..

གཙང་བོའི་རྨི་ལམ།
རྨི་ལམ་མེད་པའི་འཁོར་བའི་གྲུ་ཟུར་ཞིག་ན།།
མུ་ཏིག་དམར་པོས་ཟོས་པའི་རྩེད་ར་ཆུང་ཆུང་།།
རོལ་དབྱངས་བཞུར་སའི་རྒྱུན་ཐག་ལྷོད་པོའི་སྣེ་ན།།
འཁོར་བའི་སྒེའུ་ཁུང་སྐྱ་མོའི་གྲིབ་གཟུགས་བོར་སྐད།།
རས་ཡོལ་རླུང་བུས་བསྐྱོད་པའི་འདར་ཡངས་རེ་རེས།།
སྲིད་པའི་རྣམ་ཤེས་མོད་པོ་བག་ལ་ཉལ་འདྲ།།
དྲན་པས་གཙང་པོ་བཟའ་བའི་ཉིན་ཞག་དག་ལ།།
ཡིད་ཀྱི་ཆར་ཐིགས་རེ་རེས་གོས་སྣེ་བརླན་ལ།།
དུས་ཀྱི་ཆར་ཆུ་འབབ་སའི་བྱེ་མའི་ཐང་ན།།
རི་དང་གཙང་པོ་དག་གི་སྣང་བ་འཁོར་ཡོད།།
2017 1 2

བྱེ་ཐང་གི་སྣང་བ།
དྲན་པའི་མེ་ལོང་དེ་ཡི་ཕ་མཐའ་ནས།།
ལས་ཀྱི་འགུལ་བའི་མེ་ཏོག་ཆུན་པོ་ཞིག།
དབྱངས་ཀྱི་རོལ་ཆའི་བར་ནས་དེ་རིང་བཞད།།
གཟུགས་མེད་དྲ་མིག་དབུས་ཀྱི་རྨི་ལམ་འགའ།།
ལས་ཀྱི་བསོད་ནམས་པང་ནས་བསྐྱར་དུ་རྨིས།།
ཡིད་ཀྱི་གཙང་པོ་བྱེ་མའི་རི་ནས་འབབ།།
སེམས་ཀྱི་དམ་བཅའ་ཉི་ཟླའི་འགྲམ་དུ་བཅོལ།།
མི་ཚེའི་ཁ་བྱང་ངོས་ཀྱི་ཟིལ་བ་དག།
ལག་པའི་ཕྱག་རྒྱའི་བར་ནས་གཙང་པོར་བྲིས།།
མགུལ་ལ་བཞད་པའི་ཚེ་མདུད་སེར་པོ་ལ།།
ཤི་གསོན་བྱེ་མའི་ཐང་ནས་སྙན་ངག་འབྲི།།
2017 2 22

བརྗེད་མེད་རེད།
བས་མཐའི་འཚོ་བ་བྲིས་སའི་སྨུག་པའི་མེ་ལོང་དང་།།
སེམས་ཀྱི་གཞས་ཆུང་གཏོང་སའི་ས་མཐའི་ཡུལ་གྲུ་དང་།།
སྐྱོ་སྡུག་ཁ་ཆར་འབབ་པའི་སྣང་བའི་དྲ་མིག་དག།
སེམས་ཀྱི་ཟབ་ས་ཞིག་ནས་ནམ་ཡང་བརྗེད་མེད་རེད།།
དགའ་སྡུག་ལ་མོའི་རྒྱབ་ཀྱི་ལྷ་སའི་རྨི་ལམ་དང་།།
ཚོར་བ་རླུང་ཁར་ཡན་པའི་དུས་ཀྱི་ལོ་ཟླ་དང་།།
དམིགས་པ་རི་ལ་ཤོར་བའི་དགུན་ཁའི་སེམས་ངལ་དག།
སྐྱེ་འཆིའི་ལམ་འཕྲང་དེད་ཀྱང་ནམ་ཡང་བརྗེད་མེད་ཡིན།།
སྙན་ངག་མེ་ཏོག་སྐྱེ་སའི་སེམས་ཀྱི་ཆང་ཕོར་དང་།།
སེམས་ཀྱི་ལྷ་མོ་མོས་སའི་མཁའ་འགྲོའི་བྲོ་ར་དང་།།
དྲན་ཚོར་ཡུན་གྱིས་འབྲི་སའི་མདུན་གྱི་ཤོག་བུ་དག།
རུས་ཀྱི་རྐང་གི་གསེང་ནས་ནམ་ཡང་བརྗེད་མེད་རེད།།
2017 4 5

དབྱངས་ཀྱི་དར་ཐག
མིག་ལ་མཛའ་བའི་མར་མེའི་འོད་ཟེར་ངོས།།
སྣང་བའི་ཕྱི་ནང་བསྒོམས་པའི་རི་མོ་སྟོང་།།
རྣམ་ཤེས་འཁྲི་སའི་ཕྱེ་ལེབ་དམར་པོ་ཡིས།།
རེ་སྒུག་རྨི་ལམ་སྐྱེད་མོའི་ཚལ་ནས་བཏང་།།
སྟོང་བའི་དབྱིངས་ཀྱི་སྒྲོལ་མ་དཀར་མོ་ལ།།
ཞོགས་པའི་ཆར་ཟིལ་དྭངས་མོས་མཆོད་པ་བྱས།།
སེམས་ཀྱི་རོལ་དབྱངས་དཀྲོལ་སའི་གཙང་ཆུའི་འགྲམ།།
གནམ་མཐའི་ཟླ་བ་དཀར་པོའི་འཇིག་རྟེན་བྲིས།།
མིག་ལམ་རྒྱུ་བའི་སྐར་མདའ་དེ་ཉིད་ཀྱང་།།
སྨུག་སྤྲིན་སྲབ་མོའི་མཐའ་ནས་བསྐྱར་དུ་མཐོང་།།
རོལ་དབྱངས་དཀྲོལ་བའི་བྱིའུ་དཀར་པོ་ཡིས།།
ལོ་ཟླ་སྦྲེལ་བའི་སྐུད་པའི་སྣེ་མོ་རུ།།
གཟུགས་མེད་ཚོར་བ་རྒུམ་པའི་སྣང་བ་ཡང་།།
རྩྭ་མགོའི་ཟིལ་བ་ལྟར་དུ་དབྱིངས་ལ་ཡལ།།
2017 5 22

རྨི་ལམ་ནང་གི་གྲིབ་མ།
རླུང་དང་འཐབས་པའི་དྲན་པ་འདི་ཉིད་ཀྱིས།།
རི་རྒྱབ་སྨུག་པའི་མཐའ་ནས་རྨི་ལམ་བྲིས།།
འཕྲེད་གླིང་འབུད་པའི་སེམས་ཀྱི་གྲུ་མཁན་ཡང་།།
འཁོར་འདས་གསལ་བའི་མེ་ལོང་ནང་དུ་མཐོང་།།
འཚོ་བའི་དབྱངས་ཀྱི་ཟླ་བ་དཀར་པོའི་གཟུགས།།
མི་ཚེའི་སྤང་ལ་འཁོར་བའི་ཕྱེ་ལེབ་ཡིན།།
དྲན་པའི་རྒྱུ་བར་རླུང་གིས་རྡེག་ཐེངས་རེར།།
སེམས་ཀྱི་དམིགས་པ་སྟོང་བའི་མཐའ་ལ་ཡན།།
དཔྱིད་ཀའི་རླུང་བུ་འཚུབ་པའི་བར་གསེང་ནས།།
རྨི་ལམ་འབུམ་ཕྲག་ཉུལ་བའི་འགྲུལ་བཞུད་ཀྱང་།།
ཆུང་དང་རླུང་གིས་མ་འཇིགས་དེ་གར་གནས།།
ལས་ཀྱིས་བྱིན་པའི་ཀུ་ཤུ་དཀར་པོ་ཡང་།།
དྲན་པའི་རླབས་ཀྱིས་ང་ཡི་བྲང་ལ་ལྷུང་།།
2017 5 26