
@གཅན་རང་སད།
གཉུག་གཤིས་ཤེལ་དཀར་ཞུན་མའི་མཚོར།།
སྒྱུ་རྩལ་རླུང་གིས་རྣམ་གཡོ་བའི།།
སྙན་ངག་ཨུཏྤལ་རྒྱ་མོ་ཡིས།།
ཚོར་བའི་ངང་མོ་རྒྱུན་མར་བཅིངས།།
ཀུན་རྟོག་ནམ་མཁའི་ཁྱོར་མ་ན།།
ཚོར་བའི་རྒྱུ་སྐར་སྣ་ཚོགས་འཛུམ།།
རིགས་ཤེས་ཟླ་བ་གཅིག་པུ་ཡིས།།
ངག་རིག་གསེར་གྱི་ཀུན་ད་འབྱེད།།
@གཅན་མེ་སྟག
བདེན་པའི་ཟླ་བ་མེ་ལོང་གི།
དཀར་ཆ་དེ་དང་འགྲོགས་པ་ན།།
སྙན་ངག་རྡོ་ཡི་སྲ་མཁྲེགས་ཀྱིས།།
བདག་གི་མགོ་བོ་གཅོག་པ་ཉིད།།
@གཅན་རང་སད།
སྦང་མ་རྒྱབ་ཁལ་ལོངས་པ་ལས།།
བདུད་རྩིའི་ཐིགས་པ་གཞིབ་པ་ཉིད།།
ཚོར་བའི་འོ་མ་བསྲུབས་པ་ལས།།
ཡང་ཏིག་དོན་གྱི་མར་ལོ་འབྱུང་།།
མེ་ལྕེ་གྱེན་དུ་འབར་བ་ནི།།
བཟློགས་མེད་དངོས་པོའི་གཤིས་ལུགས་ཏེ།།
ཚོར་བའི་སྤྲིན་པ་མཐོར་འཕགས་ན།།
སྙན་ངག་དམ་པའི་ཆར་ཤ་སྦྲུམ།།
@གཅན་མེ་སྟག
ཤར་ལ་ཤར་གྱི་རི་རྩེ་ཞིག།
ནུབ་ལ་ནུབ་ཀྱི་ཆུ་ཕྲན་ཞིག།
ངམ་ངམ་འབར་རམ་ཆལ་ཆིལ་འབབ།།
སྙན་ངག་ལ་ནི་ཅི་ཞིག་མཁོ།།
@གཅན་རང་སད།
སྙན་ངག་འཚོ་བའི་བསྡུས་གཟུགས་ཏེ།།
སྲེག་བཅད་བརྡར་བའི་གསེར་གོང་ཉིད།།
རྐང་གདུབ་གཙུག་རྒྱན་གང་བཟོ་བ།།
བྱེད་པོ་རང་གི་མོས་པ་ཙམ།།
@གཅན་མེ་སྟག
ཁྱོད་ཀྱི་དེ་ལ་ཧ་ཅང་འཐད།།
ལ་ལས་སྙན་ངག་གཙུག་ཏུ་བཀུར།།
ལ་ལས་སྙན་ངག་བརྫི་བར་བྱེད།།
ང་ནི་སྐྱག་དྲི་དེ་ལ་དགའ།།
@རོང་བོ་དགེ་འདུན་ལྷུན་གྲུབ།
སེམས་འདི་གཡོ་འམ་གང་ལ་འཕྲད།།
ངག་དེ་འདར་རམ་རྒྱུ་ཅི་ཞིག།
ལུས་སྐྱེས་ཚོགས་དག་ལྷན་ཅིག་ཏུ།།
འཇིགས་ཤིང་བཤུམས་པ་ཅི་ཡིས་ནོངས།།
@གཅན་མེ་སྟག
གཡོ་ཞིང་གཡོ་བ་ཤིང་མ་རེད།།
འདར་ཞིང་འདར་བ་ངག་མ་རེད།།
ལུས་ནི་གཡོ་བ་སྡུག་བསྔལ་དང་།།
ངག་ནི་འདར་བ་ཉེས་པས་སོ།།
@གཅན་རང་སད།
རླུང་བུས་དར་ལྕོག་བསྒུལ་ལོ་ཞེས།།
བྱིས་པའི་ཚོགས་དག་ཅ་ཅོ་སྒྲོག།
དོན་ལ་རླུང་དང་དར་ལྕོག་གཉིས།།
མ་གཡོས་རྣམ་རིག་བསྐྱོད་པ་ཙམ།།
@གཅན་མེ་སྟག
རྣམ་ཤེས་གཡོ་བ་དར་འདྲ་སྟེ།།
མཛེས་མ་མཐོང་དུས་དེ་ལ་གཡོ།།
གསེར་དངུལ་མཐོང་དུས་དེ་ལ་གཡོ།།
མི་གཡོ་འདོད་པ་ཅི་སྟེ་འགྲུབ།།
@གཅན་རང་སད།
འཇིག་ཚོགས་ལྟ་བའི་གོ་ར་ན།།
ཕྲ་རྒྱས་ལྕགས་ཀྱི་ཁང་པ་ཡི།།
སྒོ་དྲུག་དག་ཏུ་རྒྱུ་བྱེད་པའི།།
མཇུག་མེད་སྤྲེའུས་སུ་མ་བསླུས།།
@གཅན་རང་སད།
རྩྭ་ཡི་ཁམ་ཟས་ལྷག་མར་བཅས།།
རི་དྭགས་གྲིབ་མ་འདར་བ་ནི།།
བརྩེ་བའི་རླུང་དང་འགྲོགས་པ་ཡི།།
དགའ་སྐྱོའི་ཇག་མདའ་ཕྲ་མོས་སོ།།
@རོང་བོ་དགེ་འདུན་ལྷུན་གྲུབ།
སིལ་སིལ་སྒྲ་དེས་དཀྲོགས་སམ་ཁྱེད་ཀྱི་ནགས།།
གཡོ་བཞིན་གཡོ་བཞིན་རབ་ཏུ་ངུ་བ་ནི།།
དྲང་སྲོང་བ་རྣམས་སྐྱོ་བའི་རྒྱུར་གྱུར་ནས།།
བརྟུལ་ཞུགས་ཇི་སྙེད་གང་དུ་བོར་རམ་ཀྱེ།།
@གཅན་མེ་སྟག
ཨེ་མ་ཨེ་མ་ང་ཡི་ནགས་ཚལ་ཅི་སྟེ་གཡོ།།
རི་དྭགས་ཚོགས་ཀྱང་འདྲོགས་སྟེ་བྱེར་བ་ཅི་ཡི་དོན།།
གང་ན་དྲང་སྲོང་གང་ན་སྐྱོ་བ་གང་ན་གང་།།
ཨ་རོ་ཨ་རོ་ང་ནི་རི་དྭགས་ང་ནི་ང་།།
@རོང་བོ་དགེ་འདུན་ལྷུན་གྲུབ།
གྲིབ་མ་དེའང་སེམས་དང་བཅས།།
ཁྱེད་ཀྱི་རྗེས་སུ་ཕྱོགས་པ་དེས།།
སྣང་བ་དེའང་རླུང་བུ་བཞིན།།
གང་ལ་འཁྲིད་པའི་གཞི་ཅི་ཞིག།
@གཅན་མེ་སྟག
མཛེས་མའི་རྗེས་སུ་སོང་བའི་མིག།
བརྒྱ་བྱིན་ལྕགས་ཀྱུས་འགུགས་མིན་ན།།
ལུས་ཀྱི་གྲིབ་དང་སྣང་བ་དེ།།
སུ་དང་གང་གིས་འགུག་བྱེད་དམ།།
@རོང་བོ་དགེ་འདུན་ལྷུན་གྲུབ།
རི་དྭགས་དེ་ནི་སྨུག་པའི་ཁྲོད་དུ་འམ།།
རྨི་ལམ་དུ་གྱུར་མེ་ལོང་ངོས་སུ་ནི།།
བྲོས་པའི་རྗེས་སུ་སྙེགས་པས་ངལ་བ་ལ།།
འཇིག་པ་མི་མངའ་གང་ཁྱེད་དགའ་བྱེད་བཞིན།།
@རྫ་སྐྱེས་ཕུར་བ།
དགའ་སྤྲོ་དེ་བཞིན་སྐྱོ་གདུང་དེ་བཞིན་ཏེ།།
ལས་ཀྱི་ཁ་བ་ཞི་ཞིང་ཆུ་རུ་འཐིམ།།
ཆུ་ནི་མི་མཐོང་རྡུལ་ཕྲན་དག་ལ་འཐིམ།།
རྡུལ་ཕྲན་དག་ཀྱང་སྟོང་བའི་རླབས་ལ་འཐིམ།།
སྟོང་བའི་རླབས་ནི་གང་དུ་འཐིམ་མམ་ལགས།།
@གཅན་མེ་སྟག
སེམས་ལ་སེམས་འདྲེས་འཇིག་རྟེན་སྐྱིད་ལ་རོལ།།
རྐང་ལ་རྐང་འདྲེས་མི་ཚེ་ལས་ཀྱིས་བསྐྱལ།།
ལས་དང་སེམས་ཀྱིས་མྱོང་བ་སྟོང་ལགས་ན།།
སྟོང་བར་གྱུར་བའི་འཇིག་རྟེན་སུ་ཡིས་སྐྱོང་།།
@རྫ་སྐྱེས་ཕུར་བ།
སྨུག་པའི་ཤམ་བུ་གཡོ་ཚུལ་ལ།།
བལྟས་ན་བུ་མོ་ཞིག་ཡིན་འདྲ།།
སྒྱུ་མའི་གྲུ་རྫིངས་འགུལ་སྟངས་ལ།།
བསམ་ན་ལྷ་མོ་དེ་ཡིན་འདྲ།།
སྟོང་བའི་ཚུལ་དེ་མ་ངེས་པས།།
གཅན་བུ་མེ་སྟག་ལ་བྲིས་སོ།།
@གཅན་མེ་སྟག
སྟོང་བ་ཡིན་པ་ཤེས་བཞིན་དུ།།
མཛེས་མ་རིག་ན་འདོད་ཆགས་སྐྱེས།།
ལྷ་མོ་མི་མོ་གང་ཡིན་རུང་།།
སྟོང་རུང་ཅིག་གིས་ལས་ན་འདོད།།
@རྫ་སྐྱེས་ཕུར་བ།
བདེན་ནོ་ཚུལ་དེ་མྱོང་བར་ཐུག།
བཤད་ན་དེ་ནི་སྟོང་བར་ཐུག།
གང་ལྟར་མཐོང་ན་ཟ་འདོད་སྐྱེས།།
དཔེར་ན་ཁམ་བུ་སྨུག་ཆུང་བཞིན།།
ཆུ་ནི་ཅིའི་ཕྱིར་ཆུ་ཡིན་པ།།
དངོས་སྟོབས་རིགས་པས་མ་ཤོད་སྐད།།
དེའི་ཕྱིར་ཆོས་གྲགས་སོགས་ཀྱིས་ཀྱང་།།
གྲགས་པའི་རྟགས་ཉིད་ལོགས་སུ་བཞེད།།
དེ་ཙམ་གྱིས་ཀྱང་མ་ཤོད་རབ།།
འོན་ཀྱང་རྟོག་རྩལ་འཕྲུལ་གྱི་བུ།།
སྙན་ངག་མཁན་གྱི་ཤོད་ལེ་ཡོད།།
དཔེར་ན་གཅན་བུ་མེ་སྟག་བཞིན།།
དཔེར་ན་ནག་མོ་ཁོལ་ལགས་བཞིན།།