དོལ་པོ་འགྱུར་མེད་ཀྱི་བཅད་མ་ཁག་བརྒྱད།

14944

 

  རྩོམ་པ་པོ།   དོལ་པོ་འགྱུར་མེད།    

 


WeChat Image_20171206155106.jpg

    __དོལ་པོ་སློབ་དཔོན་འགྱུར་མེད། ༡༩༨༥ ལོར་དོལ་པོ་སྨུ་ལུང་པར་སྐྱེས། རྣམ་གྲོལ་གླིང་ནས་ལོ་དགུར་བཤད་གྲྭའི་འཛིན་རིམ་བཅད། སྒེར་གྱི་སྙན་དེབ་ «བར་དོའི་སེམས་པ།» ཞེས་པ་ཞིག་པར་འགྲེམས་བྱས། པདྨའི་རང་མདངས། སྨྱུག་སྡེ། སྤྲིན། ཅང་ཤེས་རྨིག་སྒྲ། གདང་ལ་རི་བོ་བཅས་དུས་དེབ་ཁག་དང་། ཁ་བརྡ་དྲ་བ་སོགས་སུ་རྩོམ་ཡིག་སུམ་ཅུ་ལྷག་སྤེལ་མྱོང་། རྣམ་གླིང་བཤད་གྲྭའི་དུས་དེབ་པདྨའི་རང་མདངས་འདོན་ཐེངས་དང་པོ་ནས་ཉེར་བདུན་བར་གྱི་ལེགས་རྩོམ་གཅེས་བཏུས་ནང་བརྩམས་སྒྲུང་ཨང་དང་པོའི་བྱ་དགའ་ཐོབ། ལོ་དྲུག་ཙམ་གྱི་རྩོམ་སྒྲིག་བྱ་བའི་ཉམས་མྱོང་ལྡན་ཅིང་། ད་ལྟ་སྨྱུག་སྡེ་སྙན་ངག་དུས་དེབ་ཀྱི་རྩོམ་སྒྲིག་པ། རྣམ་གླིང་བཤད་གྲྭའི་དགེ་རྒན་དང་། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་མུས་ཡིན།


 

         ལྟད་མོ།


སྒྲ་མི་སྙན་གྱི་དབྱངས་རྟའི་ནང་།།

སྙིང་ཤ་ཞུས་པའི་མར་ཁུ་འཁྱིལ།།
འཐུང་མཁན་ཨ་ཁུ་འབྲོག་རྒན་ཙམ།།
གཞན་དག་ཟུར་ནས་ཁོང་དགོད་ཤོར།།

གསེར་གྱིས་ཉོས་པའི་ཡིག་འབྲུ་དག །
ཞམ་ཞམ་རྔུལ་ཆུས་བཀྲུས་སོ་ལོ།།
ད་ལྟ་རིལ་མའི་ཚུག་ཀ་འཛིན།།
ལས་མེད་ཁྱུ་ཡི་རོལ་རྩེད་ཙམ།།

ཀ་ཁས་བཀྱགས་པའི་གླེག་བམ་དག །
ལྗིད་པ་ལ་ནི་དཔེ་ཞིག་རེད།།
ལུས་གཟུགས་ཞན་པའི་གསར་བུ་དག །
མཚན་བྱང་འདྲུད་ཀྱིན་འཁྱར་མ་འཁྱོར།།

རླུང་བུའི་སྙིང་གཏམ་མ་གོ་ན།།
ཁྱོད་ལ་སྙན་ངག་ཇི་ལྟར་འགྲེལ།།
མཆུ་ཡི་ཡལ་འདབ་གཡོ་བ་ཡང་།།
རང་ཉིད་བྱི་དོར་བྱེད་ཨེ་རེད།།

སྐད་དང་ཡི་གེའི་ཚོགས་པ་དག།
ང་རོ་ཆེ་བའི་རོ་ལངས་འདྲ།།
ཐོས་ཙམ་ཉིད་ནས་མགོ་བོ་ན།།

མཐོང་ཙམ་ཉིད་ནས་ཡི་ག་འགོག །

བསམ་སར་ལམ་ཁ་ཤ་རེར་མེད།།
ཀྱག་ཀྱོག་ལ་ཀླུང་འགྲིམ་དགོས་སོ།།
ལམ་གྱི་ཟིན་ཐོའི་སྐད་ཆ་འདི།།
དེ་རིང་ཉིན་གྱི་ལྟད་མོ་ཡིན།།

 

ལྕེ་དང་སྐད། ད་དུང་ཤེད།

 

འགྲོ་ལམ་གཅོང་རོང་ཡིན་པའི་འགག་མདོ་ན།།
སྨྲ་ཤེས་ལྕེ་ཡི་ཟམ་པ་འཛུགས་ཤེས་ན།།
འཇིག་རྟེན་ལག་མཐིལ་ནང་གི་ཤེལ་གོང་བཞིན།།
མཆན་འོག་སྦ་ཁུག་ནང་ལ་འཇུག་ཆོག་ཆོག །

སྤྱི་ཚོགས་མིག་གིས་བཙལ་བ་སྣང་ཚུལ་ལགས།།
ཁྱོད་རང་འཛུམ་ཙམ་གུག་ཙམ་ངང་ལ་སྐྱོད།།
རྒྱབ་ཀྱི་གད་སྙིག་ལྟ་བུའི་སྐད་ཆ་དག །
དུས་ཀྱི་ཁ་ནས་རུལ་བ་འགྲོ་སྟངས་རེད།།

དེ་རིང་ལྷ་འདྲེའི་གནས་ལུགས་བཙལ་བ་ན།།
རང་གི་མིག་ལ་འདྲིས་དང་མ་འདྲིས་ཙམ།།
ཁྱོད་ཀྱི་ལྕེ་དང་སྐད་ལ་ཤེད་ཡོད་ན།།
ཡོམ་ཡོམ་གཡོ་བའི་མི་ཚོགས་ཅིས་མི་འཛུམ།།

ཁ་བྱང་གཅིག་གིས་གནམ་ལ་བཀྱགས་པ་ཡོད།།
ནག་ཐོ་གཅིག་གིས་ས་འོག་མནན་པ་ཡོད།།
མི་ཡི་མི་གཤིས་འཇལ་བའི་སྤྱན་རས་གང་།།
དེ་རིང་ཁ་རྩང་དགོས་མེད་དུར་རྡོ་རེད།།

1/10/2017

གློ་བོ་སྨད་རྫོང་དགོན་པའི་ཉེ་འདབས་ཀྱི་གྱང་རལ།.jpg

ཁྱོད་ལ་བཅངས་པའི་ལྟ་ཚུལ།

མི་ཡི་མི་ཚེ་གཙང་པོའི་རྒྱུན་འདྲ་པོ།།
དགའ་སྐྱོ་ཟེར་བའང་རླབས་ཀྱི་འཕྱོ་ལྡིང་འདྲ།།
ཡོད་ཚད་སྙིང་པོས་སྟོང་པའི་མཐོང་སྣང་ན།།
ཁྱོད་ཀྱི་འཛུམ་མདངས་མེ་ཏོག་བཞད་ཁ་འདྲ།།

རྒྱབ་ཀྱི་ལྗོན་པའི་ལྗང་ལོ་བསིལ་ཤ་ཅན།།
དགུན་གྱི་པང་ནས་འཆི་བའི་དབུགས་ལེན་དགོས།།
ཁྱོད་ཀྱི་འཛུམ་ཀོང་མཐོང་ན་སྙིང་རྗེ་བོ།།
ཁྱོད་ཀྱི་མི་ཚེར་རྟག་བརྟན་ཡིན་པར་སྨོན།།

སྐྱ་བས་དྲུད་པའི་ཀོ་གྲུ་གོར་མོ་དེ།།
ཁ་ལོ་ཞིག་གི་ལག་པར་བརྟེན་ནས་ཡོད།།
ལས་ཀྱི་མཚོ་མོར་ཁེན་པའི་མི་ཚེ་ཡང་།།
ལས་ཀྱིས་གར་འཁྲིད་མ་གཏོགས་འགྲོ་ས་མེད།།

སྐད་ཅིག་ཡུད་ཙམ་བཞད་པའི་མཛེས་སྡུག་ནི།།
སྐད་ཅིག་ངང་དུ་ཡལ་ནས་འགྲོ་བ་ཉིད།།
དཔྱིད་འགོའི་ཟིལ་པས་བརྒྱན་པའི་མེ་ཏོག་དེ།།
ད་ལྟ་རླུང་བུའི་ཁ་ན་རུལ་བཞིན་ཡོད།།

ཁྱོད་ཀྱི་ལང་ཚོ་ཡིད་འོང་སྙིང་རྗེ་མོ།།
བཅོམ་ལྡན་མཆོད་པའི་མེ་ཏོག་ཡིན་པར་སྨོན།།
ཐོ་རངས་སྐར་ཆེན་འདྲ་བའི་སྤྱན་མདངས་དེའང་།།
བཅོམ་ལྡན་མཆོད་པའི་སྒྲོན་མེ་ཡིན་པར་སྨོན།།

མི་ཚེའི་གཙང་པོ་ཁ་ཕྱོགས་ངེས་མེད་པོ།།
གང་དུ་བཞུར་ཞིང་གང་ནས་འབབ་ཡོང་ངམ།།
རྩེ་དགོད་རླབས་ཀྱི་ཟེགས་མ་འདྲ་པོ་དེའང་།།
རླུང་བུའི་ཁ་ན་རང་དབང་དེ་ཙམ་མེད།།

བྱིས་དུས་ཞིང་ལ་ལོག་འདྲའི་འཛུམ་མུལ་དེ།།
ཁྱོད་ཀྱི་ངོ་ན་རྟག་ཏུ་མཛེས་པར་ཤོག །
དགའ་བའི་གྲོགས་དང་མཛའ་བའི་གཉེན་བཤེས་ཀྱིས།།
ཁྱོད་ཀྱི་མི་ཚེ་དྲོད་ཀྱིས་རུམ་པར་ཤོག།

5/10/2014

གློ་བོ་སྨོན་ཐང་མཐིལ་ནས།.jpg

རང་ཉིད་མཐོང་བ།

 

མེ་ལོང་རང་ལ་བསྐོར་ཏེ་བལྟས་ཙ་ན།།
མིག་གི་མདུན་ན་དྲི་བའི་འགྲེང་གཟུགས་ཤིག །
ཡང་ན་ལན་ཆགས་འདྲུད་པའི་གྲིབ་མ་ཞིག །
ཡང་ན་ཆུ་ཟླའི་གཟུགས་རིས་ཡོམ་ཡོམ་ཞིག །

གཞན་སྐྱོན་རང་ལ་སྦྱར་ཏེ་བལྟས་ཙ་ན།།
མི་དྲན་དགུ་དྲན་རྣམ་རྟོག་ཕུང་པོ་ཞིག །
སྣང་བ་དགྲ་རུ་ལངས་པའི་རོ་ལང་ཞིག །
འདོད་ཆགས་གཟན་གྱིས་བཏུམས་པའི་བསྟན་ཤིག་ཅིག །

མི་རྟག་འགྱུར་བའི་ཐིག་ཚད་བཏབ་ཙ་ན།།
ཡ་ཐོད་ངོས་སུ་གཉེར་རིས་ཤུར་ཤུར་ཞིག །
གཞོན་ཤའི་ངོ་ལ་ཟབ་ནན་རྣམ་འགྱུར་ཞིག །
ང་ཡིན་སྙམ་པའི་སྒང་ཕུག་ཆུང་ཆུང་ཞིག །

མི་ཚེ་བྱང་ལམ་འདྲ་དེ་བགྲོད་བཤུལ་ན།།
ད་རིང་གནམ་གཤིས་སྔར་ལས་རྩུབ་སོང་ངོ་།།
རང་ཉིད་ཞུ་བཏུལ་བྱས་པའི་གྲུབ་དོན་དུ།།
ལྕགས་ཀྱི་གོང་བུ་ཞིག་ལ་འགྱུར་སོང་ངོ་།།

སྣང་བ་ལམ་འཁྱེར་ཟེར་བའི་གཞས་ཆུང་དེ།།
ལྷོ་ཡི་རླུང་བུས་ཤབ་ཤུབ་བཟླས་འོང་ཚེ།།
རང་གིས་རང་ཉིད་མཐོང་བའི་ལེའུ་འདི།།
ཀ་མད་སུམ་ཅུའི་མཛོད་དུ་འཇུག་ཙམ་བྱས།།

2/9/2017

གློ་བོ་སྨད་རྫར་གྲོང་སྡེ།.jpg

བལ་ཡུལ་བུ་མོ་བལ་གྱི་གཤིས་ལྡན་མ།

སྨིན་མ་ནར་མོའི་འོག་གི་སྤྱན་མདངས་དེ།།
དག་སྣང་དབང་དུ་ཤོར་ནས་གླེང་བ་མིན།།
ངར་འཛིན་རྡོག་རྡོག་ཞིག་པའི་རྣམ་འགྱུར་དེ།།
སྙན་པའི་ངག་ལ་མི་འགུག་རང་དབང་ཅི།།

མཛེས་ཚོད་བཤད་ན་དཔྱིད་ཀའི་རྒྱ་སེ་སྟེ།།
མཛེས་མ་ངའོ་སྙམ་པའི་ང་རྒྱལ་མེད།།
བཞིན་རས་དེ་ནི་ཉ་གང་ཟླ་བ་འདྲ།།
མཐོང་བ་ཙམ་གྱིས་ཡིད་ལ་སིམ་པ་སྟེར།།

གཟུགས་ཀྱི་ལང་ཚོ་བལྟས་ན་མི་ངོམ་པ།།
རྣམ་འགྱུར་དེ་ནི་སེམས་ཀྱི་ཞི་བདེ་སྟེ།།
མི་ཡི་མི་ཚེ་ཟེར་བའི་འགྲུལ་ལམ་ནང་།།
ཁྱོད་འདྲའི་ལམ་གྲོགས་ཐུག་པའི་རེ་སྨོན་ཞུ།།

གཟུགས་ཀྱི་མཛེས་པ་ཁུར་བའི་མོ་སྨན་ཚོའི།།
གཅུས་ཟེར་ལྟ་བུའི་རྣམ་འགྱུར་སྐྱུར་མོ་དེས།།
སེམས་ཀྱི་མཛེས་པ་མངོན་ཐབས་མི་འདུག་ན།།
ཁྱོད་ནི་མཛེས་མ་མ་ཟད་མཛངས་མའང་ཡིན།།

འཚོ་ཐབས་གང་ལའང་ཁྱོད་ལ་མ་མོས་མེད།།
ཁྱོ་གའི་བཞིན་གྱི་འཛུམས་མདངས་བསྲུང་མཁས་མ།།
ནུ་མ་དེ་ནི་བཟའ་ཟླའི་སྔས་མགོ་སྟེ།།
བྲང་གཞུང་དེ་ནི་སྡུག་གི་ཡོལ་བ་ཡིན།།

མཛེས་མ་ང་ཡིན་ཟེར་བའི་མོ་སྨན་ཚོར།།
འདྲིས་ཤིང་གཤིབས་པའི་དོལ་པོའི་ཨ་ཇོ་ངས།།
ཚེ་གང་སྐྱ་ཡར་སྨོན་ས་ཁྱོད་ཉིད་དེ།།
ཁྱོད་ཀྱི་མི་ཚེ་བདེ་སྐྱིད་ལྡན་པར་སྨོན།།

གྲོགས་པོ་རྙིང་པ་ཞིག་གི་བཟའ་ཟླ་མཐོང་རྗེས་བྲིས།

8/8/2015

ཆུ་མིག་རྒྱ་རྩའི་འདབས་ནས།.jpg

བོད་ཡིག་དང་བོད་པ།

གསེར་ཕྱེ་བྲེ་བོས་ཉོས་པའི་དབྱངས་གསལ་འདི།།
བླ་སྲོག་འབེན་ལ་བཞག་པའི་ལོ་རྒྱུས་ཡོད།།
དེང་གི་བོད་པ་ཚོ་ཡི་མཐོང་ཚུལ་ལ།།
བོད་ཡིག་ཅེས་པ་ཡི་གེའི་ལྷག་རོ་ཙམ།།

ཐོན་མི་མི་ཡུལ་འགྲིམས་པའི་ཞབས་རྗེས་ནང་།།
ཤཱཀྱ་ཐུབ་པའི་སྙིང་གཏམ་སིམ་ནས་ཡོད།།
ཟུར་གྱི་ཨ་ཅག་འཕྱོར་མོའི་སྤྱན་ཟུང་ནང་།།
བོད་ཡིག་ཅེས་པའི་ཕོ་གཞོན་ཡོད་ཐབས་མེད།།

ལོ་པཎ་སྙིང་རུས་ཅན་ཚོའི་འོ་རྒྱལ་དེ།།
བོད་པའི་དབུ་འཕང་གཡོ་བའི་བ་དན་རེད།།
སྐུ་ངོ་ཟེར་བའི་མི་བོ་ཆེ་ཚོར་ཡང་།།
དབྱངས་གསལ་མུར་བའི་ཁ་དྲི་མི་བྲོ་བ།།

ཤཱཀྱ་ཐུབ་པའི་རྒྱབ་གཟུགས་འཚོལ་མཁན་གྱི།།
རྒྱང་ཤེལ་སྣེ་ན་བོད་ཡིག་ཐང་མ་ཡོད།།
དེང་གི་བོད་ཕྲུག་ཁ་ཡག་ངོ་ཡག་ཁྲོད།།
བོད་ཡིག་གཅེས་མཁན་ཉིན་མོའི་སྐར་མ་རེད།།

བསྟན་བཅོས་མཁན་པོའི་སྣང་ཆུང་སྣ་གཉེར་གྱིས།།
ཆུང་ཆུང་བྱས་པའི་བོད་ཡིག་ལོ་རྒན་དེས།།
དབུ་ཕར་ཚད་གསུམ་སྔར་བཞིན་ཁུར་བསྡད་ཡོད།།
རང་གི་རིགས་ཀྱི་མཛེས་པ་སྲུང་བསྡད་ཡོད།།

ཕོ་གསར་ཤེལ་མིག་ཅན་གྱི་མིག་བརྡ་དེ།།
འཕོངས་ཚོས་རིལ་རིལ་རྗེས་ལ་འབྲངས་ཆེ་ཡང་།།
ཟུར་གྱི་བོད་ཡིག་ཁུར་བའི་དཔེ་དེབ་དེ།།
ལམ་གྱི་རླུང་བུས་རྡུལ་འཚུབ་འགེབས་ས་ཙམ།།

དགེ་སྦྱོང་འཛུམ་དམུལ་ཅན་དེའི་རླུང་རྟ་ཡང་།།
བོད་ཡིག་འཕུར་བའི་གནམ་འཕང་འོག་མར་ཡོད།།
མཐའ་མཚམས་ཆོད་པའི་ཧི་མ་ལ་ཡ་ཚོའང་།།
བོད་ཀྱི་ཡི་གེར་བྱམས་ཚུལ་སྔར་བཞིན་ཡིན།།

6/7/2016

གློ་བོ་མ་རང་། མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་འཁྲུངས་གཞིས་གྱང་ཧྲུལ།.jpg

མཚོ་མོ་སྐོར་སྐྱོད་དང་དྲན་དུང་།

རླབས་ཀྱི་ལག་པས་སྙོམ་པའི་བྱེ་ལམ་སྟེང་།།
གཅིག་པུར་བསིལ་ལྷམ་ཕུད་དེ་སྐྱོད་པ་ན།།
ཆུ་མོའི་ལྷད་མེད་མཆུ་སྦྱོར་འཇམ་པོ་དེས།།
དམར་ཞིང་ནར་བའི་གཟུགས་གང་དྲན་དུ་བཅུག །

རླུང་བུའི་རྒྱུ་བའི་རྗེས་སུ་འབྲངས་པ་ཡི།།
མཚོ་མོའི་ཡེར་མོ་ཤིག་ཤིག་ལྷོད་འཇགས་པོ།།
གཏིང་མཐའ་དཔོག་པར་དཀའ་བའི་མཐོང་སྣང་འདིས།།
རྣམ་འགྱུར་མོད་པའི་སེམས་ཤིག་དྲན་དུ་བཅུག །

ལྗང་རླུང་བྱང་ལ་བཏབ་རྗེས་འཁྱོམས་པ་ཡི།།
སྐམ་སར་སྣུམ་མདོག་འབྱུག་པའི་རླབས་ཕྲེང་གི།
འཕྲེད་གླིང་རྒྱང་ནས་ཐོས་འདྲའི་ཅལ་སྒྲ་དེས།།
གཅེས་ལང་ཤོར་བའི་སྐད་དེ་དྲན་དུ་བཅུག །

ཡེར་མོར་བྲང་གཞུང་རེག་ཙམ་རེག་ཙམ་གྱིས།།
མཚོ་མོའི་པང་ནས་འཕུར་བའི་ཁྲུང་ཁྲུང་ཁྱུ།།
རྒྱང་ནས་རྒྱང་ལ་བཞུད་པའི་སྣང་བརྙན་དེས།།
གྱེས་ཕྱག་གང་དེའི་ན་ཟུག་དྲན་དུ་བཅུག །

ལྗོན་པའི་རྩེ་ན་མེ་ཏོག་དམར་ཆིལ་ལེ།།
དཔྱིད་རླུང་འཇམ་པོས་གནམ་ས་བར་སྣང་ཁྱབ།།
ཡོད་ཚད་ཡོད་ཡོད་འདྲ་བའི་དུས་ཚིགས་འདིར།།
གང་ཡང་མེད་སྣང་ཤར་བའི་ཚོར་ཤུགས་ཤིག།

9/6/2014

གློ་བོའི་མཛེས་པ།.jpg

ཋ་མེལ་ (Thl) ནས་བལ་མོ་མཛེས་མ་ཞིག་ལ་བལྟས་པ།

མག་མོག་དུ་སྤྲིན་གྱིས་ནམ་མཁའ་བཏུམ་ས་ནས།།
རླུང་བུའི་གྲང་ངར་གྱིས་རུས་རྐང་འདར་ས་རུ།།
ལམ་གྱི་ཐལ་འཚུབ་ལས་གཡོེལ་ཆེད་གོམ་འགྲོས་དེ།།
མགྱོགས་ཟས་ཟ་ཁང་གི་སྒོ་ཆེན་ནང་ལ་ཐལ།།

འཚིག་ཇ་ནག་པོ་ཞིག་མངགས་ཏེ་འབོལ་གདན་སྟེང་།།
ལྷོད་ཀྱིས་སྡོད་ཞོར་དུ་གསར་ཉོས་དཔེ་དེབ་དེའི།།
ཡིག་ཕྲེང་གཉིས་གསུམ་ལ་མིག་གཡུགས་བརྒྱབས་མཚམས་ན།།
ཤེལ་སྒོའི་ཕྱི་ལོགས་ནས་མི་ཞིག་ནང་ལ་ཐོན།།

ཀོ་ཁུག་ནག་པོ་ཞིག་བཟུང་བའི་བལ་མོ་དེ།།
སྒེའུ་ཁུང་མདུན་ངོས་ཀྱི་འདུག་སྟེགས་སྒང་ལ་བསྡད།།
ཅུང་ཟད་བར་ཐག་གིས་ཆོད་རུང་ཁ་གཏད་རེད།།
དཔེ་དེབ་ཀློག་འདུན་དེ་འཚིག་ཇའི་རླངས་པ་རེད།།

ངོ་ལ་གངས་དཀར་གྱི་ཤ་རྩིས་འཁྱུད་པ་ཞིག །
འགྲམ་པར་ཀུ་ཤུ་ཡི་དམར་འོད་འཁྱུག་པ་ཞིག །
ནག་ནག་སྤྱན་ཟུང་དེས་མི་སེམས་གསོད་པ་ཞིག །
མཆུ་སྒྲོས་དམར་པོ་དེ་མེ་ལྕེར་མཚུངས་པ་ཞིག །

སྐྲ་ལོ་སིལ་མ་དེ་བལ་ཞྭས་བཀབ་འདུག་གོ།
སྟོད་གོས་མཐུག་པོ་དེས་མྱོས་བུམ་བསྒྲིབས་འདུག་གོ།
འཇུར་རྟ་ཡུ་རིང་དང་གུ་ཐུང་སྔོ་སྐྱ་དེས།།
བརླ་ཤའི་ཁ་དོག་དང་དབྱིབས་དག་སྦས་འདུག་གོ།།

ཡུན་རིང་ཚ་བ་ཡིས་མནར་བའི་གངས་ཕྲུག་ང་།།
ནམ་ཟླ་གྲངས་མོ་ལ་དགའ་ཞེན་ཆེ་མོད་ཀྱང་།།
དེ་རིང་མཛེས་མ་ཡི་ལང་ཚོ་བཞད་ས་ནས།།
དགུན་གྱི་གྲང་ངར་འདི་མིག་གི་ཡོལ་བར་གྱུར།།

ཀུ་ཤུའི་ཁ་པར་ལ་ཡང་ཡང་ཐོགས་བཞིན་དུ།།
ཟས་སྣེ་ཐོ་གཞུང་ནང་སྤྱན་ཟུང་ཉུལ་བཞིན་དུ།།
སྐྲ་ལོ་ནར་མོ་དེ་རྣ་སྟེང་རྫེ་བཞིན་དུ།།
ཁོ་མོ་འབོལ་གདན་སྟེང་འདུག་ཚུལ་འདི་འདྲ་རེད།།

སྨིན་མ་ཡོན་པོ་དེ་ཆགས་པས་བཟི་བ་འདྲ།།
ངོ་གདོང་གཤོང་པོ་དེར་ཤ་ལྷག་མཐོང་རྒྱུ་མེད།།
མ་མཆུ་ཡ་མཆུ་ཡི་འབྱེད་བཙུམ་མཐོང་ཙ་ན།།
འཚིག་ཇ་འཐུང་བ་ནི་སྦི་རག་འཐུང་དང་མཚུངས།།

ཁོང་མོའི་མདུན་ངོས་ཀྱི་རྣམ་པ་འདི་འདྲ་རེད།།
ཁོང་མོའི་རྒྱབ་ལོགས་ཀྱི་རྣམ་པ་མཐོང་འདོད་ཀྱིས།།
འཚིག་ཇ་ཐེངས་གསུམ་ལ་མངགས་པའི་རྗེས་སོ་ན།།
ཁོང་མོ་འཛུམ་ཆུང་ཞིག་མངོན་བཞིན་ཕྱི་ལ་ཐོན།།

ཕྱི་གོས་ལག་པ་ལ་བཟུང་ནས་ཆས་ཚུལ་དེ།།

དགོང་གི་མངོན་འདོད་དེ་ཁོང་མོས་ཚོར་བ་འདྲ།།
ཕྲ་སར་ཕྲ་བ་ལ་རན་པའི་སྒེགས་ཉམས་འདུག །
རྒྱས་སར་རྒྱས་པ་ལ་རན་པའི་ཆགས་ཉམས་འདུག །

དོན་དག་རྡོག་རྡོག་དེ་ཁོང་མོའི་འཕོངས་ཚོས་རེད།།
སྒོ་ང་གཉིས་གཤིབ་དང་འདྲ་བའི་འཕོངས་ཚོས་དེ།།
འཁྲིལ་འཁྲིལ་འདར་སྟངས་ནི་མཚོ་མོའི་ཡེར་མ་འདྲ།།
འགུལ་སྟངས་གཡོ་སྟངས་གིས་སྙིང་ལ་གློགས་ཞགས་ཐེབས།།

སྣང་བརྙན་ཚ་པོ་དེ་མིག་ནས་ཡལ་ཤུལ་དུ།།
འཚིག་ཇ་ཐ་མ་དེ་གྲང་མོ་གྲང་རྐྱང་རེད།།
ཟུངས་ཁྲག་བདེ་དྲོད་ཀྱིས་བཞུར་བའི་དུས་ཚིགས་དེར།།
བདག་གི་སྣང་ཡུལ་ནི་དུ་དྲི་འཐུལ་ལེ་རེད།།

26/1/2014

གསལ་བཤད།  བར་བཅུག་པར་རིས་དག་ནི་རྩོམ་པ་པོས་གློ་བོ་སོགས་ཧི་མ་ལ་ཡའི་ས་ཁུལ་ནས་བླངས་པའི་པར་འགའ་ཡིན།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།