
རང་ལ་ལྟ་བའི་མིག
དེ་རིང་།
འཇིག་རྟེན་འདིའི་མིག་ཐམས་བཅད་མཉམ་དུ་འཛོམས་བྱུང་།
མིག་འགའ་རེ་ནི་བལྟས་ཚོད་ཀྱིས་ཧ་ཅང་མཛེས་ཀྱང་།
དོན་ངོ་མར་བུ་ག་གཉིས་ཡིན་པ་ཙམ་ལས་ཅི་ཡང་མཐོང་གིན་མི་འདུག
མིག་འགའ་རེས། མིག་མདུན་གྱི་དངོས་པོ་མཐོང་བ་ཙམ་ལས།
དོན་དངོས་སུ་རང་ཉིད་ཀྱང་མཐོང་གིན་མེད་པ་འདྲ།
ང་ཡང་མིག་དེ་དག་གི་གྲལ་དུ་ཚུད་པ་ནི།
ངས་མིག་གིས་མཐོང་ཐུབ་མིན་དང་།
ཡང་ན་མཐོང་བ་དེ་བདེན་པ་ཨེ་ཡིན་གཏན་ནས་མ་ཤེས་པས་ཡིན།
ད་ལྟ་ང་རང་གིས་གསལ་བོར་ཤེས་པ་ནི།
ངས་མིག་གིས་རི་བོ་མཐོང་ཐུབ་ལ། ཆུ་བོ་ཡང་མཐོང་ཐུབ།
ཐོག་ཁང་མཐོང་ཐུབ་ལ། ཐོག་ཁང་ནང་གི་མི་ཡང་མཐོང་ཐུབ།
འོན་ཀྱང་ངའི་མིག་གིས་ཀྱང་ང་རང་ཉིད་གཏན་ནས་མཐོང་མ་མྱོང་ལ།
རང་གི་ལྟག་རྒྱབ་ཏུ་ཡོད་པའི་མི་དེ་ཡང་མཐོང་མ་ཐུབ།
ད་དུང་མི་དེའི་ལག་ཏུ་མེ་མདའ་ཞིག་བཟུང་ཡོད་མེད་ཀྱང་མཐོང་མི་ཐུབ་ལ།
མི་དེའི་ལག་ཏུ་ཞགས་པ་ཞིག་ཐོགས་ཡོད་མེད་ཀྱང་མཐོང་མི་ཐུབ།
ངའི་མིག་གིས་ད་དུང་མཁའ་དབུགས་མཐོང་མི་ཐུབ་ལ།
མཁའ་དབུགས་ཁྲོད་ཀྱི་འབུ་ཕྲ་ཡང་མཐོང་མ་ཐུབ།
འདི་ལྟར་བསམ་བཞིན།
དང་ནི་ཧ་ཅང་ཉེན་ཁ་ཅན་གྱི་མི་ཞིག་ཡིན་པར་འདོད་ལ།
ངའི་མིག་ཀྱང་ཧ་ཅང་ཉེན་ཁ་ཅན་གྱི་མིག་ཞིག་ཡིན་པར་འདོད་པས།
དེ་རིང་ཆེད་དུ།
འཇིག་རྟེན་གྱི་མིག་ཐམས་བཅད་འཛོམས་པའི་གྲལ་དུ་ཞུགས།
མིག་གི་རྒྱལ་མོས་ལག་ཏུ་མེ་ཤེལ་བཟུང་ནས་ངའི་མིག་ལ་ལྟ་བཞིན།
ཁྱོད་ཀྱི་མིག་ནང་དུ་རླུང་ཧ་ཅང་རྒོད་པས།
སྔོན་ཆད་ཁྱོད་རང་རྩྭ་ཐང་ཞིག་ནས་འཚོ་བ་རོལ་མྱོང་བ་ཐག་གིས་ཆོད་ཟེར།
ངས་ཁོ་མོར། ངོ་མ་ཡིན། རྩྭ་ཐང་ན་རླུང་ཧ་ཅང་རྒོད་པས་མི་ཚད།
ད་ལྟ་རླུང་ནང་དུ་བྱེ་རྡུལ་ཧ་ཅང་མང་ཞེས་བཤད།
མིག་གི་རྒྱལ་མོས། ཁྱེད་ཀྱི་མཐོང་བ་རྒྱུན་ལྡན་རེད།
མཐོང་བ་ཐམས་ཅད་ཀྱང་ངོ་མ་རེད་ཟེར།
ངས་མིག་གི་རྒྱལ་མོ་ལ།
ངའི་མིག་གཅིག་མདུན་ན་ཡོད་ཆོག་པར་ཞུ།
ངའི་མིག་གཅིག་རྒྱབ་ཏུ་ཡོད་ཆོག་པར་ཞུ།
ཞེས་མིག་གཉིས་ཀ་ནས་མིག་ཆུ་ཁྲོམ་ཁྲོམ་དང་བཅས་ཕྱག་དགུ་འཚལ།
མིག་གི་རྒྱལ་མོས། དེ་བས་ག་ལ་འཐུས།
དེ་རིང་འདིར་འདུས་པའི་མིག་ཐམས་ཅད་ཁྱོད་ལ་སྟེར།
ཁྱོད་རང་གིས་ལུས་ཀྱི་གནས་མལ་རེ་རེར་གང་འདོད་ཀྱིས་ཚུགས་ཟེར།
དེ་ནས་བཟུང་། ངའི་ལུས་ཡོངས་མིག་གིས་གང་སོང་ལ།
ད་དུང་ལུས་ཀྱི་གྲུ་ཁ་རེ་རེ་ནས་འཇིག་རྟེན་ལ་ལྟ་ཐུབ་པ་བྱུང་།
འོན་ཀྱང་། འོན་ཀྱང་།
གྲུ་ཁ་རེ་རེ་ནས་མཐོང་བའི་འཇིག་རྟེན་དེ་གཏན་ནས་མ་འདྲ་བས།
ད་ནས་བཟུང་ངས་མིག་གང་ལ་ཡིད་ཆེས་བྱེད་དགོས་པའང་མ་ཤེས།
དེ་ལས་ཀྱང་། ལུས་ཡོང་མིག་གིས་གང་ནས།
ལུས་ཀྱི་བ་སྤུའི་ཁུང་བུ་རེ་ལ་ཡང་མིག་རེ་བཙུགས་ཀྱང་།
མིག་དེ་དག་གིས་ཕར་ལ་ལྟ་ཤེས་པ་ཙམ་ལས།
ཚུར་ལ་གཏན་ནས་ལྟ་མ་ཤེས་པས།
ངས་ད་དུང་ང་རང་མཐོང་མ་ཐུབ་ལ།
ང་རང་སུ་ཡིན་པའང་གཏན་ནས་ངོ་ཤེས་མ་བྱུང་།
ཨེ་མ། མིག་གི་རྒྱལ་མོ་ལགས།
ངའི་ལུས་སྟེང་མིག་གིས་གང་བ་ལས།
ང་ལ་རང་ལ་ལྟ་བའི་མིག་ཅིག་ཅི་འདྲའི་མཁོ་བ་ལ།

གཅན་མེ་སྟག
བསྟུད་མར་ཉིན་འགའི་ནང་དུ།
ལྕག་ཚན་ཕྱར་བའི་གྲོགས་པོ་ཞིག་ངའི་རྨི་ལམ་དུ་ཕེབས་བཞིན་འདུག
གྲོགས་པོ་ཧ་ཅང་རྒྱང་རིང་དུ་ཡོད་པར་སྣང་ཡང་།
ལྕག་ཚན་གྱི་རྩེ་མོ།
འཛེབ་བག་མེད་པར་ངའི་ཁོར་ཡུག་ཏུ་བསྲིང་བྱུང་ལ།
ད་དུང་ངའི་ལུས་སེམས་ལ་རྨ་ཁ་མང་པོ་བཟོས་སོང་།
ངོ་མ་བཤད་ན།
ལྕག་ཚན་དེ་རྨ་ཆེན་གངས་རིའི་འདབ་ནས་གཡུག་པས།
ང་ཡོད་སའི་ཙོང་ཁ་སྡེ་བཞིའི་སྤྲིན་པ་གཏོར་སོང་།
ལྕག་ཚན་དེ་རྨ་ཆུ་སྔོན་མོའི་འགོ་སྟོད་ནས་གཡུག་པས།
ང་ཡོད་སའི་ཙོང་ཆུ་རིང་མོའི་རླབས་དཀར་གཏོར་སོང་།
ལྕག་ཚན་དེ་རྟ་བོར་ཐང་གི་དཀྱིལ་ནས་གཡུག་པས།
ང་ཡོད་སའི་མཁར་གྲོང་མཐོན་པོའི་རྒྱ་ཕུབ་གཏོར་སོང་།
ལྕག་ཚན་དེ་ཡུན་པོ་རྫ་ཡི་སྐེད་ནས་གཡུག་པས།
ང་ཡོད་སའི་སྟག་རྩེ་རི་བོའི་རྩེ་ལ་ཕོག་སོང་།
ད་ནི་ངས་ཀྱང་ལྕག་ཚན་འདི་ལ་མེ་དཔུང་ཞིག་སྦར་དགོས་བསམ་ནས།
ལག་ཏུ་འབར་ཞུན་བཟུང་ནས་རྨི་ལམ་གྱི་སྒོར་བུད།
དེ་དུས་གྲོགས་པོ་འདི་ངའི་གམ་ཏུ་ཐོན་འདུག
ཁོའི་ལག་ཏུ་ལྕག་ཚན་མེད་པར།
ཨ་རག་གི་དམ་བུ་ཞིག་དང་།
ཤེལ་དཀར་གྱི་པུ་ཙེ་ཞིག་བཟུང་འདུག
ངས་ཁོ་ལ་ཁྱེད་ཀྱི་ལྕག་ཚན་གྱི་རྩེ་ན་མེ་འབར་བཞིན་འདུག
ཁྱེད་ཀྱི་པུ་ཙེའི་ནང་ན་དུག་རླངས་འཕྱུར་བཞིན་འདུག
ད་ལྟ་ང་ཚོ་འབྲོ་སའི་ལམ་མེད་ལ།
གབ་སའི་དོང་ཡང་མི་འདུག་ཅེས་བཤད།
ཁོས་ཅི་ཡང་མི་བཤད་པར་ཨ་རག་པི་ཙེ་གང་ང་ལ་གཏད་ནས་འཐུང་ཟེར།
ངའི་ཁོའི་གདོང་ལ་ལྟ་ཙམ་བྱས་དུས།
ཁོའི་ངོ་གདོང་ན་ལྕག་ཚན་གྱིས་བྲབ་པའམ། རླུང་གིས་བཞག་པ།
ཚོར་སྣང་གིས་བཞག་པའི་རྗེས་ཤུལ་རེ་རེ་ཟབ་མོར་བརྐོས་འདུག
ད་དུང་ཁ་དང་སྣ་བར་ནས་ཀྱང་།
དུག་རླངས་དང་འདྲ་བའི་ཐ་སྙད་མང་པོ་འཚང་ཁ་རྒྱག་གིན་འདུག
མ་གཞི་ལྕག་ཚན་ཟེར་བ་དེ་ནི་བར་སྣང་དུ་རྒྱུ་བའི་རླུང་ཞིག་ཡིན་པ་འདྲ་ལ།
རླུང་ཟེར་བ་དེ་ཡང་ཁོའི་ཁ་དང་སྣ་ནས་འཕྱུར་བའི་དུག་རླངས་དེ་ཡིན་པ་འདྲ།
སྐབས་འདིར་ཁོས་སྐད་མགོ་ཇེ་མཐོར་བཏང་བ་ནི།
སླར་ཡང་བར་སྣང་ནས་འཕུར་བའི་ལྕག་ཚན་ཞིག་གི་སྒྲ་དང་འདྲ།
སྐད་ཅིག་ཉིད་དུ། ངས་ཁོ་རང་ངོས་ཟིན་བྱུང་།
ཁོ་ནི་སུ་དང་གང་ཡང་མ་ཡིན་པར།
མཚན་གུང་གི་རྨི་ལམ་སྐྲོག་མཁན་སྟེ།
མིང་ལ་གཅན་མེ་སྟག་ཟེར་བའི་འདྲེ་དེ་ཡིན་འདུག
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།