོག་པ་ནི
རླུང་བུས་འགྲོ་ཞོར་དུ་ཁྱོད་ཀྱི་སྐྲ་ལོ་སྒུལ་བ་ལྟར
དེ་འདྲའི་ཞི་ཞིང་འཇགས་ཨང
སྐད་ཅིག་མའི་བསིལ་སྣང་དེའི་རྗེས་ནས
འགྲེལ་བཤད་ཅི་ཡང་མེད་པ་ལྟར
བརྩེ་དུངས་ནི་ཁུ་སིམ་པ་ཞིག་ག་ལ་ཡིན
དགའ་སྐྱོ་གཉིས་ཀྱི་གཏམ་རྒྱུད་ལ་ཉོན་དང
ང་ཚོ་དངོས་གནས་ཐང་ཆད་ཀྱི་འདུག
ཆེས་སྙིང་ཉེ་བ་ནི
གློ་བུར་དུ་བབས་པའི་ཆར་བ་འདིའོ
ལུས་ཀྱི་ངལ་བ་བརླན་གྱིས་དྭངས་འོང
ང་རང་དཔྱིད་ཀྱི་ས་གཞི་འདི་དང་འདྲའམ
ལམ་འགྲམ་ལ་བཞད་པའི་མེ་ཏོག་ལགས
མི་དག་འདི་ལྟར་རྒྱུས་མེད་དུ་ཡོང་སྟེ
རྒྱུས་མེད་ངང་ཕྱིར་ལ་ལོག་འགྲོ་བ་སྙིང་དུ་སྡུག་པ་ལ།
༢༠༡༧ ༠༥ ༠༤

ངས་ཁྱོད་ཀྱི་མིང་ཡིག་གི་ཚབ་ཏུ་སྙིང་ཉེ་ཞེས་འབོད་དགོས།
ཐོག་མར ངས་ཁྱོད་ཀྱི་མིང་མ་ཤེས་ན་རེད
མཐོང་བའི་སྐལ་བའང་ལན་རེ་ནས་ལན་རེ་བྱས་ཏེ
མཚམས་མཚམས་སུ དྲན་པ་སློང་བ་ལྟར
སྟེས་དབང་གིས་ཡང་དང་ཡང་དུ་འཕྲད་ཀྱི་ན
སྨྲ་བསམ་བརྗོད་འདས་ཀྱི་ངང་ནས
ཁ་རོག་གེར་འདུག་ཚུལ་ནི
ང་ཁྱོད་ལ་དགའ་བའི་དན་རྟགས་སུ་འགྱུར་ངེས
དེ་ནས འུ་གཉིས་རྒྱུ་མཚན་མེད་པར་རང་མལ་དུ་གྱེས་ན
ནང་སེམས་ནི་ཅི་ཞིག་གིས་སྟོང་འགྲོ་བ་ཞིག་ག་ནས་ཡིན
སྐབས་ཤིག་ལ
ང་ཡིས་སྐྱོ་གདུང་ཅི་ཡང་མེད་པར་ཁྱོད་རང་དྲན་སྲིད
དེ་དུས ཁྱོད་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་འདོད་ཡོང
གསར་དུ་ངོ་ཤེས་པ་ལྟར
རྒྱུས་ཡོད་དུ་སྣང་ནའང
ཕྱིར་དྲན་ཡོད་ཚད་ལ་མིང་འདོགས་ཐབས་བྲལ
ཡང་བསྐྱར་ཁ་རོག་གེར་འདུག་དགོས་བྱུང་ན
དེ་ནི་ཁྱོད་རང་དྲན་དྲགས་པས་ཡིན་མོད
དུས་ཚོད་ཀྱི་གཙང་བོ་ལྡོག་མེད་ངང་བཞུར་བ་ནི
འུ་གཉིས་ཀྱི་བབ་ཆགས་པའི་བརྩེ་དུངས་དང་འདྲ
ལོ་ཟླ་འདི་ཧ་ཅང་ཞི་དུལ་ངང་ཕར་ནས་ཕར་ལ་བཞུད་འགྲོ
ངས་ཐེངས་གཅིག་ལ སྐད་གསེང་མཐོན་པོས
ཁྱོད་ཀྱི་མིང་ཡིག་གི་ཚབ་ཏུ་སྙིང་ཉེ་ཞེས་འབོད་དགོས
སྙིང་་་་་་་་་ཉེ་་་་་་་།
༢༠༡༧ ༠༥ ༢༢ ཞང་ཀང་གི་གློག་བརྙན་གྲགས་ཅན《花样年华》ལ་བསྐྱར་དུ་ལྟ་ཐེངས་ཤིག་ལ་ཚོར་སྣང་རིགས་ཤིག་གིས་དེད་དེ་བྲིས།

བདག་གི་བྱིས་པ་ཚོ། ད་ཁྱོད་ཚོ་ནར་མ་སོན་ན་རེད།
ཁྱོད་ཚོ་ཧ་ཅང་ཆུང་བ
ང་རང་རྒྱང་ལ་བྱེར་ཡོད་པས་ཡིན
རྒྱང་རིང་ན་ཅི་ཡང་མི་འདུག
འཇིག་རྟེན་འདི་ཆེ་དྲགས་པས་ཡིན་ན
ངས བོར་སོང་བ་མཐའ་དག
ཁྱོད་ཚོའི་ལུས་སྟེང་ནས་མཐོང་ཡོང
ད་ནི་ཡོད་ཚད་ཐོབ་དཀའ་བ་ལ
ཁྱོད་ཚོའི་ཐག་ཉེ་རུ་བཅར་ན
ལུས་རྟེན་འདི་དབུལ་ཞིང་ཕུངས
ཐ་ན་འཛུམ་མདངས་ཙམ་ཡང
ལྷན་སྐྱེས་ཀྱི་དབང་འོག་ནས་ཤོར་སོང
ངའི་དགོད་སྒྲ་འདིས་ཅི་ཞིག་བྱ་ཨང
ཐོག་མ་ཉིད་ནས
འཇིག་རྟེན་འདིར
གོ་བ་རགས་ཙམ་གྱིས་ཅི་ལ་མི་ཆོག
ཁྱོད་ཚོའི་བློ་རྒྱ་རུ་ཤོང་བ་དེ་ཙམ་གྱིས
མིག་ཆུའང
ཕ་མ་དྲན་པས་བསླངས་པ་དེ་ཙམ་གྱིས
དགོད་སྒྲའང
ཨ་མཚར་གྱིས་བསྐྱེད་པ་དེ་ཙམ་གྱིས
ཅི་ལ་མི་ཆོག
ང་ཚོར་མི་སེམས་འདི་ཧ་ཅང་དྭངས་པས་ཆོག
བདག་གི་བྱིས་པ་ཚོ ད་ཁྱོད་ཚོ་ནར་མ་སོན་ན་རེད།
༢༠༡༧ ༠༦ ༠༡

དྲན་པའི་རླུང་།
སྙིང་ཉེ ང་རང་དྲན་པའི་ཁུགས་ན་ཡོད
སྣང་བ་ཞིག་ལ
ཁྱོད་གཉིད་ཡོད་པའི་ངང་ཚུལ་ཡང་ཚོར་ཡོང
ཐོགས་རེག་ཅི་ཡང་མེད་ནའང
ངས་ཁྱོད་ལ་འོ་བྱེད་ཐུབ
འཇིག་རྟེན་འདི་མ་གཞི་ནས་སེམས་པ་ཁོ་ནར་དབང་བ་ཞིག་རེད་ཨང
སྙིང་ཉེ ཁྱོད་རང་དྲན་པ་ནི
རླུང་གཡོ་བ་ལྟར
དེ་འདྲའི་ཞི་ཞིང་འཇམ་པ
ང་ནི་ཁྱོད་ཀྱི་རླུང་ཡིན
སྙིང་ཉེ ངའི་ཁྲག་རྒྱུན་གྱི་ཁྲོད་ནས
མུ་མཐུད་དུ་གཉིད་ལ་ཡུར་རོགས
ཁྱོད་ནི་དེ་འདྲའི་གྲག་འགུལ་མེད་པར
ཡིད་དུ་འོང་བ
སྙིང་ཉེ ང་ལ་དུས་ཚོད་མི་དགོས
ང་ནི་ཁྱོད་ཀྱི་རླུང་ཡིན་པས་ཆོག
ང་རང་རྒྱུ་མཚན་ཅི་ཡང་མེད་པར་སྐྱོ་བ
མཛེས་སྡུག་ལྡན་པ་ཞིག་རེད་ཨང
སྙིང་ཉེ ང་ལ་ཚེ་སྲོག་མི་དགོས
ང་ནི་ཁྱོད་ཀྱི་རླུང་ཡིན་པས་ཆོག
༢༠༡༧ ༠༦ ༠༣
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།