
མཚན་མོ་འདིར་ང་རང་རྩེད་ཐང་ན་ཡོད།
—གྲོལ་མདུད། (དངོས་མིང་། བསོད་ནམས་ལེགས་བཤད། ཕ་ཡུལ་གཞིས་རྩེ།)
མཚན་མོ་འདིར་ང་རང་རྩེད་ཐང་ན་ཡོད།
གཉའ་བར་བཏེགས་ནས་འོངས་བའི་བཙན་པོ་དང་མཉམ་དུ།
ཕོ་བྲང་གང་དེའི་ཐོག་ཁ་ན། ཟླ་བ་ལ་ཅེར་ཏེ་ཡོད།
ཁྱོད་ཀྱིས་གནང་བའི་གསང་གཏམ་སེམས་ལ་མིད་ཀྱིན།
ལྷིང་འཇགས་པའི་རྩེད་ཐང་གི་མཚན་མོ་འདིར།
གྲོང་མི་ཚོའི་རྨི་ལམ་ཐལ་རྡུལ་དུ་རླག་བཞིན་ཡོད།
མཚན་མོ་འདིར་ང་རང་རྩེད་ཐང་ན་ཡོད།
མགོ་ཁུངས་མི་རྙེད་པའི་བྱིས་པ་ཁྱུ་གཅིག་དང་མཉམ་དུ།
ཡར་ཀླུང་གཙང་པོའི་ཆུ་ཁ་ན། ཟླ་བ་ལ་ཅེར་ཏེ་ཡོད།
གཙང་ཆུ་ཁྱོར་བ་གང་ཁྱོད་ཕྱོགས་ལ་འདེགས་ཀྱིན།
ཉམ་ང་བའི་རྩེད་ཐང་གི་མཚན་མོ་འདིར།
བྱིས་པ་ཚོའི་དཔྲལ་ཀོར་ཉི་མ་ཞིག་འབྲི་བཞིན་ཡོད།
མཚན་མོ་འདིར་ང་རང་རྩེད་ཐང་ན་ཡོད།
མིང་ནས་འབོད་མི་ཤེས་པའི་སྐྱ་མི་ཞིག་དང་མཉམ་དུ།
སྣུམ་ལམ་ཡངས་པོའི་ངོས་ཁ་ན། ཟླ་བ་ལ་ཅེར་ཏེ་ཡོད།
བཙལ་ནས་རྙེད་པའི་བདེན་པ་དོན་ཐོག་ཏུ་བགྲད་ཀྱིན།
མུན་འཐུག་པའི་རྩེད་ཐང་གི་མཚན་མོ་འདིར།
སྐར་ཕྲན་ཚོའི་ན་ཟུག་མ་ཐེག་པར་ཆོ་ངེ་འབོད་བཞིན་ཡོད།

རྒྱང་རིང་ནས་རྒྱང་རིང་གི་ཕ་ཡུལ་དྲན་པ།
—— ནང་ཆུང་སྲིན་འབུ། (དངོས་མིང་། ཚེ་རིང་ཆོས་འབྱོར། ཕ་ཡུལ་ནག་ཆུ།)
ཞོགས་པར།
ངས་བོད་ལྭ་དྲོད་པོ་དེས་ཕྱི་འཐུམ་ནང་འཐུམ་བྱེད་ཅིང་།
སྔོན་འགྲོ་སྙན་མོ་ངག་གི་དབྱངས་རྟར་བསྐུལ་དུས།
རང་ཁྱིམ་དྲོད་མོའི་ཕང་བ་ན་མཆོད་འབུལ་བྱེད་བཞིན་པའི་ཨ་མྱེ་དྲན་བྱུང་།
ཉི་འཆར་མཚམས་སུ།
ངས་སྦྲང་དཀར་རྩམ་པའི་བྲོ་བ་ལྕེ་ལ་མྱོང་ཞིང་།
ཇ་ཚབ་ཆུ་ཡིས་བྱེད་བཞིན་ཧུབ་འཐུང་རེ་བྱེད་དུས།
ཇ་མདོང་ནང་དུ་རྒྱ་ལོ་སྐྱོམ་བཞིན་པའི་མ་ཡུམ་ཉིད་དྲན་བྱུང་།
ཆུ་ཚོད་བཅུ་པར།
ངས་པོ་ཏཱ་ལའི་ཞབས་འོག་ཏུ།
བྱང་ཐང་སྒོར་གཞས་ཀྱི་འགྱུར་ཁུག་དེར་ཉན་དུས།
ཕ་ཡུལ་གྱི་ཕོ་རྒོད་མོ་གཞོན་ཚོའི་སྐོར་བྲོ་འཁྲབ་པའི་ཉམས་བཟང་ཡིད་ལ་འཆར་བྱུང་།
ཉིན་གུང་མཚམས།
འོད་ཟེར་སྒམ་ཆུང་ཇ་ཁང་ཞེས་པའི་སྒོ་བྱང་དེའི་སྟེང་གི་ཚིལ་དྲེག་དང་།
དེའི་ནང་གི་རྒན་རྒོན་ཚོའི་བྱིན་གྱིས་བཀྲུས་པའི་ཕྲེང་བ་དག་ཤིང་ཕོར་གྱི་ངོས་སུ་གཟུགས་སྐབས།
ངས་དྲིན་ཆེན་མ་ལོར་གནས་འདིའི་ལོ་རྒྱུས་འཆད་པའི་དོན་དེ་ཇ་མངར་མོའི་ནང་ནས་གསལ་བྱུང་།
ཕྱི་དྲོར།
ངས་ཡུལ་སྐོར་ཁྲོམ་རའི་ཐོག་བརྩེགས་གསུམ་པ་ནས་།
དབྱར་ཁའི་ཉི་མ་ཚ་བོ་དེ་གསོ་བཞིན་ཚིག་ཇ་ཞིག་འཐུང་བས།
ཧེའི་ཙེ་ལགས་དང་ངའི་དགེ་བའི་བཤེས་གཉེན་ཚིག་ཇའི་དྲོ་དང་ལྷན་གཅིག་ཏུ་འདྲེས།
ས་སྲོད་སྐབས།
ངས་མིག་གཉིས་པོས་པོ་ཏཱ་ལ་སྲུང་ཞིང་།
གཙུག་ལག་ཁང་རྣམ་གཉིས་ཀྱི་དཀྱིལ་དུ་ལངས་དུས།
ངའི་ཕ་ཡུལ་རྩྭ་ཐང་ནས་རྒྱང་རིང་ལ་རྒྱང་ལྟ་བྱ་སའི་དམིགས་ཚད་ཀྱི་རྡོ་རིང་དེའང་དྲན་འོང་།
ལྷ་ས་ ལྷ་་་་་་ས་
ངས་གནས་འདི་ནས་ག་ཚོད་བཙལ་ཡང་ངལ་བ་ཙམ།
ཐོབ་འོས་པ་གང་ཡང་མ་སོན་ལ་རྙེད་པ་ནི་རྟོག་འཆར་ཁོ་ན།
གང་འདིར།
ངས་ཐག་རིང་ནས་རྒྱང་རིང་གི་ཕ་ཡུལ་དྲན་པས།
རྒྱང་རིང་ནས་ཐང་རིང་གི་ཕ་ཡུལ་ལ་ལ་གླུ་ཞིག་ལེན་འདོད།
༢༠༡༦.༡༠.༣༡བྲིས།

མི་ཕོ་འགྲོགས་ན་འདོད་པ།
——རྦབ་རྡོ། (དངོས་མིང་། འཇིག་མེད་སེང་གེ ཕ་ཡུལ་ནག་ཆུ།)
གཞོན་གཟུགས་དར་ལ་བབས་ཤིང་།།
སྐྱེ་གཟུགས་བློ་ལ་མགུ་བོ།།
བཅོས་མིན་འཛུམ་ཆུང་གཏོང་གིན།།
ཡོན་ཏན་སློབ་ལ་བྲེལ་བའི།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ན་ཡོད་རེད།།
གཡོ་ཟོལ་ཁྲམ་ལ་མི་ཐེ།།
རྐུ་རྫུན་ཇག་ལ་མི་རེག།
ཡ་རབས་ལས་ལ་ཞུགས་ཤིང་།།
གཙང་མའི་སྤྱོད་པ་ཚང་བའི།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ན་ཡོད་རེད།།
ཕ་དང་མ་ལ་གུས་ཤིང་།།
མཁས་དང་དམ་པར་བཀུར་བ།།
གྲོགས་ལ་ཕྱི་ཐག་རིང་ཞིང་།།
གཉེན་ལ་མཛའ་བཤེས་བཟང་བའི།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ལ་ཡོད་རེད།།
ཕྱི་ཚུལ་བབ་ལ་ཆགས་ཤིང་།།
ངོ་ཚ་ཁྲེལ་ལ་སྲུང་བ།།
རི་བོང་ཅལ་འདྲོགས་མེད་པར།།
སེམས་ཀྱི་ལངས་ཕྱོགས་བརྟན་པའི།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ན་ཡོད་རེད།།
རྣམ་དག་ལས་ལ་ཞུགས་ནས།།
ཕན་བདེ་ལེགས་ཚོགས་སྒོམ་ཞིང་།།
དམ་ཚིག་འདུལ་ཁྲིམས་གཙང་ལ།།
ཁ་དན་ཚིག་ལ་གནས་པའི།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ན་ཡོད་རེད།།
གྱོང་སེམས་ཨུ་ཚུགས་མེད་ལ།།
བཙན་པོ་རང་འདོད་མེད་པར།།
གནས་ལུགས་རྒྱུ་མཚན་སྲུང་ཞིང་།།
ཤེས་དང་ཁོག་རྒྱ་ཆེ་བའི།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ན་ཡོད་རེད།།
ཕ་སྐད་འཆད་ལ་དགའ་ཞིང་།།
མ་ཡིག་སྦྱོང་ལ་སྤྲོ་བ།།
རིགས་ཀྱི་འདུ་ཤེས་ཟབ་ལ།།
ཚུལ་མཐུན་རང་ཚུགས་བཙན་པའི།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ན་ཡོད་རེད།
མི་ཚོགས་བརྒྱ་ཕྲག་དཀྱིལ་ནས།།
སུ་དང་གང་གིས་མི་དོ།།
རང་དང་རང་འདྲའི་ཁྲོད་ནས།།
བདག་སེམས་བསླུ་བྲིད་བྱེད་མཁན།།
མི་ཕོ་འགྲོགས་ན་འདོད་པ།།
སློབ་རའི་ནང་ན་ཡོད་རེད།།

ཕ་མཁར་གྱི་རྒྱབ་གཟུགས།
——བྱང་དུག་སྨྱུག (དངོས་མིང་། ཕུན་ཚོགས་བསམ་གྲུབ། ཕ་ཡུལ་ནག་ཆུ)
སྨག་རུམ་གྱི་མཚན་མོར།
རྒྱབ་གཟུགས་དེ་མག་མོག་ཙམ་ལས་མི་མཐོང་།
ཁྱེད་ཀྱི་བཀྲག་མདངས་དང་མཛེས་པ་ཡོད་ཚད།
མིག་ལ་གཟན་པའི་གློག་སྒྲོན་དེ་དག་གིས་སྔ་ས་ནས་བསྒྲིབས་ཟིན།
ཡིན་ན་ཡང་།
ཁྱེད་ཀྱིས་དཀའ་སྡུག་ཁྲི་འབུམ་གྱི་ཁྲོད་ནས།
སྔར་བཞིན། སྤོབས་པའི་བྲང་ཁོག་ལྡིར་ཏེ།
ཡ་གིའི་དགུང་སྔོན་དབྱིངས་ཀྱི་སྤྲིན་ནག་གི་ཞགས་པས་བཅིངས་པའི་
སྤྲིན་དཀར་གྱི་འདབ་མ་གཅིག་པུར་རྒྱང་བལྟ་བྱེད་བཞིན་འདུག
རེ་བའི་དབུ་ཁྱུད་དེ་ལྷོད་མ་མྱོང་ལ།
ལ་རྒྱའི་དཔུང་རྡང་དེ་དེ་བས་ཞིག་མ་མྱོང་།
ཨ་ཁ་ཁ།
རྒས་ཤིང་འཁོགས་པའི་རྒྱབ་གཟུགས་དེ།
གུག་ཚད་དེ་ཙམ་དུ་སླེབས་ན་ཡང་།
ད་དུང་། སུ་ཞིག་གིས་དེ་ལྟར་བསམ།
སྙིང་གསོན་པོའི་དྲོད་ཁོལ་མེད་པའི་རྒྱབ་གཟུགས་ཨ།
གཤམ་སྟོན་དུ་འགྱུར་ཟིན་པའི་རྒྱབ་གཟུགས།
ཉིན་ལྟར་ཅ་ཅོའི་ཁྲོད་དུ་འཚོ་བཞིན་པའི་རྒྱབ་གཟུགས།
དུ་ཞག་གིས་བསྐྱོར་ཞིང་དུ་སྨུགས་ཀྱིས་བཅིངས་པའི་རྒྱབ་གཟུགས།
མཐར་ཐུག་ནས་བཤད་ན།
མིག་ཆུའི་ཀློང་ན་སྐྱོམ་བཞིན་པའི་རྒྱབ་གཟུགས།

འདས་པོ་ཞིག་རྗེས་སུ་དྲན་པ།
——བཙན་ཐོད། (དངོས་མིང་། བསོད་ནམས་གཡུལ་རྒྱལ། ཕ་ཡུལ་ནག་ཆུ)
དྲི་ངན་སྦག་བཙོག་གིས་མ་སླད་པའི་རྩྭ་ཐང་དུ།
གསང་སྔགས་ཐབས་ཀྱི་རླུང་གསོའི་ཚུལ་དུ།
རྡོ་རྗེའི་དཀྱིལ་ཀྲུང་མེ་ཏོག་གི་དབུས་སུ་བཅལ།
ནམ་མཁའ་སྔོན་པོས་རོ་རྐྱང་དབུ་རྩ་ལ་མིག་རྒྱུན་སྤྲད་ཅིང་།
ཟུར་དུ་བཞག་པའི་སྒྲ་སྙན་དེར་དབྱངས་ཀྱི་བླ་སྲོག་སྦྱིན་སོང་།
ལང་ཚོ་དང་སྒྲ་སྙན།
སྒྲ་སྙན་དང་ལང་ཚོ།
སྐྱུར་ཁུ་དང་སྦྲང་རྩི་འདྲེས་པའི་ཐ་སྙད་དེ་གཉིས་ཁོ་ནས།
ངའི་འདུན་པ་དང་སྟོང་བསམ། ཕུགས་བསམ། རེ་བ།
ཐ་ན་གཉིད་ཀྱི་སྒྱུ་མའང་ཧོབ་ཀྱིས་དཀྲོགས་བྱུང་།
སྒྲ་སྙན་དེས་ལང་ཚོ་ལ་གཡབ་བཞིན།
ལང་ཚོའི་ཡོད་ཚད་ལ་དོ་ཟླ་འདྲེན་གྱིན་འདྲེན་གྱིན།
འགྱུར་ཁུག་དབྱངས་ལ་ཐོག་པའི་རོལ་ཆ་དེས།
ཀླད་པའི་ནང་མར་འཁྱིལ་བའི་ཡིད་སེམས་ཁྱེར་སོང་།
ནང་སེམས་དྲི་ཞིམ་གྱི་མེ་ཏོག་གཅིག་པུ།
འདོད་འཇོའི་གསེར་ཁུའི་ངོགས་ན་འཐིམས་སོང་།
ད་ནི།
མི་ཚེ་སྒྲ་སྙན་གྱིས་བསླུས་པའི་འདས་པོ་འདིའི་རྣམ་ཤེས་ཁོ་ན།
མགུལ་ལ་ཐོགས་པའི་དབྱངས་ཅན་མའི་སྲུང་མདུད་ཀྱིས་འཁྲིད་རོགས་ཞུ།

མཚན་མོ་མང་པོ་ཞིག
——གཅུང་ཐོས་གྲོལ། (དངོས་མིང་། དོན་གྲུབ་ཚེ་རིང་། ཕ་ཡུལ་གཞིས་རྩེ།)
༡
ལྕགས་ཀྱུ་མང་པོ་ཞིག་ལ་སོ་རྒྱབ་པས་མཚན་མོའི་རྟོག་བཏགས་གས་སོང་།
དཀར་ཆ་མང་པོ་ཞིག་མུན་ནག་གི་རུམ་ནས་མགོ་རུབ་རུབ།
དེ་དག་དང་དེ་དག་ཡོད་ཚད། དེ་བས།
མཚན་མོ་མང་པོ་ཞིག་ལའང་།
༢
དྲན་པ་དང་ཚོར་བ་འདྲེས་སའི་རགས་ཤིག་ནས།
ཉ་མོ་དང་ཆུ་ཡི་གསང་གཏམ་དེ་ལྐོག་མཉན་བྱས་ཡོད་ལ།
གྲུ་ཆུང་དང་ཉ་པ་རྒད་པོའི་འབེལ་གཏམ་དེ་ཡང་བསྐྱར་དུ་བཤུས་པ་ཡིན།
ད་དུང། རླུང་གིས་གཡོས་འགྲོ་བའི་རྟ་མགོ་ཅན་གྱི་གྲུང་ཤ་དེ་དང་།
ལོ་ཡིས་འཐེན་དྲགས་པའི་ཉ་པ་རྒད་པོའི་སྨ་ར་རྩུབ་པོ།
འཛད་འགྲོ་བ་མང་པོ་ཞིག་ཟླ་བའི་མར་ངོ་ལ་ཧ་ཅང་སྡང་དུས།
གསང་མི་ཐུབ་པའི་གསང་བ་དེ་ཡང་ཐུ་ལེར་བཤད་ཚར་ཞག
རོ་དང་རེག་བྱ་དབེན་པའི་མཚན་མོ་མང་པོ་ཞིག
ཧམ་སེམས་ལྟ་བུའི་འགྱུར་ཁུགས་ཤིག་དང་།
མཛེས་སྡུག་ལྟ་བུའི་འབྲེལ་ཚུབ་ཅིག་གིས།
དེ་ལྟར་འགྲོ་བཞིན་འདུག
མཚམས་དང་ཚོད་མེད་པར།
མུན་ནག དཀར་ཁུང་། ད་དུང་མུན་ནག་གི་རྔ་མ་དང་།
དཀར་ཁུང་གི་དཀྱིལ་འཁོར་དེ།
༣
དྲན་པའི་ཀློང་ན་ལུས་པའི་མཚན་མོ།
རྟོག་ལྗོངས་ཀླད་ན་བསྐོར་བའི་འུར་རྡོ།
ཐམས་ཅད་བཀག་རྒྱ་ནས་དོན་ཏེ་བཀག་རྒྱར་འཛུལ་བཞིན་འདུག
ཡོད་ཚད་བསམ་ཡུལ་ལས་བརྒལ་བའི་བསམ་ཚུལ་གླེང་བཞིན་འདུག
དམར་པོ་མེ་ལྟ་བུའི་གཏན་ཚིགས་རེ་བཞེངས་རྗེས།
གྲང་མོ་ཆུ་ལྟ་བུའི་རྨ་ཁ་རེ་གསོས་རྗེས།
༤
མཚན་མོ་རེ་རེ་དེ་ལྟར་མུན་ནག་གི་དབྱིངས་སུ་ཡིབ།
མཚན་མོ་རེ་རེ་དེ་ལྟར་བསམ་གཞིག་ཀློང་དུ་ལུས།
མཚན་མོ་རེ་རེ་དེ་ལྟར་ཚིག་འབྲུར་འཐམ་ནས་རྫོགས།
མཚན་མོ་རེ་རེ་དེ་ལྟར་སླེབས་པའི་ཚུལ་གྱིས་བུད་འགྲོ
མགོ་མཇུག་མི་ཆོད་པའི་ཉིན་སྲིབ་ཅིག་ནས།
བདེ་བ་ཞིག་གི་མངའ་ཐང་ཡིད་ལ་སྒོམ་དུས།
འུག་པ་མེད་པའི་འུག་དུས་རེ་རེ་ལའང་།
མཚན་མོའི་གནས་ཚང་འུག་པས་གཡར་པ་གོ་བྱུང་།
༤
དྲན་པ་དག་ཁྱུ་ཤིག་ཤིག་བོར་དུས།
ཚོར་བ་དག་གྲལ་ཤིག་ཤིག་རྙེད་ཀྱིས།
འཇུས་ནས་ཐེབས་རྒྱུ་མེད་པའི་མུན་པའི་རྐང་ལག་ཞིག
བསྡུས་ནས་བཏུབ་ཏུ་མེད་པའི་དྲན་པའི་བརྐྱང་བསྐུམ་དག
བྱ་རྨྱང་མང་བའི་མཚན་མོའི་བོགས་ལ་བཞོན་ཏེ།
མཚན་མོ་མང་པོའི་གསང་བ་བརྟོལ་དུས།
མུན་ནག་ཆེན་མོའི་མིག་འབྲས་འགུལ་བཞིན་འདུག
༢༠༡༧ ༠༣ ༢༧

ཟླ་འོད་འོག་ནས་ཕ་ཡུལ་བལྟ་བ།
——འབྲི་བདེ་སྨྱུག (དངོས་མིང་། མཆོག་གསལ། ཕ་ཡུལ་ནག་ཆུ)
ཟླ་འོད་ཀྱིས་མི་སེམས་འགུལ་བའི་མཚན་མོར།
དྲན་གདུང་གི་དཔེ་ཆ་བསྐྱར་དུ་བཀླགས།
འདས་ཟིན་པའི་མི་ཚེ་ཡི་ཟིན་བྲིས།
ཤོག་ལྷེ་ཡི་ངོས་སུ་འཆར་སྐབས།
ས་འཛིན་འདིའི་ཕ་རོལ།
ཟླ་འོད་འདིའི་འོག་རོལ།
རྒྱང་རིང་གི་ཕ་ཡུལ།
དྲན་གདུང་གི་ན་ཟུག་ལྡང་བའི་མཚན་མོ་རེར།
ཟླ་འོད་ཀྱི་སེམས་པ་དེ།
ཕ་ཡུལ་གྱི་རི་ཆུ་ཡིན་ན།
གྲང་ཤུར་གྱི་འཚོ་བ།
མི་ཚེ་ཡི་སྡུག་བསྔལ་ཡིན་ན་འདོད།
ཕ་ཡུལ་གྱི་མཁའ་དབྱིངས།
དྭངས་གཙང་གི་ཟླ་འོད་འོག་ནས།
ཕ་ཡུལ་དུ་རྒྱང་བལྟ་ཐེངས་གཅིག་འཕངས་པས།
སེམས་པ་འདི་དུམ་བུ་རུ་གྱུར་སོང་།
མིག་ཆུ་དེ་སྙིང་ཁམས་སུ་ཟུག་སོང་།
བྱིས་དུས་ཀྱི་དགོད་སྒྲ།
ཡིད་ཀྱི་ངོས་སུ་ཝ་ལེར་ཤར།
མི་ཚེ་ཡི་བདེ་སྐྱིད་ལྡན་པའི་ལང་ཚོ།
ཁྱེད་དང་ལྷན་དུ་བསྐྱལ་རྒྱུ་ནི་ཕྲན་གྱི་རེ་འདུན།
ཟླ་འོད་འོག་ནས་ཕ་ཡུལ་དུ་ལོག་པས།
ཟིན་མི་སྲིད་པའི་དུས་ཚིད་ཟིན་ལ།
འཕྲད་མི་སྲིད་པའི་ཁྱེད་དང་ཕྲད།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།