རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག《དབེན་པའི་ནགས་ཀྱི་འཆར་ཡན》ཞེས་པ།

398

18254082_1399841590073337_737721643_n.jpg

 

རྩིག་པའི་ངོས་སུ་བྲིས་པའི་མེ་ལོང་དེ་འང་ཁྱེད་རང་མཐོང་ན་ངུ་བའི་ཆོ་ག་ལ།།

རྟག་ཏུ་སེམས་ཡོད་སེམས་མེད་ཀུན་ཀྱིས་ལྟ་བར་བྱེད་ཅིང་བདག་གིས་ཉིན་དང་མཚན་ལ་འང་།།

རབ་ཏུ་མ་ཕྱེས་ཤིན་ཏུ་བཙུམས་པ་མིན་པའི་མིག་གི་ཟུར་གྱིས་གང་ཞིག་མཚོན་སླད་དུ།།

གཡོ་མེད་ལྟ་བའི་དུས་ལ་ཉི་མའི་ཚ་ཟེར་སྒེའུ་ཁུང་དབུས་ནས་ཡལ་བ་མེད་པར་ཉལ།།

པི་ཝང་ལ་སྣུན་སོར་མོ་ཡིས།།

རྒྱུད་སྐུད་བདུངས་པའི་གྲིམ་ལྷོད་ཤུགས།།

ཅུང་ཟད་ཉམས་པའི་རི་ཁྲོད་དུ།།

གྲིབ་མ་དང་མ་དང་མཚུངས་མི་དེ་སུ།།

ཞོགས་པའི་བསང་དུད་ཀྱིས་སྤྲོས་པའི།།

རི་ལུང་སྨུག་པའི་ཁྲོད་ཟུག་པ།

ཤིན་ཏུ་གདུང་བའི་སེམས་ཀྱིས་ནི།།

འཁྲུལ་བས་མིག་གིས་ཁྱེད་ལ་ལྟ།།

གཞོགས་ཕྱེད་ས་ལ་ཕབ་པའི་ངང་།།

ངལ་བའི་འཇིག་རྟེན་གྱིས་གཅུན་པའི།།

སྐྱེ་བོ་གང་ཞིག་དུས་རྟག་ཏུ།།

སད་པ་མ་ཡིན་གཉིད་པའང་མིན།།

སྤྱིལ་ཆུང་དེ་ཡིས་དབེན་པ་མཛེས་བྱེད་པའི།།

ནང་དུ་ཡང་དག་འཇོག་གི་ཏིང་འཛིན་པ།།

དེས་ནི་ཁྱེད་ཀྱི་གྲིབ་མ་གཟུང་བ་ལ།།

རྩོམ་པའི་འདུ་བྱེད་དེ་ཡང་སྙིང་ལ་བྲེས།།

མཐོ་བའི་རི་དང་སྤྲིན་གྱི་ཚོགས་དག་ལྷན་ཅིག་འདུ་བའི་འབྲོག་དགོན་དེར།།

ཁྱེད་ནི་སྙིང་རྗེ་ལྡན་པའི་ལྷ་ལ་ཕྱག་གི་ཕྱིར་དུ་བགྲོད་བྱས་ཀྱང་།།

ས་ལ་དུད་པའི་མིག་འོད་དང་འགྲོགས་མུ་ཏིག་བསྟར་མཚུངས་མཆི་མ་ཡིས།།

ལམ་གྱི་གནས་སྐབས་གསལ་བོར་མཐོང་ལ་གེགས་ཀྱི་མཚན་མ་བསླེབས་པ་འདྲ།།

ཡིད་ཀྱི་སྒོ་དག་བསལ་བྱས་ནས།།

བདག་ནི་ཁྱེད་རྗེས་འབྲངས་པ་ལ།།

གཏི་མུག་ཚོགས་དག་སྤོང་མཛད་པ།།

ས་མཁན་དེ་ནི་ཁྱེད་ཡིན་ནམ།།

དཔྱིད་ཀའི་ལྗོན་པ་གང་གི་ཡལ་གའི་དཔུང་ཚོགས་མེ་ཏོག་ལྕིད་ཀྱིས་གནོན་པའི་ཚེ།།

བུང་བ་དག་གིས་གེ་སར་གསར་བའི་རོ་ལ་མཆུ་རྣོན་འཛུག་པའི་རྣམ་པ་ཡིས།།

སྲེད་པ་ལྡན་རྣམས་འགྲམ་པའི་ངོས་ལ་བ་སྤུ་མ་ལུས་གཡོ་བ་དེ་ཡང་ནི།།

དབེན་པར་གནས་པའི་གྲུབ་པར་གནས་ཀུན་བསམ་གཏན་ངང་ལས་སྐད་ཅིག་ཕྲལ་བྱེད་དོ།།

མཚོ་རུ་ཟླ་འོད་འདར་བ་ལ།།

ལག་པ་སྙོབ་པའི་འཁྲུལ་བ་ཡིས།།

ཡིད་ཀྱི་གླང་བོ་ངལ་བྱེད་པ།།

སེམས་དང་ལྡན་ཀུན་སྐྱོ་བའི་གནས།།

བདག་བདེ་ཕྱིར་དུ་འཚོ་བ་དེ་དག་དུས་ཀུན་རང་དོན་ཕྱིར།།

ཟགས་པའི་རྔུལ་ཆུས་བཅིངས་པའི་ལང་ཚོ་ཉམ་ངར་གྱུར་ཡང་རུང་།།

རང་གི་འདོད་ལ་བརྩོན་པ་ལྷོད་མིན་ངལ་བ་བསྟེན་པ་བཞིན།།

ནགས་ན་གནས་པ་གང་དག་རང་གི་འདོད་ལས་ལྡོག་མི་འགྱུར།།

བདག་ནི་རི་ལ་མངོན་པར་ཕྱོགས་པ་འདི་ཡིས་མཐུས།།

བྲག་གི་སྐྱིབས་སུ་འཚངས་པའི་སྨུག་པའི་ཁྲོད་དུ་ནི།།

ཁྱེད་ཀྱི་རྐང་རྗེས་ལྷ་ཡི་རི་མོ་མཚན་པ་ཅན།།

བསོད་ནམས་གསོག་སླད་ང་ཡི་མདུན་དུ་མཐོང་བར་རེ།།

  དེ་ཡི་སྒེའུ་ཁུང་དབུས་སུ་ནི།།

འཁྲིལ་བའི་བྱིན་རླབས་མ་རྙིང་བ།།

ནགས་ཀྱི་ལྷ་རྣམས་དགྱེས་པ་ལ།།

འཛུམ་པའི་མདངས་ཀྱིས་ཕྱུང་བ་འདྲ།།

དཀའ་ཐུབ་ལུས་ནི་ཕྲ་གྱུར་བའི།།

པདྨའི་སྐུད་པ་ལ་འཁྲུལ་ཞེས།།

ཁྱེད་ཕྱོགས་ལས་འོང་རླུང་བུ་ཡིས།།

སྐྱོ་བའི་མཆུ་སྒྲོས་འདར་གྱིན་སྨོས།།

ཀྱེ་མ་བསོད་ནམས་དམན་མིན་པའི།།

གང་གི་ལང་ཚོའི་ཨུཏྤལ་ལ།།

སྙིང་ལ་རིང་པོར་བསྲེལ་བ་དེས།།

ཁྱེད་ཉིད་ཡུན་དུ་གནས་པར་སྨོན།།

                    (མཇུག་མ་དྲིལ)
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།