
འཕྲུལ་བ།
བྱིས་པ་དེའི་ལག་པའི་མཐིལ་ལ།
ཁྱེད་ཀྱིས་ཀུ་ཤུ་ཞིག་བཟུང་ཡོད་པ་མཐོང་།
ཀུ་ཤུའི་སྟེང་ན་བྱིས་པ་དེའི་མིག་ཟུང་།
ཁྱེད་ཀྱིས་ཕྱེ་མ་ལེབ་ཅིག་ཡིན་པའང་མཐོང་།
ནགས་ཚལ་མང་པོ་ཁྱེད་ཀྱིས་ཉུལ་མཐར།
ཁྱེད་ཀྱིས་བྱིས་པ་དེ་བསླུ་མ་ཐུབ་ཅིང་།
ཀུ་ཤུ་དེ་འཕྲོག་ཀྱང་མ་ཐུབ་པའི་ཁར།
ཁྱེད་རང་བྱིས་པ་དེ་ལ་ཐོགས།
ཁྱེད་ཀྱི་གྲིབ་མ་ཀུ་ཤུ་དེས་གྲིབ་མས་མནན།
གལ་ཏེ། ནགས་ཚལ་དེ་རུ།
བྱིས་པ་གཉིས་ཡོད་པའི་དབང་དུ་བཏང་ན།
ཀུ་ཤུ་གཉིས་ཡོད་པའི་དབང་དུ་བཏང་ན།
ཁྱེད་ཀྱིས་གྲིབ་མའི་ནང་ནས་ལྐོག་ལྟ་བྱེད་སྲིད་དམ།
maireལགས་ལ་ཕུལ་བ།
ལྷམ་ཆུང་གཉིས་ཀ་དབུས་སུ་་བསྐྱུར་ཀྱང་།
བྲེལ་བྲེལ་འཚུབ་འཚུབ་ངང་གནམ་གྲུའི་ནང་ལ་འབུད་སྐབས།
སྙིང་ཉེ་བའི maire ལགས།
གནམ་གྲུའི་སྒེའུ་ཁུང་ཁའི་སྤྲིན་གྱི་དུམ་བུ་དེ་དག
ཁྱེད་དང་འདྲ་བར་བྲེལ་འཚུབ་ཀྱིས་འགྲོ་བཞིན་ཡོད་དམ།
ད་དུང་རྐུབ་སྟེགས་གཡས་གཡོན་གྱི་མིག་ཟུང་དེ་དག་གིས།
ཁྱེད་ཀྱི་མཁུར་ཚོས་དང་བྲང་ཁ།
མིག་ཟུང་གི་གཡོ་འགུལ་སྣ་ཚོགས་ལ་བལྟས་ཏེ།
སྐད་ཆ་བཤད་མཚམས་བཞག་ནས།
དུག་སྦྲང་གི་མཆུ་ཏོ་བརྐྱངས་པ་ལྟ་བུའི་མིག་དབལ་གྱི་སྣེ་མོ།
ག་ས་གང་ནས་རུབ་འོང་ངམ།
སྙིང་ཉེ་བའི maire ལགས།
ཁྱེད་རང་གནམ་གྲུའི་ནང་ལ་ཅུང་ཟད་བསྡད་པའི་ཡུན་ལ།
སྤྱི་ལེའུ་བརྒྱ་ཕྲག་གིས་དམའ་བའི་འཇིག་རྟེན་དུ།
རྨི་ལམ་ཁྲོད་ལ་སྐར་མ་ཁ་ཤས་ལྷུང་བའི་མི་སྣ་སྐྱ་བོ།
ལྷ་ཁང་གི་སྒོ་འགྲམ་ན་འཚང་གའི་ངང་།
ཅུང་བརྡུང་རྒྱུར་བྲེལ་ནས་རྒྱུགས།
ཕྱུ་བ་སྔོན་པོ།
ཐང་ག་དེའི་དབུས་སུ་རྟག་པར་སུ་ཞིག་འབྲི
སྨུག་པ་ཟ་ཟི་ཞིག
རོལ་དབྱངས་བན་བུན་ཞིག
མིག་བཙུམས་མ་ཐག
རྨི་ལམ་ཡང་མ་འཁོར་བའི་གོང་དུ
འདས་པ་གསལ་ལ་མི་གསལ་བ་ཞིག
རྒྱབ་གཟུགས་གཉོམ་ལྷང་ངེར་འཚོ་བ་ཞིག
ནམ་རྒྱུན
ཐང་ག་དེའི་དབུས་སུ
བྱིས་པ་ཕྱུ་བ་སྔོན་པོ་གྱོན་པ་དེ
རྣ་ལོང་ཆུང་ཆུང་འདོགས་པ་དེ
ལྷམ་ཆུང་བུ་ལ་འཇའ་ཆེན
དབུས་ཀྱི་སྲང་ལམ་ཀྱག་ཀྱོག
ས་རྡུལ་དང་འདྲེས་པའི་ཕྱུ་བའི་ཐུ་བ
ས་རྡུལ་གྱི་གསེབ་ན
ད་དུང་ས་རྡུལ་དང་འདྲེས་པའི་ལྷམ་ཆུང
ལམ་ལ་ཆས་པའི་དུས་ཚོད
གཅིག་བུར་འགྲོ་བའི་དུས་ཚོད
རི་ཁྲོད་སྙེགས་པའི་དུས་ཚོད