
གསལ་བྱེད་སུམ་ཅུ་དང་ངའི་དོལ་པོའི་ཕྲུ་གུ་ཚོ།
ཀ་ཁ་ག་ང་།
མཆོད་བསྟོད་ཀྱིས་སྦར་བའི་མར་མེ་མིན།
ཁོ་ཚོར་གནང་རོགས།
ཅ་ཆ་ཇ་ཉ།
སྨོན་ལམ་གྱིས་སྒྲེང་བའི་དག་ཞིང་མིན།
ཁོ་ཚོར་སྐྱུར་རོགས།
ཏ་ཐ་ད་ན།
ཁེ་ཕན་གྱིས་གཅོད་པའི་བརྩེ་དུང་མིན།
ཁོ་ཚོར་ཁྲིད་རོགས།
པ་ཕ་བ་མ།
རང་རང་གིས་བསགས་པའི་ནག་ཉེས་མིན།
ཁོ་ཚོར་གཅེས་རོགས།
མར་མེའི་དག་ཞིང་།
བརྩེ་དུང་གི་ནག་ཉེས།
རེ་རེའི་སེམས་ཀྱི་ལྟེང་ཀ་རུ་མེར་ཞིང་།
རེ་རེར་ཟློས་པའི་གནས་བབ།
ཐུག་ཐུག་ལ་བཅོལ་རུང་།
ཨ་ལན་མེད་ལ་ཡ་ལན་མེད་པས།
གངས་རི་ར་བའི་སྐོར་བའི་ཞིང་ཁམས།
སེམས་ལ་སྐྱུར་ཞིག་ལང་སྟེ།
མཐའ་དམག་སུ་ལ་བྲེད་ཤ་ལངས།
ཙ་ཚ་ཛ་ཝ།
ཨ་མས་གྱེར་བའི་སྐྱབས་འགྲོ་ཡིན།
ཁོ་ཚོར་སྐྱོབ་རོགས།
ཞ་ཟ་འ་ཡ།
ཕན་ཚུན་གྱིས་གླེང་བའི་ལས་དབང་ཡིན།
ཁོ་ཚོར་དྲན་རོགས།
ར་ལ་ཤ་ས།
དབུས་ཀྱི་མཐའ་ཀློད་པའི་སྐྱོ་གར་ཡིན།
ཁོ་ཚོར་སྲུང་རོགས།
ཧ་ཨ།
རེ་སྒུག་གི་དྲིལ་བུ་རུ་སྨོན།
སྐྱབས་འགྲོ་ལས་དབང་།
སྐྱོ་གར་གྱི་རེ་སྒུག
རེ་རེའི་སེམས་ལ་ཤིག་ཤིག་འཚང་ཞིང་།
རེ་རེར་སྒུར་པའི་ལོ་ནག་ལ།
འཇིགས་པ་ཐམས་ཅད།
དྲན་དྲན་ལ་བསྐུར་རུང་།
ཕྱི་མིག་མེད་ལ་རྒྱང་ལྟ་མེད་པས།
གངས་རི་ར་བའི་སྐོར་བའི་ཞིང་ཁམས།
མ་ཆུང་ལ་སྡུག་ཅིག་ཐོགས་ཏེ།
མཐའ་དམག་སུ་ལ་མཐེ་བོང་ཀེར།
2014/12/2/-12-13