
རྩེད་ར་སྐྱ་བོ།
ཕྲ་ཆུང་མིག་ཟུང་ལྷོད་ཀྱིས་བཙུམ།།
དམར་ཆུང་སེམས་ཀྱི་ཡོལ་བ་ཕྱེས།།
འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།།
བྱིས་པའི་རྩེད་ར་གྲུ་བཞི་མཐོང་།།
མེ་ཏོག་མང་པའི་རྩྭ་ཐང་དེར།།
རྐང་པའི་རི་མོ་ཐོག་མར་ཕབ།།
དྲན་པའི་ཞགས་པ་ནམ་གློད་ན།།
སེམས་ཀྱི་རྟ་ཕོ་དེ་རུ་ཤོར།།
འཕྲུལ་ཆའི་འུར་སྒྲས་མ་འདྲོགས་ཤིང་།།
རི་ལ་སྙིགས་ནད་མ་འགོས་པར།།
བདེ་ཐང་ཅན་གྱི་ལུང་པ་ཞིག།
བལ་བོད་མཚམས་ན་འཚོ་ཞེས་གྲགས།།
སྲིད་པ་ཆགས་པའི་གངས་རི་དཀར།།
སྟོང་ཕྲག་སྟོང་གི་རི་རྒན་ཡིན།།
ཡུལ་འདིའི་འཕོ་འགྱུར་རི་མོ་འབུམ།།
ཇི་ཙམ་བྲིས་པ་ཨེ་མཐོང་ལགས།།
རྫ་ཆུའི་ཤག་སྒྲ་རྣ་བར་བླགས།།
མེ་ཏོག་དྲི་བསུང་རྣ་ལ་སིམ།།
སྦྲང་དཀར་རྩམ་པ་ལྕེ་ལ་བསྟིམས།།
མི་རབས་མང་པོའི་འདོད་ཡོན་ཡིན།།
རྩིད་པའི་གྲོད་ཀྱིས་ཁ་བ་ཞུ།།
རྨིག་པའི་ཤུགས་ཀྱིས་རྫ་རི་བཅད།།
བྱང་རོང་གཉིས་ཀྱི་ལམ་འཕྲང་ན།།
ལྷ་གཡག་དར་མའི་ཞབས་རྗེས་ཡོད།།
དབྱར་གསུམ་སྟོན་དཔྱིད་དུས་གསུམ་པོར།།
ལ་ལུང་རྔུལ་ཆུའི་གཟུངས་ཐག་སྦྲེལ།།
དགུན་གསུམ་མལ་སའི་ཐུལ་བ་ལ།།
དྲོད་ཐག་ཆད་ན་ལྟས་ངན་བྱོས།།
ཞིང་འབྲོག་འཚོ་བས་མ་འགྲངས་ཤིང་།།
གྱང་དང་རེ་ལྡེས་མ་ཁེབས་པར།།
མུ་ཁེ་ཕོག་ཚུལ་མ་ཐོས་པས།།
ས་མཐར་སྤྲང་དོན་མེད་ནའང་ཐང་།།
རྡོ་དང་བོང་བ་གསེར་དུ་སྤྲུལ།།
ཐལ་བ་ཇ་དང་རྩམ་པར་སྒོམ།།
སྣང་བ་དགུང་ནས་ཐུར་ལ་ལྟ།།
བྱིས་པས་རྩེད་ར་བཅའ་ཚུལ་ལོ།།
དབྱར་གནས་དང་གྲྭ་རྐྱང་།
གཞི་གསུམ་ཆོ་གའི་ཕྱག་ལེན་གལ་དང་གཙིགས་ཀྱིས་འཛིན་པའི།།
ཆོས་གོས་སེར་པོའི་འོད་ཀྱིས་ཉི་ཟླའི་ཁེངས་པ་ཞུམ་ས།།
ལྷོ་མཐའ་རྒྱ་མཚོའི་འགྲམ་གྱི་གནས་བརྟན་རྒད་པོ་འདི་ཚོ།།
དུས་ཀྱི་ཡང་མཐའ་འདི་ན་བསྟན་པའི་སྲོག་མཐུད་དངོས་ལགས།།
ཐོ་རེངས་གནྜཱའི་སྒྲ་དབྱངས་རིང་ནས་རྣ་བར་བླགས་ཏེ།།
གཏི་མུག་གཉིད་ལ་རྒོལ་བའི་བློ་སྟོབས་ངང་གིས་བསྐྱེད་ནས།།
གོམ་པའི་འདེགས་འཇོག་བསྒྱུར་སའི་གསེར་གྱི་འདུ་ཁང་ཆེན་པོ།།
ཆོས་ཀྱི་འདོན་དབྱངས་སྙན་མོ་བྲག་ཅའི་གསེང་ལ་འདྲེས་ཡོད།།
ཞོགས་པའི་ཉི་ཟེར་ཐོག་མ་ཐུབ་པའི་ཞལ་ལ་འཕྲོས་ཤིང་།།
ཐུབ་པའི་གསེར་མདངས་སེར་པོ་རྡོ་ཅལ་ཐང་ལ་ལྷུང་ནས།།
རྣམ་གསུམ་ཆོས་གོས་སེར་པོའི་འོད་ཀྱི་འདུ་ཁང་འགེངས་དུས།།
སྙིགས་མ་ལྔ་བདོ་ཟེར་བ་ད་ལྟ་མིང་ཙམ་ཡིན་ནོ།།
རལ་པའི་ཡལ་ག་རིང་པོ་སྤུ་གྲིའི་སོ་ལ་བསྐུས་སོ།།
ཟ་འོག་བེར་གྱི་འདབ་ཁ་ཆོག་ཤེས་རླུང་ལ་སྤུར་ཏོ།།
དམར་སེར་གོས་ཀྱི་རེག་བྱས་ལུས་ཀྱི་བདེ་དྲོད་གསོ་བའི།།
སྤྱི་གཙུག་འཇམ་ཤས་དོད་པའི་འདུལ་འཛིན་དེ་ཚོ་མཚར་རོ།།
འབུ་གྲོག་རྐང་གིས་བརྫི་བའི་སྙིང་སྟོབས་རྩད་ནས་ཡལ་ཏེ།།
དབྱར་གསུམ་རྒྱལ་སྒོ་བརྒྱབ་སྟེ་སྤོང་ཀློག་ཁོ་ནས་འདའ་མཁན།།
སྡར་མའི་བུ་རྒྱུད་མིན་ནོ་སྲིད་རྩ་ཧྲུལ་གྱིས་བཅད་དེ།།
འགྲོ་ཀུན་བྱམས་ཀྱིས་སྐྱོང་བའི་ཤཀྱཱའི་ཚ་བོ་དངོས་ཡིན།།
སྒོར་རྡོག་རེ་གཉིས་རག་ཚེ་ཟ་ཁང་དགོད་སྒྲས་འགེངས་ཤིང་།།
དངུལ་གྱི་མུ་གེ་ཕོག་དུས་འཛུམ་མདངས་རྩམ་པར་ངོམས་ནས།།
སྟོད་སྨད་ཀུན་ལ་སྦྱར་བའི་མཚར་གཏམ་རྫོགས་རྒྱུ་མེད་པའི།།
གྲྭ་རྐྱང་མགོ་རིལ་འདི་ཚོའི་སེམས་པ་ཅི་འདྲའི་གཙང་བ།།
༡༩ /༨/༢༠༡༦ དེ་རིང་གི་ཚོར་སྣང་ཐན་ཐུན་ཡིག་གཟུགས་སུ་ཕབ་པ།
ཁྱེད་དྲན་སྟངས།
ཕ་དྲིན་པོ་ཆེ་གཤེགས་ནས་ལོ་འཁོར་གཉིས་འཁོར་བའི་རྗེས་དྲན་ཞུ།
བསྐྱེད་པར་བྱེད་དང་གསོ་བར་བྱེད།།
ཀ་ཁའི་དབྱངས་རྟར་ང་བསྐྱོན་ནས།།
རྐང་ལམ་ཕྲ་མོ་རྒྱ་བསྐྱེད་པའི།།
ཕ་མ་ཁྱོད་ཡིན་དགེ་རྒན་ཁྱོད།།
བྱམས་བརྩེ་འཛུམ་གྱི་སོ་ཕྲེང་དེ།།
སུ་ལ་མ་ངོམ་སུ་ལ་ངོམ།།
སྐྱོ་བ་མིག་གི་མཆི་མ་དེ།།
སུ་ལ་མ་བཞུར་སུ་ལ་བཞུར།།
དགོད་སྒྲ་དཀོན་པའི་ངོ་གདོང་དེར།།
ཁོ་བོའི་མདུན་ན་འཛུམ་ཞིག་ཡོད།།
མཆི་མ་མེད་པའི་མིག་རྩ་ན།།
ཁོ་བོའི་ཆེད་དུ་བཞའ་ཞིག་ཡོད།།
ཡོད་པ་འདི་ཚོའི་རྒྱབ་རོལ་ན།།
གངས་དཀར་སེམས་ཀྱི་གསང་བ་ཡོད།།
གསང་བ་རེ་རེ་བསྔོགས་ཤུལ་ན།།
སྙིང་གི་གཏིང་ལ་ཁོ་བོ་ཡོད།།
ལ་དེ་འཕྲེད་ནས་གཅོད་དོན་ཅི།།
ཐང་དེའི་དཀྱིལ་ནས་གཤོག་དོན་གང་།།
ཕྱུ་བ་དཀར་པོའི་ནང་རོལ་ན།།
བྱིས་པ་ཐལ་སྐྱ་ཅན་གྱི་ཕྱིར།།
ཨ་མ་མེད་པའི་བྱིས་པ་ནི།།
བསོད་ནམས་མེད་པའི་བྱིས་པ་སྟེ།།
མ་གཡར་མེད་པའི་བྱིས་པ་དེ།།
ལས་མེད་ནང་གི་ལས་ཅན་ནོ།།
ཐལ་དཀར་བྱིས་པའི་ངོ་གདོང་ལ།།
སྣུམ་ཞག་བག་ཙམ་འཁོར་དུས་སུ།།
ཁྱེད་རང་ཞེ་བློ་བདེ་སོང་ངམ།།
འདི་ནས་གཏན་དུ་བཞུད་ནས་སོང་།།
ང་ལ་ཡོད་པ་མིག་ཆུ་རེད།།
མིག་ཆུར་ཕངས་སེམས་གཏན་ནས་མེད།།
སེམས་པ་ཕྱི་ནང་སློག་ཐེངས་རེར།།
མིག་ཆུའི་ཕྲེང་བ་རེ་རེ་ཡོད།།
འདི་ནས་གཏན་དུ་གྱེས་སོང་བའི།།
མི་ཚེའི་ཚེ་འབར་རྐང་གཅིག་པོ།།
འཁོར་འདས་གང་དུ་བཞུགས་ཀྱང་རུང་།།
བདག་གི་མགོན་དཔུང་ཁྱེད་རང་ངོ་།།
ཞེ་དགུར་བྲིས་པའི་བདུན་ཚིགས།
གོ་ལའི་སྒལ་གཞུང་འགུལ་ཐེངས་གཅིག་གིས།།
ཡོད་ཚད་ཐལ་རྡུལ་གསེབ་དུ་བརྫངས་སོང་།།
ངུ་འབོད་སྟོང་གི་འཇིག་རྟེན་འདི་ན།།
སྣོད་བཅུད་དྲི་ཟའི་གྲོང་ལ་བསྒྱུར་འདུག།
ལོ་རྒྱུས་ཁྲི་མ་འབུམ་གྱིས་བསྟུམས་པའི།།
སེམས་ཀྱི་སྟོང་ཆ་འགེངས་པའི་དཔུང་རོགས།།
མཐོང་གྲོལ་མཆོད་རྟེན་ཆེན་མོའི་གཟི་དཔལ།།
འཚུབ་རླུང་ཁྲོད་ན་དབུ་འཕང་སྨད་འདུག།
སུ་ཞིག་མིག་ཆུ་ཁྲག་ལ་འདྲེས་སོང་།།
སུ་ཞིག་ལྷུ་ལག་ས་ལ་འགོས་འདུག།
ཤི་གསོན་བར་གྱི་ཁ་བརྡ་ཐུང་ངུ་།།
མགྲིན་པའི་སྦུབས་ནས་ཕྱིར་ལ་མིད་སོང་།།
ས་ཆེན་བསིགས་པའི་ཐལ་བའི་ན་བུན།།
ཤ་རུས་འཚིག་པའི་དུ་སྤྲིན་སྔོན་མོ།།
ཤི་གསོན་གྱེས་ཁའི་ངུད་མོ་གཟན་པོ།།
ཡོད་ཚད་སྙིང་གི་ཚེར་མ་ཡིན་འདུག།
ལས་ངན་ཞིག་གི་འབྲས་བུ་ཡིན་ནམ།།
ལྷ་ཆེན་ཁྲོས་པའི་བཀའ་ཆད་ཡིན་ནམ།།
མིག་སྔར་བཤམས་པའི་སྣང་བརྙན་འདི་དག།
ཕམ་ཁའི་ཁྲོད་དུ་མགོ་བོ་བསྒུར་འདུག།
མར་མེ་ཚེ་འབར་ཀོང་བུའི་ངོགས་ནས།།
ཁྲག་དང་མིག་ཆུས་བཏམས་པའི་མཆོད་པ།།
སུ་ལ་ཆད་པའི་བུ་ལོན་ཡིན་ཡང་།།
སྲོག་གི་སྐྱིན་ཚབ་ལེན་མཚམས་འཇོག་རོགས།།
གནམ་ཤེས་མང་པོ་འཚང་ཁ་ཤིག་ཤིག།
བར་དོའི་འཕྲང་ནས་རྐང་ཟུར་ཡོ་ན།།
སེམས་པ་ཁེན་སའི་ལག་འཇུ་འཇམ་པོ།།
ཡི་གེ་དྲུག་མ་ར་མདར་བརྫངས་ཡོད།།
ཨ་མ་ལ་ཕུལ་བ།
བུད་མེད་དུས་ཆེན་ཉིན་རང་གི་ཚེ་འདིའི་ཨ་མ་གཙོས་མ་ཡུམ་ཡོངས་ལ་འཚམས་འདྲི་ཞུ།
ལུས་ལྷུ་དྲུག་འདོམ་གང་འཕྲུལ་ཆ་རེད།།
དེའི་བཟོ་གྲྭ་ཨ་མ་རྒན་མོ་རེད།།
མ་དྲིན་མོ་ཆེ་དེ་མེད་གྱུར་ན།།
གསོན་འཇིག་རྟེན་མིག་གིས་ག་ནས་རིག།
ལྷོ་འཛམ་གླིང་འཕོ་འགྱུར་རང་བཞིན་རེད།།
དུས་གསར་རྙིང་གཉིས་ཀྱི་བར་མཚམས་ན།།
ང་མི་ལུས་བླངས་པ་ཨ་མའི་དྲིན།།
གནའ་དེང་རབས་གཉིས་ཀའི་ལྟད་མོ་མཐོང་།།
སེམས་བསམ་པའི་སྨན་མཆོག་ལྷ་ཆོས་རེད།།
དེ་བྱེད་དབང་ཡོད་པ་མི་ལུས་རེད།།
རྟེན་མི་ལུས་འདི་ཡི་གྲུ་བོ་ནས།།
ཆོས་རྒྱལ་བསྟན་མཇལ་བ་ཨ་མའི་དྲིན།།
དྲིན་ཨ་མ་ནམ་མཁའི་ཉི་མ་རེད།།
བྱམས་བརྩེ་བ་ཉི་མའི་འོད་ཟེར་རེད།།
ང་ལྡུམ་རའི་མེ་ཏོག་ཁེར་རྐྱང་རེད།།
ལུས་ལང་ཚོ་འདབ་མ་གསར་བཞད་རེད།།
ཁྱེད་ནད་མེད་ཚེ་རིང་ཡོད་གྱུར་ན།།
བུ་ང་ཡི་སེམས་པའི་རེ་བ་རེད།།
ཁྱེད་བློ་ཁ་ཆོས་ལ་ཕྱོགས་ཡོད་ན།།
བུ་ང་ཡི་སེམས་ཀྱི་བདེ་དྲོད་རེད།།
སྔོན་སྐལ་བ་ཡག་གི་མགོ་སྟོད་ལ།།
ངེད་བུ་སྤུན་ཉི་ཟླ་སྐར་གསུམ་འཛོམས།།
དུས་དེང་སང་ཉི་མ་གཟའ་ཡིས་ཟིན།།
དེ་འོན་ཀྱང་ལྡོག་མེད་སྔོན་ལས་རེད།།
སེམས་མ་སྐྱོ་མ་སྡུག་མ་ལོ་ལགས།།
ངའི་ལག་གི་ནུས་པ་ཕྲ་ན་ཡང་།།
སེམས་བསམ་པའི་འཁོར་ས་ཨ་མ་རེད།།
ཁྱེད་བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས།།
རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།