རྒྱང་རིང་གི་དྲང་སྲོང་ལ་སྤྲིངས་པ། (ཞར་བཀོད་ལྔ)

322

 

རྩོམ་པ་པོ།   རྨོག་ཐང་དཀར།    

 

རྒྱང་རིང་གི་དྲང་སྲོང་ལ་སྤྲིངས་པ།

                     
སྲིད་པའི་ས་ཆེན་མཐིལ་གྱིས་གནོན་པ་ལ།།
ངལ་བ་ཅི་ཡང་མེད་པའི་རླབས་པོ་ཆེ།།
ཞི་འཛུམ་མངོན་དགའི་དཔལ་གྱིས་སྤྱན་དྲངས་ལ།།
བདེ་གཤེགས་སྐྱོབ་པའི་མགོན་པོ་ཁྱོད་ཉིད་དྲན།།

གང་ཞིག་རྡུལ་གྱིས་བརྩེགས་པའི་ཁང་ཆེན་དུ།།
མཛད་བཟང་གསེར་གྱི་ཁོ་ལག་རྫོགས་པ་ཡི།།
ངུར་སྨྲིག་གར་འཆང་ཤཱཀྱའི་དགེ་སློང་ཉིད།།
བྱམས་བརྩེ་ལྷུན་པོའི་ཁྲི་འཕང་དགུང་དུ་བསྟོད།།

རྒྱལ་རབས་བཙན་པོའི་དུས་ཀྱི་ཡུལ་གྱལ་པ།། 
བཙན་པོ་གངས་ཅན་པ་ཡི་རིང་ལུགས་མཁན།།
སྐྱེས་བུ་ཆེན་པོའི་ང་རྒྱལ་གྱིས་བསླངས་པའི།།
ཆེ་བཙན་དཔའ་བོའི་རུ་མཚོན་དགུང་ན་མཐོ།།

ཞི་སྤྱོད་ཉམས་ལེན་མཁས་མཛངས་གཉིས་ལྡན་ཞིང་།།
འཁོར་བའི་མེ་འོབས་འཇོམས་པའི་ཁྲབ་གྱོན་ཏེ།།
ཞི་བདེ་དགེ་བའི་མེ་ཏོག་བསྙིལ་བ་པོ།།
ང་ཡི་དྲང་སྲོང་བགྲེས་པོ་ཁམས་བཟང་ངམ།།

ཁྱེད་སྐུ་ཉི་མ་དྲན་པའི་མེ་ལོང་ནང་།།
གཙང་པོ་བྲུག་འདྲའི་རྦ་རླབས་འཕྱོ་ཞིང་འཕྱུར།།
རྒྱང་རིང་བས་མཐའི་གླུ་ཆུང་ཉམ་ཐག་འདི།།
ལྷ་མོ་དོན་གྲུབ་དྲན་པའི་གདུང་དབྱངས་ཡིན།།

ཕྱི་རོལ་བརྗིད་ཆགས་རྒྱལ་ཁབ་མང་པོའི་ཁྲོད།།
ལྷག་བསམ་ཉི་ཟླའི་འོད་ཟེར་འཕྲོ་བའི་ཚེ།། 
ཁྱེད་སྐུ་བཞད་པའི་འཛུམ་ཀོང་འཁྱིལ་བ་ཡི།།
ལང་ཚོའི་གཉེར་མ་སྐྱོ་བའི་གཡང་ལ་ལྷུང་།། 

གསེར་གྱི་རྒྱ་ཕིབས་རྔམ་བརྗིད་མདངས་འཕྲོག་ཅིང་།།
འོད་ཀྱི་གཤོག་པ་སྤྱན་རས་གཟིགས་དབང་གི།
ཐུགས་རྗེ་ཞགས་པས་ཕོག་པའི་གངས་ཅན་ལྗོངས།།
ཁྱེད་ཀྱི་དཀར་ངོགས་འཚོལ་བའི་མེ་ལྕེབས་ཡིན།།

ཁྱེད་སྐུ་ལང་ཚོའི་ན་ཚོད་བགྲེས་པ་དང་།།
སྲིད་པའི་ཆོས་ནི་སྟོང་ཉིད་དུ་རྟོགས་ཚེ།།
མངོན་དགའི་ཞིང་དུ་མྱུར་དུ་སྤྱོན་ནམ་སྙམ།།
ལྟས་ངན་གདུང་བའི་བ་མོ་སེམས་སུ་ཆགས།།

ཁྱོད་ནི་མི་རིགས་གཅིག་གི་བདེ་སྡུག་དང་།།
རང་དབང་ཉི་ཟླའི་འོད་ཟེར་འཕྲོ་བའི་ཆེད།།
སྐུ་ཡི་ལང་ཚོ་པདྨའི་ལྷུན་པོ་ལ།།
འགྱུར་མེད་སེམས་ཀྱི་གོ་ཆ་འཆང་དུ་གསོལ།།

གངས་ཅན་ལྗོངས་སུ་རུས་པའི་སྒལ་ཚིགས་ཅན།།
ལྷ་ཡིས་རྗེས་བཟུང་འགྲོ་ལ་ཉེར་གཟིགས་པའི།།
སྤྱན་ཡངས་ཕྱག་རྒྱ་ཆེ་བའི་ཁྱེའུ་ཞིག།
མི་མོའི་ལྷུམས་སུ་ཞུགས་ནས་འཛུམ་བརྒྱ་གྲོལ།།


               ༢༠༡༧ ༠༥ ༡༣ མདོ་ཁམས་གཡུ་ལོ་ལྗོངས་ཀྱི་ཉམས་དགའ་བའི་ཁོར་ཡུག་ཅིག་ཏུ་རང་སེམས་རང་དབང་གི་མཁའ་ལ་ལྡིང་བཞིན་རྒྱང་རིང་གི་ཨ་ཇོ་ལ་ཞུས་པ། 




  སེམས་ཉིད་ངལ་གསོའི་ཁྲིད་ལུང་གི་ཆོས་སྐལ་གནང་བའི་དྲིན་ལྡན་བླ་མར་ཕུལ་བའི་བཀའ་དྲིན་གཏིང་རེག་གི་མཎྡལ་སྐལ་ལྡན་གཞོན་ནུའི་སིམ་གླུ་རིག་བྱེད་དབྱངས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།


མི་ འཇིགས་ཡེ་ཤེས་སྤྱན་ནི་དྭངས་གསལ་ཞིང་།།
རིག་སྟོང་མཁའ་ལ་ཤར་བའི་དེ་བཞིན་གཤེགས།།
བདེན་བཞིའི་རང་རྣམ་མ་ནོར་གསལ་འབྱེད་པའི།།
རྣམ་གྲོལ་ཕན་བདེའི་བྱེད་པོར་ཕྱག་འཚལ་ལོ།།

བདེན་གཉིས་ཆོས་སྐུ་འཕོས་པའི་དགོངས་ཀློང་དུ།།
འཁྲུལ་བ་ཚར་གཅོད་རྫོགས་ཆེན་བོགས་འདོན་པ།།
མཉམ་ཉིད་འོད་གསལ་མཁའ་ལ་རང་བྱོན་པའི།།
དྲི་མེད་འོད་ཟེར་ཞབས་ལ་ཕྱག་འཚལ་ལོ།།

འཇིགས་མེད་ལུང་རིགས་གཏེར་གྱི་བང་མཛོད་ལས།།
ཕུན་ཚོགས་དོན་གཉིས་འགྱེད་པའི་འབྱུང་གནས་ཆེ།།
དཔལ་ལྡན་དུས་ཀྱི་མགོན་པོ་བྱིན་རླབས་ཅན།།
བདག་སོགས་སྐྱོང་མཛད་དེ་ལ་ཕྱག་འཚལ་ལོ།།

གྲུབ་པའི་རྣལ་འབྱོར་ཉི་མའི་མཚན་ཅན་དེས།།
བདེ་སྟོང་གཡུལ་ལས་རྒྱལ་བའི་ཆོས་རྣལ་མ།།
ཉིན་མཚན་དུས་ཀྱི་བགྲོད་པ་མཐར་བཏང་ནས།།
གླེགས་བམ་པོ་ཏི་གསུང་ལ་ཕྱག་འཚལ་ལོ།།

སྔོན་བྱུང་རྒྱལ་དང་རྒྱལ་རྒྱས་འཕགས་པའི་ཚོགས།།
ཚངས་ལ་མ་ནོར་མཁས་གྲུབ་བརྒྱུད་པའི་ཞབས།།
སྒོ་གསུམ་རྣལ་དུ་ཕབ་པའི་གུས་འདུད་ཀྱིས།།
ཐོས་ཆུང་བདག་གིས་སླར་ཡང་ཕྱག་འཚལ་ལོ།།

བྱིན་རླབས་འཕྲོ་འདུའི་ཉམས་བརྒྱ་འབར་བྱེད་ཀྱི།།
ཆོས་ཆར་བདུད་རྩི་བསིལ་མའི་དངོས་གྲུབ་ཉིད།།
མོས་གུས་དག་སྣང་བསྐྱེད་ནས་ནོད་པ་ཡི།།
ཡ་ཡོ་གྱ་གྱུ་མེད་ལ་ཕྱག་འཚལ་ལོ།།

དགེ་འདུན་བཞུགས་པའི་གྲལ་རིམ་ཕྲེང་རྒྱུན་གྱིས།།
རྡོ་རྗེ་སྐྱིལ་ཀྲུང་མི་ཤིགས་ལྷུན་གྱིས་གྲུབ།།
ལུས་སེམས་ཞི་དུལ་སྤྱོད་པའི་གདངས་ལྡན་པའི།།
བསམ་སྦྱོར་དགེ་བའི་ལས་ཕྱག་འཚལ་ལོ།།

ཕུན་ཚོགས་ལྔ་ཡི་དགྱེས་འཛོམས་ལྷུན་ཆགས་ཤིང་།།
སེམས་ཉིད་གཉུག་མའི་རྒྱལ་ས་ཟིན་པའི་ཆོས།།
སེམས་ཉིད་ངལ་བ་གསོ་བའི་ཤིང་རྟ་ཆེའི།།
ཁྲིད་ལུང་རྣམ་དག་ཐོབ་པ་བསོད་ནམས་ཆེ།།

ཆེད་དུ་མ་སྤྲོས་གདོད་མའི་གཙུག་ལག་ཏུ།།
ངུར་སྨྲིག་གར་འཆང་འདུས་པ་རྒྱ་མཚོའི་ཀློང་།།
ཟུང་འཇུག་རྡོ་རྗེའི་བཀའ་ལུང་ནོད་པ་ཡི།།
གསང་སྔགས་དམ་ཚིག་ལྡན་པ་སྐལ་བ་བཟང་།།

ཞི་བའི་མདངས་ལ་ཆུ་སྐྱེས་པད་མ་དགོད།།
ཁྲོ་བའི་གདོང་ལ་མེ་ལྕེའི་ཞགས་པ་འཕྲོ།།
ཞི་ཁྲོ་ཉམས་ཀྱི་ཟློས་གར་དུ་མཐོང་བྱེད་ཀྱི།།
ཆོས་ཀྱི་ཉེར་བསྡོགས་ཐོབ་པ་སྐལ་བ་བཟང་།།


      བསྡུས་བརྗོད་ནང་གི་སྒྱུ་འཕྲུལ།
    

     དཔྱིད་དཔལ་ལྷ་ཡི་ཕོ་བྲང་དུ།།
     མེ་ཏོག་ཟིལ་བ་སྡུག་གུར་བཞད།།
     ཚེ་ཡི་བུམ་པ་དཀར་པོ་ཉིད།།
      མྱོང་གྲོལ་བདུད་རྩི་ག་ཙམ་བཟུང་།།

      ཡང་ཡང་འཁྲུལ་བའི་མིག་ཟུང་ནི།།
      ཚེ་རབས་རྗེས་ཀྱི་རླུང་བུ་ཡིས།།
      ལྗོན་པའི་ཡལ་ག་གཡོ་བ་ལ།།
      འབྱེད་འཛུམ་མེད་པར་ཧད་དེ་ལུས།།

      གང་ལ་ཉི་འོད་ཕོག་པ་དེས།།
      རྫིང་བུའི་དར་ཁ་རབ་ཏུ་ཞི།།
      དགུན་གསུམ་སེམས་ཀྱི་གཙང་པོ་རུ།།
      མ་ངེས་ཉི་ཟེར་ཨེ་འཆར་གྲང་།།

      མཚོ་ཆུང་ཡིད་ཀྱི་གླིང་ཕྲན་དེར།།
      ངང་པ་ཁྱོ་ཤུག་གཉིས་ཀྱང་འཕུར།།
      འཕུར་བྱེད་གཤོག་ཟུང་འཁྱག་ནའང་།།
      བརྩེ་བའི་དྲོད་ཁོལ་ཐི་ལི་ལི།།

      བརྩེ་ཆང་འཐུང་ལ་རབ་མོས་ཏེ།།
      དཔྲལ་བའི་མིག་གི་རྒྱལ་མོ་ལགས།།
      ད་ཆ་མི་ཚོགས་འཚང་གའི་དབུས།།
      ཟུར་མིག་ལྐོག་གྱུར་གང་དུ་ལྷུང་།།

      དྲན་པ་མཐའ་ཡས་བྱེ་མའི་ངོགས།།
      རྟོག་པ་མཐུར་མེད་ཅང་ཤེས་རྟ།།
      གྲིབ་མ་མི་འབྲལ་ཁྱེའུ་ཆུང་བཞིན།།
     རི་དང་ལ་ལུང་བརྒལ་ནས་འགྲོ།།

      དུས་ཀྱི་འགྲོས་ནི་མ་ཤེས་ཏེ།།
      ཉི་ཟླའི་འཆར་ནུབ་མི་ཤེས་མོད།།
      མི་ཚེ་ཀུ་རེ་མཚར་སྒྲུང་འདི།།
      རྒྱང་མཇལ་ཁྲོད་ནས་ལོངས་སུ་སྤྱོད།།


              ཤྭ་ཡུ་མོ།  



ཚང་ཚིང་གཡུ་ལོ་ལྡེམ་པའི་ནགས་མ་རུ།།
སྙིང་རྗེའི་པགས་པ་སྲབ་པའི་རི་དྭགས་ཤིག།
འགྲོ་འོང་བྲེལ་རྡང་སུག་སྣེ་དུམ་དུམ་གྱིས།།
རྩྭ་རྩེའི་ཟིལ་བ་འཐུ་བའི་ནམ་མཁའ་གྱོན།།

ཡལ་འདབ་ལོ་མ་འཐོར་བའི་རི་འདབས་སུ།།
ཁ་སྐྱ་སྣང་བ་འཁུམ་པའི་ངལ་གསོས་ཤིང་།།
ཉི་འོད་ལ་ཁའི་གྲིབ་མ་ཕོག་པའི་ཚེ།།
ལུས་སེམས་སྙིམ་པ་ལ་ནི་བདེ་བཟོད་སྐྱེས།།

རང་གི་ཞེ་འདང་མ་ངེས་རླུང་ལ་འགྲོགས།།
སེམས་ཀྱི་དམ་ཚིག་དུས་བཞིའི་སྐྱེད་ལ་ལྟོས།།
སྲོག་གི་ལྗོན་པ་གཤེད་མའི་མདའ་ལ་ཉེ།།
འཕྲུལ་སྣང་བརྡབ་གསིག་དུ་མའི་འཚུབ་རླུང་རྒོད།།

དེ་ལྟ་ནའང་དབུགས་དབྱུང་རྔུབ་པ་ལ།།
བཏང་སྙོམས་བདེ་བའི་མལ་སྟན་སྒོམ་བྱས་ཏེ།།
སྐྱོ་སྐྱོ་མ་གནང་རྩྭ་ཆུ་དྭངས་མའི་ཁམས།།
ཤར་ནུབ་མེད་པའི་ལ་ལུང་བསྙེགས་ཏེ་རྒྱུ།།

སྤང་ལ་རྣམ་ཤེས་གསར་བའི་དྲོད་རྒྱས་ཤིང་།།
གཤོག་རྐྱང་རྡེབ་པའི་སྣང་བ་ཁྱུ་བྱས་པའི།།
ཤྭ་སྐྱ་ལྟོ་བས་དེད་པའི་བྲེལ་ཟིང་གིས།།
རྡུལ་འཚུབ་ན་བུན་སྐྱ་བོའི་བུ་ཡུག་རྒོད།།



སྣང་བ་རྩྭ་རྐང་གི་ཟིལ་བར་ཆགས་ཤིང་།།
སེམས་པ་འགྱུ་རྒོད་ཀྱི་བག་ལ་འཁུམ་པའི།།
གཡང་ཁྱུ་སྤང་གཞོང་དུ་ལྷོད་ཀྱིས་ཞོགས་བྱུང་།།
རི་སྐྱེས་རི་དྭགས་ཀྱི་སྐྱོ་བ་བསངས་སོ།།

རླུང་བུ་ཡར་གཡུག་གིས་སྤུ་ཁ་ཕྱེ་ཞིང་།།
ཆུ་མོ་མར་འབབ་ཀྱིས་རྨིག་པ་བཀྲུ་བའི།།
རི་དང་ལ་ལུང་གི་རྣམ་ཤེས་ལྡོམ་པོ།།
ཚེ་སྲོག་མཉེད་པོ་དེ་འབྱུང་བཞིས་ཟད་འགྲོ།།

མེ་ཏོག་ཡར་སྐྱེས་ཀྱི་ཟེའུ་འབྲུ་བསྣད་ཅིང་།།
ཁ་བ་མར་འབབ་ཀྱི་བུ་ཡུག་འཁུར་བའི།།
དབྱར་དགུན་སྟོན་དཔྱིད་ཀྱི་བགྲོད་མཚམས་ཤིག་ན།།
ཉམ་ཆུང་ཡུ་མོ་དེ་སྙིང་ལ་རྗེ་བོ།།



དགའ་སྐྱིད་མ་ངེས་འཇིགས་རུང་ནགས་མཐའ་ན་ཉུལ་བའི།།
རི་སྐྱེས་རི་དྭགས་ཡུ་མོ་ཁེར་རྐྱང་གི་རྨི་ལམ།།
ལུས་སེམས་མི་ཁོམ་འཕྲུལ་སྣང་རབ་རིབ་ཀྱི་སྨུག་པས།།
འགྲོ་ལམ་མི་མཐོང་སེམས་པ་གཅོམ་ཆུང་དུ་གནས་ཡོད།།

སྣོད་བཅུད་གཉིས་ལྡན་རང་བྱུང་མཛེས་སྡུག་གི་ཁམས་ལ།།
ཁ་རླངས་ཐིལ་ཐིལ་གཏོང་ཞིང་མཁའ་དབུགས་ཀྱིས་གསོས་པས།།
ལུས་ཀྱི་ཤ་ཁྲག་རྒྱས་ཀྱང་སྟོབས་ཤུགས་ནི་ཞན་པས།།
ཉམ་ཆུང་ཚེ་ཡི་རྨི་ལམ་གཏོང་དགོས་ནི་བྱུང་ངོ་།།
 
                      ༢༠༡༧- ༡༠-༢༦ 


རི་སུལ་རིག་བྱེད་སྙན་པའི་དིང་གླིང་།

 

དབྱར་ཁའི་རི་སུལ་བུང་བའི་སྐད་ཅོར་གྱིས།།
མི་བརྗེད་བྱིས་པའི་ན་ཐང་གསོ་བར་བྱེད།།
སྤྲིན་དཀར་འབོལ་བརྩེགས་འཁྲིགས་པའི་ནམ་མཁའ་ལ།།
དུས་ཀྱི་བགྲོད་པ་གསར་བའི་ལག་པ་བསྲིངས།།

ཉི་མའི་དཀྱིལ་འཁོར་མཐའ་རུ་འཛུམ་པ་ཡི།།
རྡོ་རྗེའི་ཕྱག་རྒྱ་ཆེན་མོས་ཚུར་དྲངས་པའི།།
རིག་བྱེད་ལུས་ཀྱི་དཀྱིལ་ཀྲུང་མི་འགྱུར་བ།།
དེ་རིང་ནམ་ཟླ་འདི་དང་མཉམ་འགྲོགས་ཡོད།།

མཐོང་སྣང་བག་ལ་ཞ་བའི་ཏིང་ངེ་འཛིན།།
སྙན་འཇེབས་གཞས་ཆུང་འབྱིན་པའི་མགྲིན་པ་རུ།།
ཚངས་དབྱངས་ཀ་ལ་པིང་ཀའི་སྲོག་ཤིང་བརྒྱུས།།
དེ་རིང་ཉི་མའི་ཨམ་འབྱོག་ཚུར་ལ་དྲོངས།།

ས་འཛིན་སྒེག་མོའི་བྲང་ཁར་ཉེ་བར་དུད།།
འོག་མིན་བསིལ་གྲིབ་འཁོར་བའི་གཞིས་ཤག་ན།།
མི་ཕྱེད་དགའ་བའི་གེ་སར་འཁྲུངས་པ་ལ།།
ངལ་བ་ཅི་མི་སྙམ་པར་རྣོ་སྦྲེང་འཁྲོལ།།

གཞི་དབྱིངས་གཉུག་མའི་འཇའ་ཚོན་རིམ་པ་དྲུག།
ཡིད་ཀྱི་དང་བའི་མཁའ་ལ་ཤར་བ་ན།།
ཚོགས་དྲུག་མེ་ཏོག་ལྡེམ་པའི་མགོ་ལྕོག་གིས།།
རྙིད་པའི་ཟེའུ་འབྲུ་ཐོར་བུ་སྤངས་པར་བྱེད།།

མ་བྲིས་རང་བྱུང་གདན་གྱི་འཁོར་ལོ་ལ།།
དགའ་བའི་ཕྱག་མཐིལ་ཕར་ཚུར་བསྲིངས་བ་ན།།
འདོད་འབྱུང་ཚེ་ལྷའི་བུམ་པ་ལྟོ་བོ་ཆེ།།
སྲིད་ཞི་འདས་པའི་མཐའ་ན་ལུས་ཏེ་ཡོད།།


  ཚངས་སྲས་ལྷ་མོ་དགྱེས་པའི་མགུལ་རྒྱན།


གསེར་ལྡན་སྒེག་པའི་བཞིན་རས་དཀར་པོ་མཐོང་གྲོལ་མིག་གི་དཔྱིད་དུ་འཇོ།།
བྱིན་རླབས་མ་གཡེལ་སྲིད་གསུམ་འགུག་པའི་ཕ་རོལ་ཕྱིན་པའི་མགྲིན་པ་ཐོགས།། 
ཚོགས་གཉིས་རྒྱ་མཚོའི་རླབས་ལ་ཟིམ་པའི་ཨུཏྤལ་ཆུན་པོའི་འདབ་སྟོང་དབུས།།
དབུ་རྒྱན་ཐོད་འཕྲེང་མཛེས་པའི་སྐར་མ་བར་སྣང་སེམས་ཀྱི་ཀློངས་ཡངས་སུ།། 
འོད་དུ་འཚེར་ཞིང་ཉམས་བརྒྱ་འབར་བའི་བདེ་སྟོང་དབྱིངས་ཀྱི་ལྷ་མོ་ལགས།། 
རིག་བྱེད་རྒྱུད་མངས་ཅུང་ཟད་དཀྲོལ་ལ་རམས་འདེགས་སྩོལ་ཅིག་ལྷ་མོ་ཀྱེ།། 
སྒྱུ་འཕྲུལ་སེམས་ཀྱི་མེ་ཏོག་བཞད་པའི་ཉ་གང་ཟླ་བའི་གདན་རིམ་དུ།། 
གཙུག་ལག་ཞི་བའི་ང་རོ་འགུག་པའི་དབྱངས་ཅན་ངག་གི་དཔལ་ལྷ་མོ།། 
རྡོ་རྗེ་ཕྱེད་དཀྱིལ་ཉིད་དུ་བཞུགས་ཏེ་སྲིད་པ་གསུམ་ནི་མཐིལ་དུ་བཀོད།།
དབྱངས་ཅན་ལུས་ཀྱི་སྟངས་སྟབས་གར་གྱིས་མི་བཟོད་ཡོ་ལངས་འཁྲིགས་པའི་གཟིས།།
མི་ཕྱེད་བདེ་གཤེགས་དད་པའི་སྒོ་མོ་ནམ་ཡང་ཁྱོད་ཀྱི་ཞབས་མཐིལ་དུ།། 
མཆོད་བསྟོད་སེམས་ཀྱི་དྲི་བྲལ་སྙེ་མ་བྲང་གར་སྦྱར་ཏེ་གཏོར་ལགས་སོ།། 


མཐོང་སྣང་མིག་གི་ཡུལ་དུ་ཚུར་བཅར་ཚེ།།
འཇའ་འོད་འཚེར་དང་སྨིག་རྒྱུ་འཐིབས་པ་ཡི།།
ཟླ་བའི་བཞིན་རས་གྲོལ་བའི་ལང་ཚོའི་ཁྲོད།།
གཡོ་སྐྱོམ་འདར་ཡུག་བྱས་འདྲའི་རླབས་ཟིལ་ནི།།
མི་ཕྱེད་དགའ་བའི་སྙིམ་པ་བཞད་དང་མཚུངས།།
འོད་དཔག་བགྲང་དུ་མེད་པའི་སྒྱུ་འཕྲུལ་ལས།།
ཉེ་བར་འཁྲུངས་པའི་དར་གོས་སྲབ་མོ་ཞིག།
ལུས་ཀྱི་གསང་ཁེབས་ཕུད་ནས་བལྟས་ཙ་ན།།
མཚོ་འགྲམ་ངང་མོ་དེ་ནི་སྐྱོ་བཞིན་དུ།།
གདུང་བའི་ཉ་མོ་དག་ལ་སྨྲེང་གཞས་ལེན།།
དཀར་འཛིན་འོ་མའི་མདངས་ཀྱིས་གྲུབ་པ་ཡི།།
མི་མོ་ངག་དབང་དབྱངས་ཅན་དགྱེས་པའི་ཞལ།།
འཛུམ་ཆུང་དམུལ་དམུལ་བཞད་པའི་ང་རོ་ཡིས།།
སྲིད་གསུམ་སྐད་ཅིག་གཅིག་ཏུ་འདྲེན་པའི་ལྷ།།
འདིར་ཡང་སྤྲོས་བྲལ་གཞི་རྒྱའི་ཀློངས་ཡངས་སུ།།
ཉམས་འགྱུར་སྟོང་གི་གད་རྒྱངས་སྤྲོས་པ་ལས།། 
ཟུར་ཕུད་སྦྲུལ་གྱི་གདེང་ག་མཐོར་བཏེགས་ཏེ།།
མི་འཇིགས་རྡོ་རྗེ་གོ་ཁྲབ་ལུས་ལ་གསོལ།།
ཆུ་འཛིན་བུང་བའི་དཀར་ཆ་ཉེར་ཕོག་ཅིང་།།
བསིལ་གྲིབ་འཁོར་བའི་རྒྱལ་མཚན་ཕུབ་པའི་འོག།
གཞི་དབྱིངས་བདེན་པའི་སྒྲ་དབྱངས་ཟློ་བཞིན་དུ།།
རིག་བྱེད་གཏམ་གྱི་ཡོ་ལངས་བྲག་ལ་བདར།།

སྐུ་ཡི་ཆ་བྱད་མ་ལུས་པ།།
ཕུན་ཚོགས་རྒྱན་གྱིས་དཔལ་དུ་བསྐྲུན།།
པི་ཝང་སོར་སྐུད་ཉིད་ལས་ཀྱང་།།
སྨྲ་བསམ་བརྗོད་མེད་སྙིང་ཉིད་དཀྲོལ།།
རིག་བྱེད་མཁན་པོ་ནམ་མཁའི་དབྱིངས།།
བདེ་བ་ཆེན་པོ་མངལ་དུ་སྦྲུམ།།
སེ་གོལ་གཏོགས་པའི་སྐད་ཅིག་མར།།
ཞེ་ཡི་དམ་ཚིག་སྒྲོག་ངེས་སོ།།


                            བོད་རབ་རྒྱན་མེ་བྱ་ལོར་ཚིགས་སུ་བཅད་པའི་དབྱངས་ཀྱི་ཟིལ་བ་གཏོར་བ།

 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།